དཔྱད་རྩོམ་ཚངས་པའི་ཐིག་རིས།
 
༢༠༡༠ལོའི་བོད་ཀྱི་སྒྲུང་གཏམ་ལ་འཁྱུག་ཙམ་ལྟ་བ།
སྤེལ་དུས། 2012-05-10    ཡོང་ཁུངས་།    རྩོམ་པ་པོ། བདུད་ལྷ་རྒྱལ། ལན་གྲུ།

        ༢༠༡༠ལོའི་སྒྲུང་གཏམ་གྱི་འཕེལ་རྒྱས་དེ་རྩོམ་རིག་གི་ཕྱི་ངོས་ནས་བཤད་ན་གསར་བྱུང་རྩོམ་པ་པོ་མང་བོ་ཞིག་བྱུང་བ་དང༌།   དེར་མ་ཟད།   ལ་ལའི་རྩོམ་གྱི་ཆུ་ཚད་དངོས་གནས་མཐོ་ས་རུ་སོན་འདུག་པ་ཞིག་རེད།   མོག་ཆུང་ཕུར་ཁོ་ནི་སྔོན་ཡང་རྩོམ་རེ་གཉིས་འབྲི་མཁན་ཞིག་ཡིན་པས་རྩོམ་པ་པོ་གསར་བ་མིན་ཡང༌།   ད་ཆ་ཁོའི་གསར་རྩོམ་ལ་མཐོ་རླབས་འཕྱུར་རྒྱུའི་སྔ་ལྟས་འདུག    ཁོའི་སྒྲུང་གཏམ་གསར་རྩོམ་གྱིས་བོད་ཀྱི་སྒྲུང་གཏམ་ལ་སྔར་མེད་པའི་མཛེས་པ་ཞིག་བསྣན་ཡོད་དེ།   ཁོའི་སྒྲུང་གཏམ་ལ་འཆམ་མཐུན་དང་ཞི་དུལ་གྱི་མཛེས་པ་ཉམས་དགའ་བ་ཞིག་འདུག     བོད་ཀྱི་སྒྲུང་གཏམ་གསར་བའི་དབུ་ཚུགས་ནས་ད་བར་དུ་ལོ་ངོ30ལྷག་གི་ལོ་རྒྱུས་ཡོད་པས་བོད་རྩོམ་དེ་ཡང་ད་ལྟ་སྣ་མང་ཕུན་ཚོགས་ཤིག་ཡིན་ན་འགྲིག     ནམ་ཡང་སུན་འབྱིན་དང་ཐེར་འདོན་དགག་རྒྱག་ཡིན་ན་དངོས་གནས་སུན་སྣང་སྟེར་བ་ཞིག་རེད།   མོག་ཆུང་ཕུར་ཁོའིལམ་གྲོགསདངའབྲོག་ཕྲུག་དང་ལུ་གུའི་གཏམ་རྒྱུདགཉིས་ཀྱིས་སུན་འབྱིན་བྱེད་པ་བསྐྱུར་ཞིང༌།   སྤྱི་ཚོགས་ཀྱི་གནད་དོན་ཚུར་སྣང་བྱ་བ་ཡང་བསྐྱུར་ཏེ།   རྩོམ་གཉིས་ཀྱིས་མི་དང་མིའི་བར་གྱི་འཆམ་མཐུན་གྱི་འབྲེལ་བ་དང་མི་སེམས་ཀྱི་དགེ་བ་མཚོན་པར་བྱས་འདུག    དེ་ལས་ཀྱང་གལ་ཆེ་བ་ནི་རྩོམ་གཉིས་ཀྱི་མཚོན་སྟངས་ལ་བསམ་བློ་དམིགས་སུ་བཟུང་ནས་དེ་ཉིད་འབུར་ཐོན་གྱིས་མཚོན་པ་ལྷུར་བླངས་པ་མེད་པར།   རྩོམ་གྱི་བསམ་བློ་འཚོ་བའི་ཁྲོད་དུ་བཀྲམ་ནས་ཡོད་ཅིང༌།   རྩོམ་གྱི་བསྟན་དོན་རྩོམ་ནང་མངོན་ཆུང་གི་ཚུལ་གྱིས་གནས་པ་དེ་ཡིན།   འདི་ནི་བོད་ཀྱི་སྒྲུང་གཏམ་གསར་རྩོམ་དེ་ལྟ་འགྲེལ་ཞིག་ལས་ཐར་མི་ཐུབ་པའི་ཆ་ནས་བཤད་ན་ཐོད་བརྒལ་ཞིག་རེད།   རྩོམ་གྱི་མཛེས་རྟོག་གི་ཆ་ནས་བཤད་ན་མོག་ཆུང་ཕུར་ཁོའི་རྩོམ་འདི་གཉིས་བོད་ཀྱི་སྒྲུང་གཏམ་གྱིས་གནད་དོན་སུན་འབྱིན་གཙོར་བྱས་པའི་དགག་པའི་མཛེས་པ་ལྷུར་ལེན་པའི་མཛེས་རྟོག་གི་ལྟ་བ་དང་མི་མཚུངས་པར།   འདིས་ཞི་བ་དང་འཆམ་མཐུན་གྱི་མཛེས་པ་ལྷུར་ལེན་པ་ནི་མཛེས་རྟོག་གི་ཐོད་བརྒལ་ཞིག་ཡིན།   རྩོམ་རིག་གི་སྤྱི་ཚོགས་རིག་པའི་རིན་ཐང་གི་ཆ་ནས།   འདི་འདྲའི་རྩོམ་གྱི་བསམ་བློའི་རང་བཞིན་ལ་དོན་སྙིང་ཆེན་པོ་ཡོད་པ་མི་མཐོང་ཡང༌།   རྩོམ་རིག་གི་སྒྱུ་རྩལ་མཛེས་རྟོག་རིན་ཐང་གི་ཆ་ནས་སྨྲས་ན།   མོག་ཆུང་ཕུར་ཁོའི་རྩོམ་གྱིས་བོད་ཀྱི་སྒྲུང་གཏམ་གསར་བའི་གནས་སྟངས་ལ་སྔར་མེད་ཀྱི་བཀྲག་མདངས་ཤིག་བསྣན་ཡོད་པ་སུས་ཀྱང་བསྙོན་དུ་མེད།   རྩོམ་གྱི་བསམ་བློའི་ནང་དོན་དང་བསམ་བློའི་མཛེས་པའི་ཆ་ནས་པདྨ་ཚེ་བརྟན་གྱིརྩྭ་ཐངཡང་ཕལ་ཆེར་གོང་དང་མཚུངས་པར།   རྩོམ་གྱིས་མི་སེམས་ཀྱི་མཛེས་སྡུག་དང་མི་སེམས་ཀྱི་དགེ་བ་ཞིག་མངོན་པར་མཚོན་འདུག  འདི་ནི་རྩོམ་པ་པོ་ཁོའི་གསར་རྩོམ་ལོ་རྒྱུས་ཀྱི་ཆ་ནས་ཐོད་བརྒལ་ཞིག་སྟེ།   ཁོའི་རྩོམ་གཤིས་དེ་སྤྱིར་ན་སྐྱ་བོ་སྐྱོ་སྣང་བློ་ཕམ་ཞིག་ཡིན་པ་ལ།   རྩྭ་ཐངགི་སྤྱིའི་བསམ་བློའི་ཆ་ན་འོད་སྣང་དང་ཚོན་མདངས་ལྡན།   ཡིན་ནའང༌།   ལྷུག་རྗོད་བྱེད་སྟངས་ཀྱི་ཐད་ན་འགལ་བ(བརྗོད་བྱའི་ཆ)ཞིག་དང་གྲིམ་ཤ་ཞིགའཐེན་འཁྱེར་ཞིག་ཡོད་པ་འདི་རྩོམ་གྱི་བསམ་བློའི་བསྟན་དོན་དུ་གྱུར་པའིདགེ་སེམས དང་ཁ་འཕྲོད་པ་ཞིག་ཏུ་མི་འདུག་སྙམ།   འདི་མོག་ཆུང་ཕུར་ཁོའི་རྩོམ་གྱིས་དགེ་སེམས་མཚོན་པ་དང་རྩོམ་རང་ཞི་བ་ལྷོད་འཇགས་ཀྱིས་གྲུབ་པའི་ཕྱི་ནང་དོ་མཉམ་གྱི་ངང་ཚུལ་དང་ཡང་ཅུང་ཟད་མི་འདྲ།   མདོར་ན་རྩོམ་ཉམས་དང་རྩོམ་གྱི་བསམ་བློའི་བསྟན་དོན་ཆུ་ལ་ཆུ་བཞག་ལྟ་བུའི་ནང་དོན་དང་རྣམ་པ་གཉིས་གཉིས་མེད་ཟུང་འཇུག་ཏུ་འོང་ཐུབ་མེད་སྙམ།   འདི་ནི་བརྩམས་ཆོས་རང་ཉིད་མ་གཞི་རྩོམ་རིག་འཁྲབ་གཞུང(འཁྲབ་གཞུང་ལ་འགལ་བ་ངེས་པར་དུ་མཁོ)ཞིག་ཡིན་པའི་སྟབས་ཀྱིས་ཡིན་རྒྱུ་རེད་སྙམ།  
    
ལོ་དེའི་དགུན་ཁཡི་རྩོམ་པ་པོ་འབྲོང་ཕྲུག་ལྷ་ཆེན་རྒྱལ་ཡང་རྩོམ་པ་པོ་གསར་བའི་གྲས་ཏེ།   སྙན་ངག་པ་སྔོན་ནས་ཡིན་ཡང༌།   སྒྲུང་གཏམ་གསར་རྩོམ་ལ་འཇུག་པ་ཐོག་མ(2005ལོར་སྒྲུང་ཐུང་ཞིག་བྲིས་ཡོད)ཡིན་ངེས།   རྩོམ་དེའི་ཆེས་མཛེས་པ་སྒྲུང་གཏམ་གྱི་སྐད་ཆ་རེད།   ད་སྔ་ཡན་ཆད་དུ་ང་ཚོས་རྩོམ་རིག་གི་སྐད་ཆ་ཞེས་མང་དུ་ལབ་ལ།   བརྩམས་ཆོས་མང་བོ་ཞིག་གི་སྐད་ཆ་ལ་ཁྱད་ཆོས་ཡོད་ཅེས་མང་དུ་བཤད་མྱོང་ཡང༌།   སྐད་ཆའི་ཁྱད་ཆོས་དེ་དག་ལས་མང་བོ་ཞིག་དོན་གྱིས་རྩོམ་རིག་གི་སྐད་ཆ་སྤྱིའི་ཁྱད་ཆོས་རེད།   དཔེར་ན།   ཡང་དག་གནད་སྨིན་མིང་གསར་ཐོན་པ་སོགས་ཀྱི་ཁྱད་ཆོས་ལྟ་བུ།   དེ་བས་བོད་ཀྱི་སྒྲུང་གཏམ་གྱི་སྐད་ཆ་ལ་ཐུན་མིན་རང་གཤིས་ཡོད་པ་དང༌།   སྐད་ཆའི་ཆ་ནས་རྩོམ་གཞན་དང་མི་འདྲ་བ་ཉུང་ཉུང་རེད།   ངས་བསམས་ན་ང་ཚོས་དུས་རྒྱུན་དུ་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ལོ་ཞེས་སྨྲ་བཞིན་ཡོད་ཀྱང༌།   ང་ཚོའི་སེམས་ཀྱི་གཏིང་རིམ་ན་རྩོམ་རིག་གི་སྐད་ཆ་ལ་གོ་ས་ཆེན་པོ་བཞག་མེད་པར།   གོ་ས་ཆེན་པོ་དེ་རྩོམ་གྱི་བསམ་བློའི་ནང་དོན་གཅིག་པོའི་སྟེང་བཞག་འདུག་སྙམ།   དེ་བས་ན་ད་ལྟའི་བར་དུ་སྒྲུང་གཏམ་གྱི་སྐད་ཆ་ལ་མཛེས་པ་ཆེ་ཆེར་མངའ་བའམ།   ཡང་ན་ཐུན་མིན་རང་གཤིས་ཡོད་པའི་བརྩམས་ཆོས་ཉུང་ཚོད་དུ་འདུག
   
དེའི་སྒོ་ནས་བཤད་ནལོ་དེའི་དགུན་ཁཡིས་སྒྲུང་གཏམ་གྱི་སྐད་ཆའི་ཐད་ནས་བོད་རྩོམ་ལ་ཐོད་བརྒལ་ཐོག་མ་བཟོས་སོང༌།   སྙན་ངག་པ་ཞིག་སྒྲུང་གཏམ་པ་རུ་གྱུར་པའི་ཆ་ནས།   སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་ཉེ་བའི་ལོ་འགའི་རིང(2008ལོ་ནས་བཟུང)སྒྲུང་གཏམ་དུ་མ་སྤེལ་ཡོད་ཀྱང༌།   ཁོ་ནི་གསར་བྱུང་རྩོམ་པ་པོའི་གྲས་སུ་བགྲང་ཆོག    དེར་མ་ཟད།   ཁོའི་སྒྲུང་གཏམ་སོ་སོ་ཡོངས་ཁྱབ་ཀྱི་སྒྲིག་གཞིའི་ཆ་ནས་དོ་མཉམ་པ་ཞིག་དང༌།   ངོས་གཙང་བ།   ལྷག་མ་མེད་པ།   གཞུན་པོ་ཞིག་ཏུ་འཇུག༢༠༡༠ལོའིརྡུལ་འཚུབ་ཁྲོད་ཀྱི་འབོད་པཡང་དེ་ལྟ་བུ་ཞིག་རེད།   རྩོམ་ལ་སྤྱིར་དུས་རབས་གསར་བའི་ནང་གི་གཞོན་ནུ་འདུན་མ་ཅན་གྱི་ལང་ཚོའི་ཟིལ་ཤུགས་དང༌།   དུས་རབས་ཀྱི་དགོངས་པ་ (时代精神)མཚོན་པའི་བློས་བསླངས་ཡོད།   གཞོན་ནུ་ཞིག་འདུན་མས་བསླངས་ནས་གྲོང་ཁྱེར་དུ་བསླེབས་པ་དང།   འབད་འབུངས་བརྒྱུད་ནས་གྲུབ་འབྲས་ཐོབ་པ།   མཐར་ཉམས་དམས་སུ་གྱུར་པའི་བརྒྱུད་རིམ་གྱིས་དངོས་སུ་ནས་དུས་རབས་གསར་བའི་ནང་གི་གཞོན་ནུ་དག་གི་བསམ་བློའི་གཤིས་ཀ་མཚོན་ཐུབ་པར་མ་ཟད།   དེ་བརྒྱུད་ནས་དུས་རབས་ཤིག་ཀྱང་མཚོན་ཐུབ་པ་གདོན་མི་ཟ།   འདི་ནི་བསྟན་བྱའི་ནང་དོན་རྒྱ་ཆེན་པོ་ཞིག་རེད།   ནང་དོན་རྒྱ་ཆེན་པོ་འདི་འདྲ་སྤྱིར་སྒྲུང་ཐུང་ཞིག་གིས་མཚོན་དཀའ།   མཚོན་པར་འབད་པའི་དབང་དུ་བཏང་ཡང་རྩོམ་དེ་མཐར་རགས་པ་སྤྱི་ཞིག་ལས་འདའ་དཀའ།   ཏག་ཏག་རྩོམ་འདི་བརྒྱུད་རིམ་གསལ་ལ་བློ་འགུགས་པ་ཞིག་ཏུ་སྣང་ཡང༌།   མཐར་དོན་རགས་པ་ཞིག་བསྟན་པ་ཉིད་ལས་མི་སྣའི་སེམས་ཁམས་སུ་འཇུག་ཐུབ་མེད་ལ།   མི་སྣའི་གཤིས་ཀ་ཡང་གསོན་ཉམས་ལྡན་ལ་སྙིང་སྟོབས་ཀྱིས་བརྒྱངས་པ་ཞིག་ཏུ་འོང་མི་འདུག་སྙམ།   སྙན་ངག་པ་ཡང་ཡིན་ལ་སྒྲུང་གཏམ་པ་ཡང་ཡིན་པ་སྐྱབས་ཆེན་བདེ་གྲོལ་རེད།   ཁོ་ནི་བོད་ཀྱི་སྙན་ངག་དང་སྒྲུང་གཏམ་གཉིས་ཆར་ནས་ལག་རྗེས་ཡོད་པའི་རྩོམ་པ་པོ་ཞིག་རེད།   དེ་བཞིན་གཉིས་ཆར་ནས་ཀློག་བདེ་བོ་མིན་པའི་རྩོམ་པ་པོ་རིགས་གཞན་པ་ཞིག་ཀྱང་རེད།   ང་ལ་མཚོན་ན་སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་གཏམ་ཁོའི་སྙན་ངག་ལས་ཅུང་ཀློག་བདེ་བོ་ཞིག་དང༌།   ཁོའི་ཚིགས་བཅད་སྙན་ངག་རང་མོས་སྙན་ངག་ལས་ཀློག་སྤྲོ་བོ་ཞིག་རེད།   ཁོའི་སྒྲུང་གཏམདུས་ཆདནི་རྩོམ་ཆེས་ལེགས་པོ་ཞིག་ཏུ་མཐོང༌།   ཁོའི་སྒྲུང་གཏམ་ལ་སྤྱིར་དེང་དུས་ཀྱི་འགྱུར་བའམ་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐྱོ་གདུང་གི་བསམ་པ་འཆང་བ་དང༌།   དེང་གི་མི་ཡུལ་གྱི་འཚོ་སྟངས་ལ་བློ་ཕམ་པའི་སྐྱོ་ངལ་གྱིས་ཁྱབ་འདུག    ཕྱི་གླིང་རྩོམ་རིག་དང་སྦྱར་ཏེ་བཤད་ན།   ཁོའི་རྩོམ་ལ་དེང་རབས་རིང་ལུགས་པའི་བསམ་བློའི་ཁྱད་ཆོས་འདུག་སྙམ།   ཁོའིམེ་འཁྱག་པཀློག་བདེ་མོ་ཞིག་མིན་ཡང༌།   རྩོམ་ནང་གི་མི་སྣ་གཙོ་བོ་སྐྱོ་སྐྱོ་ཡི་རང་སྟེང་གི་དོན་དག་ལ་ཡིད་ཚིམས་པོ་དགའ་འོས་པ་ཞིག་མེད་ལ།   ཕྱི་རོལ་ཡུལ་ལམ་ཁོར་ཡུག་གིས་ཀྱང་སྐྱོ་སྐྱོ་ལ་བློ་ཕམ་གྱི་དོན་བྱ་བློ་ཡུལ་ལས་འདས་པ་ཏག་ཏག་ལས་ཡིད་སྤྲོ་བའི་ལས་ཤིག་སྦྱིན་མེད།   འདི་ལྟའི་འཚོ་གནས་ཀྱི་ཉམས་དམས་ནི་ཁོའི་སྒྲུང་གཏམ་གྱི་རྒྱུན་གྱི་བསམ་བློའི་དབྱངས་རྟ་གཙོ་བོ་ཞིག་རེད་སྙམ།  
    
དེང་རབས་རིང་ལུགས་ཀྱི་བསམ་བློའི་ངང་ཚུལ་དང་ལྡན་པའི་རྩོམ་ལ༢༠༡༠ལོར་ད་དུང་ཀླུ་འབུམ་ཚེ་རིང་གིལག་འཁྱེར་ཁ་པརཡོད།   རྩོམ་འདིའི་མཚོན་ཐབས་སྟབས་བདེ་མོ་ཞིག་དང༌།   ལྷུག་བརྗོད་ཀྱང་དྭངས་གསལ་ཞིག་ཡིན་པས།   རྩོམ་འདིའི་བརྗོད་སྙིང་ངོས་འཛིན་སླ།   ཆེ་ས་ནས་བཤད་ན་འདིས་ཀྱང་དེང་གི་འཚོ་གནས་ཀྱི་གནད་དོན་ཞིག་སྟེ།   བློ་བདེ་བག་ཕེབས་ཀྱི་འཚོ་སྟངས་བོར་བའི་ཚུལ་དེ་བསྟན་ཡོད།   ཡིན་ཡང་རྩོམ་ཧྲིལ་བོའི་ཉམས་ཀྱི་ཆ་ནས་དང་འབྲི་ཐབས་ཀྱི་ཆ་ནས་རྩོམ་གྱི་བསམ་བློ་དང་ཁ་འཕྲོད་ཅིང་རྗེས་མཐུན་པ་ཞིག་ཏུ་ད་དུང་འོང་མེད་སྙམ།   འདིའི་ཐད་ནས་སྐྱབས་ཆེན་བདེ་གྲོལ་ལ་དགེ་མཚན་ཡོད་པ་འདྲ།   བསམ་བློའི་ནང་དོན་གྱི་ངོ་བོའི་ཆ་ནས་བཤད་ན།   གོང་གི་སྒྲུང་གཏམ་དེ་དག་ལས་ཕལ་ཆེ་བས་སྤྱི་ཚོགས་ལ་གདོང་ཐད་ཀར་དུ་གཏོད་པ་ལས་ཅུང་བཀྱེད་དེ།   འཚོ་གནས་ཀྱི་གནད་དོན་ཞིག་ལ་གདོང་གཏད་ནས་ཡོད།   དེ་བས་དེ་དག་གི་རྩོམ་རིག་གི་རིན་ཐང་ཡང་སྤྱི་ཚོགས་རིག་པའི་སྟེང་ན་མེད་པར།   རིག་གནས་རིག་པའམ་ཡང་ན་གཟུགས་འདས་རིག་པའི་སྟེང་ན་ཡོད།   རིན་ཐང་འདི་བོད་ཀྱི་ཀློག་པ་པོ་བྱིངས་ལ་མཚོན་ན་ཅུང་ཟད་གོམས་ལོབས་སུ་མ་གྱུར་པ་ཞིག་ཡིན་ངེས།   རྒྱུ་མཚན་ནི་ང་ཚོ་སྤྱི་ཚོགས་དང་ཐད་ཀར་འབྲེལ་བའི་བརྗོད་བྱ་དང༌།   རྩོམ་རིག་གི་སུན་འབྱིན་དང་དགག་རྒྱག་གི་བྱེད་ནུས་ལ་གོམས་ལོབས་སུ་སོང་ནས་ཡོད་པས་སོ།     
    
དེའི་ཆ་ནས་བཤད་ན།   གཤམ་གྱི་རྩོམ་འདི་དག་ནི་ང་ཚོ་ལ་མཛའ་ཉེ་འབྱུང་བའི་རྩོམ་དག་ཡིན་པར་གདོན་མི་ཟ།   ཐོག་མར་ལྷ་བྱམས་རྒྱལ་གྱིལམ་གྱི་ཉི་འོདཀྱིས་ང་ཚོའི་མིག་སྔར་དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་རྣོ་ངར་ཅན་ཞིག་བསྟན་ཡོད་དེ།   ལྷ་མཛེས་དང་ཕུན་རྣམ་གྱི་བརྩེ་དུངས་ཀྱི་གེགས་དེ་བསམ་བློ་རྙིང་བ་དང་གོམས་གཤིས་ངན་པ་ལས་བྱུང་བ་ཞིག་མིན་ལ།   ཁོ་གཉིས་ཀའི་གཤིས་ཀ་དང་ལས་དབང་ལས་བྱུང་བ་ཞིག་ཀྱང་མིན་པར།   དེ་ནི་འཚོ་སྡོད་ཀྱི་གནད་དོན་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གིས་བསྐྱེད་པའི་གཏོལ་མེད་ཀྱི་སྐྱོ་གར་ཞིག་ཡིན་པར་བསྟན་འདུག
   
སྒྲུང་གཏམ་འདིས་བོད་ཀྱི་བརྩེ་དུངས་སྒྲུང་གཏམ་ལ་ཐོད་བརྒལ་ཆེན་པོ་བྱས་འདུག   རྩོམ་འདིས་བརྩེ་དུངས་བརྗོད་ཡོད་པར་མ་ཟད།   བརྩེ་དུངས་ཀྱི་གཏམ་རྒྱུད་བརྒྱུད་ནས་བོད་ཀྱི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གནད་དོན་གསར་བ་ཞིག་སྟེ།   འཚོ་སྡོད་ཀྱི་གནད་དོན་ཉིད་འབུར་ཐོན་དུ་མཚོན་པར་བྱས་འདུགབསྟན་དོན་འདི་ཁོའི་སྒྲུང་གཏམ་ཕལ་ཆེ་བའི་རྩ་བའི་བསམ་བློ་ཞིག་རེད།   ཁོའིདབྱར་རྩྭ་དགུན་འབུལ་འདི་ལྟའི་བསམ་བློའི་ཆ་ཡོད་ལ།   ཁོའིགྲིབ་གཟུགས་ཁྲོད་ཀྱི་མི་ཚེལའང་འདི་འདྲའི་བསམ་བློའི་ཆ་མཆིས།   ཁོ་ནམ་ཡང་ཕུགས་བསམ་དང་འཆར་ཡན་གྱི་དབངོ་དུ་མི་འགྲོ་བར།   སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་ལ་མི་གཡོལ་བར་འཚོ་སྡོད་ཀྱི་གཏོལ་མེད་ཀྱི་གནས་སྟངས་ཐད་ལ་ཁོའི་སྨྱུག་ཁ་བབས་ཏེ་དེ་ཉིད་མཚོན་པར་བྱེད་པ་ཞིག་རེད།   དེ་བས་ཁོའི་རྩོམ་མང་བོ་ཞིག་ལ་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་སྟུག་པོ་ལྡན།   དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཞེས་པ་དེ་དངོས་ཡོད་ཀྱི་གནད་དོན་རྣོ་ངར་ཅན་བརྗོད་པ་ཙམ་གྱིས་མི་ཆོག་པར།   གནད་དོན་ལ་ཉོག་འཛིང་གི་ངོས་ནས་ལྟ་ཐུབ་པའམ་ཉོག་འཛིང་དུ་ལྟ་ཐུབ་པ་ཞིག་དགོས་པ་ཡིན།   བོད་རྩོམ་མང་བོ་ཞིག་གིས་སྤྱི་ཚོགས་ཀྱི་གནད་དོན་བྲིས་ཡོད་ཀྱང༌།   གནད་དོན་དེ་ཉིད་མི་རེ་འགའ་ཞིག་གི་བློས་བཟོས་པའམ་རྐྱེན་བྱེ་བྲག་པ་ཞིག་གིས་བཟོས་པའི་ཚུལ་དུ་བྲིས་པ་དེ་དག་ལ་ངས་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཡོད་པར་མི་འདོད།   དངོས་ཡོད་ཀྱི་གནད་དོན་དེ་ཉིད་འགལ་བ་ཉོག་འཛིང་ཅན་ཞིག་གི་ངོར་གནས་པ་དང༌།   དེ་ཉིད་གཏོལ་མེད་ཅིག་ཏུ་འབྲི་ཐུབ་ན་ད་གཟོད་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཡོད་ཅེས་བཤད་ཆོག་སྙམ།   འགར་རྩེ་འཇིགས་མེད་ཀྱིང་ཡི་སང་ཉིནཡང་ཕལ་ཆེར་དེ་འདྲ་རེད།   རྩོམ་གྱི་མཇུག་ན་སེམས་ཁྲལ་ཆེན་པོས་ཀུན་ནས་བསླངས་ཏེ་བསྟན་པ་རྣམ་དག་ཅིག་དར་བར་གདུང་འབོད་བྱས་པ་དེས་རང་ཉིད་ཀྱི་ལངས་ཕྱོགས་གསལ་བར་བསྟན་ཏེ།   རྩོམ་གྱི་གཟུ་བོའི་རང་བཞིན(客观性)ལ་དམའ་ཅུང་ཕབ་འདུག་ཀྱང༌།   རྩོམ་དངོས་གཞིའི་འགལ་བའི་འཕེལ་རིམ་དེ་སྤྱིར་དངོས་ཡོད་འཚོ་བའི་གཏན་ཚིགས་ཀྱི་དབང་དུ་བྱས་ནས་ཡོད་ལ།   དེའི་ཁྲོད་ཀྱི་ཆོས་འཇིག་རྟེན་གཉིས་ཀྱི་འགལ་བ་ལ་དཔེ་མཚོན་རང་བཞིན་ཡང་ཡོད།   འགལ་བ་གང་ཡང་བློས་བཟོས་པའི་འགལ་བ་ལྟར་སྣང་བ་ཞིག་མིན་ལ།   འགལ་བའི་ཐག་གཅོད་ལ་སླ་ཆོས་སུ་བྱས་པའང་མེད་པས།   རྩོམ་འདི་མཐོང་དཀོན་པའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་ལེགས་པོ་ཞིག་རེད་སྙམ།   ལྷ་བྱམས་རྒྱལ་གྱིལམ་གྱི་ཉི་འོདཀྱིས་བོད་ཀྱི་བརྩེ་དུངས་སྒྲུང་གཏམ་ལ་ཐོད་བརྒལ་བྱས་ཡོད་པ་ཡིན་ན།   འགར་རྩེ་འཇིགས་མེད་ཀྱིང་ཡི་སང་ཉིནགྱིས་བོད་ཀྱི་ཆོས་ལུགས་སྒྲུང་གཏམ་ལ་ཐོད་བརྒལ་བྱས་འདུག
   
གཡང་མཚོ་སྐྱིད་ནི་ང་ཚོས་ཡུན་རིང་རེ་སྒུག་བྱས་པའི་རྩོམ་པ་པོ་ཞིག་ཡིན་པ་ལ།   ༢༠༡༠ལོའི་མོའིརྩྭ་ཐང་གི་ཉིན་ཐོཡིས་ང་ཚོའི་རེ་བ་རེ་ཞིག་བསྐངས།   སྔར་བཞིན་ཁྱད་མཚར་ཅན་གྱི་སྒྲུང་གཏམ་གྱི་སྐད་ཆ་སྟེ།   གཏམ་དཔེ་ཡག་པོ་དག་གིས་སྒྲུང་གཏམ་ལ་མཛེས་པ་མི་དམན་པ་ཞིག་བཞག་ཡོད།   རྩོམ་ལས་བསྟན་པའི་བུད་མེད་ཀྱི་གནད་དོན་ནི་སྔོན་གྱི་གནད་དོན་དང་མི་འདྲ་བའི་ཉེན་ཁ་གསར་བ་ཞིག་ཡིན་པས།   རྩོམ་གྱི་བསམ་བློ་ལ་སྔོན་མའི་རྩྭ་ཐང་གི་ཉིན་ཐོདང་མི་འདྲ་བའི་ཁྱད་ཅུང་ཟད་ཡོད་ཀྱང༌།   དེ་ཉིད་མཚོན་ཐབས་ལ་རྩོམ་སྔོན་མ་དང་མཚུངས་པར་མི་སྣའི་ཁ་བརྡ་བརྒྱུད་ནས་བྲིས་པ་ཤས་ཆེ་བས།   སྤྱི་ཁྱབ་ནས་བཤད་ན་ཐོད་བརྒལ་གྱི་ཆ་ཆེན་པོ་ཡོད་པ་མཐོང་མི་ཐུབ་སྙམ།   རྩྭ་ཐང་གི་ཉིན་ཐོསྔ་ཕྱི་གཉིས་ལ་མཚོན་ན་བོད་ཀྱི་གཏམ་དཔེ་ནི་བརྩམས་ཆོས་ཀྱི་ཐུན་མིན་དགེ་མཚན་ཡིན་ལ།   དེ་བཞིན་སྒྲུང་གཏམ་ལ་ཐོད་བརྒལ་བཟོ་བའི་གེགས་སུའང་གཏམ་དཔེ་རང་གྱུར་འདུག་སྟེ།   དེ་ཉིད་ཀྱིས་རྩོམ་པ་པོའི་བསམ་བློ་དང་ཀུན་རྟོག་ལ་འཆིང་རྒྱ་བཟོས་སོང་སྙམ།   རང་གི་གཅེས་ནོར་འདོར་བ་སུ་ལ་མཚོན་ནའང་དཀའ་མོ་ཞིཀ་ཡིན་སྲིད་ཀྱང༌།   རྩོམ་རིག་གསར་རྩོམ་ལ་ཐོད་བརྒལ་ནི་ངེས་པར་མཁོ།   ཧུ་ར་འཇའ་པེ་ནི་ང་དགའ་སའི་གསར་ཨོ་རྩོམ་པ་པོ་ཞིག་ཡིན་ཏེ།   ཁོའིལོ་མའི་ཟིན་ཐོདང་ད་སད་ན་ད་ལོངསཀྱི་མི་ཇུས་ཀྱི་བསམ་བློ་དང་སྒྱུ་རྩ།   ལ་གྱི་མཚོན་ཐབས་ཀྱིས་བདག་ཡིད་དྲངས་པར་གྱུར་ཀྱང༌།   ད་ཐེངས༌ཀྱི ཕ་ཡུལ།   ཕ་ཡུལགྱིས་དག་ཡིད་དགུག་མ་ཐུབ།   རྩོམ་དེའི་ཁྲོད་ཀྱི་རྩོམ་ཕ་པོའི་སེམས་ཁྲལ་དང་སེམས་གདུང་ང་ཚོས་ཚོར་ཐུབ་ཀྱང༌།   སྒྲུང་གཏམ་རང་ཉིད་ཅུང་ཟད་དོག་པོ་ཞིག་དང༌།   རྩིང་རགས་ཤིག་ཏུ་འདུག་སྙ་ག  སྤྱིར་ན༢༠༡༠ལོའི་སྒྲུང་གཏམ་དག་འཕེལ་རྒྱས་ཀྱི་ངོར་ཡོད་པ་དང༌།   དེས་སྔོན་མའི་སྒྲུང་གཏམ་གྱི་ཕྱོགས་ངོས་མང་བོ་ཞིག་ནས་ཐོད་བརྒལ་བྱས་ནས་ཡོད་པ་ང་ཚོས་མངོན་གསལ་དུ་མཐོང་ཐུབ།   ༢༠༡༠ལོའི་སྒྲུང་གཏམ་དང་སྒོས་སུ་ཐོད་བརྒལ་གྱི་ཆ་ནས་ངེས་པར་གླེང་དགོས་ཕ་ཞིག་ཡོད་པ་སྒྲུང་རིང(མི་རབས་ཤིག་གི་ཉིན་འགའ)རེད།   གུར་མགོན་ཚེ་རིང་གིམི་རབས་ཤིག་གི་ཉིན་འགའནི་ང་ཚོར་གོམས་ཕོབས་སུ་སོང་བའི་གཏམ་རྒྱུད་ཀྱི་བྱུཛ་རིམ་ཅན་གྱི་སྒྲུང་གཏམ་དང་མི་མཐུན་ལ།     སྤྱི་ཚོགས་འཚོ་བའི་སྣང་ཚུལ་ལམ་གནད་དོན་རྣོ་ངར་ཅན་བསྐྱར་མཚོན་བྱེད་པའི་སྒྲུང་གཏམ་དང་ཡང་མི་མཚུངས་པར།   རྩོམ་གྱིས་མི་སྣ་གཅིག་གི་སེམས་ཀྱི་ཚོར་བ་ལ་དམིགས་ནས་ཚོར་སྣང་དེ་ཉིད་གཙོ་བོ་ལུས(本体)ཀྱི་ཚུལ་གྱིས་མཚོན་འདུག་སྔོན་མའི་སྒྲུང་གཏམ་དག་དང་བསྡུར་ཏེ་བཤད་ན་རྩོམ་འདི་ཁ་ནང་བལྟས་ཀྱི་རྩོམ་ཞིག་ཡིན་པས།   ལྟད་མོའི་ཡུལ་ཡང་རྩོམ་འདིའི་ཕྱི་རོལ་གྱི་ཕྱི་དོན་མཡིན་པར་ནང་གི་ཡུལ་ཅན་གྱི་ཚོར་སྣང་རེད།   ཚོར་སྣང་དེ་ཚིག་གཅིག་ཏུ་བལྡུསེ་ནསོབཤད་དགོས་ནདེ་ནི“ཉོབ”བམ་“ཁེར་ཧྲེང”ཞེས་པའི་ཚིག་གིས་བསྟན་ཆོག་སྙམ།   སློབ་གྲྭའི་ཕྱི་ནང་གང་གི་ཁོར་ཡུག་ལ་ཁ་གཏད་ཀྱང་མི་སྣ་གཙོ་བོར་སེམས་ཤུགས་དང་སྤྲོ་སེམས་བསྐྱེད་ཐུབ་ཕ་གང་ཡང་མེད།  སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་མས་ཤིག་འདུག་པཞེས་ཕ་དངོས་རེད་།   ཉོབབམ“ཁེར་ཧྲེངགི་སྐྱོ་རྫང་གི་རྒྱུ་ལོག་རིམ་ནས་བཤད་ན་སློབ་གྲྭའི་སློབ་གསོས་མོས་བློ་བསྐྱེད་མི་ཐུབ་པས་རེད་ཅེས་བཤད་ཆོག་ཀྱང༌།   དོན་གྱིས་དེ་ཙལ་གྱི་འོག་རིམ་གྱི་རྐྱེན་ཁོ་ན་ཞིག་མ་རེད།   རིན་ཐང་ལྟ་ཚུལ་གྱི་འགལ་འཐབ་ཀྱིསབཆ་པའི་སྟོང་སྣང་ལྟ་བུའི་གོང་རིམ་གྱི་རྐྱེན་གྱིས་ཉོབཀྱི་རྐྱེན་ཆེན་པོ་བྱས་ནས་འདུགདེ་བས་རྩོམ་གྱི་མི་སྣ་ནི་རིན་ཐང་ལྟ་ཚུལ་གྱི་འགལ་འཐབ་ལས་བྱུང་བའི་སྐྱོན་ཅན་ཞིག་དང་།   འདིའི་སྐྱོན་ཅན་གྱི་མི་རབས苦闷的时代)ཤིག་མཚོན་འདུག་སྙམ།   མི་རབས་འདིའི་ད་ལྟ་བ་ལ་གཞན་གྱིས་ཁས༌།   ལེན་མི་ཐོབ་ཅིང་རང་ལ་རྩོན་ལེན་གྱི་ཤུགས་མེད་ལ།   མ་འོངས་པནི་དེ་བས་ཀྱང་རབ་རིབ་གར་འགྲོ་གཏོལ་མེད་ཅིག་རེད།   འདི་ལ་དེང་གི་བོད་སྤྱི་ཚོགས་ཁྲོད་དེ་འདྲའི་འཐུས་ཚབ་ཀྱི་དོན་སྙིང་ཡོད་པ་བཤད་དཀའ་ཡང།   འདི་ལྟའི་གནས་ཚུལ་དང་སྣང་ཚུལ་ཡོད་པ་མ་རེད་ཅེས་བཤད་དཀའ་ཡ། སྤྱི་ཚོགས་ཀྱི་ནང་གསེང་ན་འདི་ལྟའི་རྣམ་པ་ཞིག་མངོན་ཆུང་ཤུགས་དྲག་གི་ཚུལ་གྱིས་འོང་བཞིན་པ་དང་འོང་འགྱུར་ལ་སུས་བསྙོན་འདིང་ཐུབ།  
  
མི་རབས་ཤིག་གི་ཉིན་འགའཡི་རྩོམ་གྱིས་བསྟན་པའི་བསམ་བློའི་ངོ་བོའམ་རང་བཞིན་གྱི་ཆ་ལ་ཀུན་གྱིས་འགབ་མིན་གྱི་རྩོད་གླེང་བྱེད་ཆོག ང་ཚོའི་ལྟ་ཀློག་གི་སྲོལ་རྒྱུན་དུ་གྱུར་པའི་གོ་བསྐོན་སློབ་གསོའི་ངོས་ནས་ལྷག་ཏུ་མཐའ་དཔྱོད་བྱས་ཆོག      རྩོམ་གྱི་བསམ་བློ་དེ་ཉིད་ཐུན་མིན་གསར་བ་ཞིག་ཡིན་པའི་ཆར་བསྙོན་དུ་མེད་ལ།   བརྩམས་ཆོས་འདིས་བོད་ཀྱི་རྩོམ་རིག་གི་ལྟ་བ་དང་བོད་ཀྱི་རྩོམ་རིག་གི་གནས་སྟངས།   བོད་ཀྱི་རྩོམ་རིག་གི་མཛེས་པ་འདོན་ལུགས་ཐད་ནས་ཐོད་བརྒལ་ཆེན་པོ་བཟོས་ཏེ།   བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་དབུ་བརྩམས་པར་བསྙོན་དུ་མེད།   སྒྲུང་གཏམ་གསར་རྩོམ་གྱི་ཕྱོགས་ན་ད་དུང་བློ་ལ་མི་བདེ་བ་རེ་འགའ་ཡོད་དེ།   དཔེར་ན་རྩོམ་རིག་གི་སྐད་ཆ་ལ་ལ་གནད་དུ་སྨིན་པ་ཞིག་ཏུ་མ་བྱུང་བར་རྩིང་རགས་སུ་ཡོད་པས།   ད་དུང་ཞུན་བརྡར་དང་བཙོ་སྦྱང་བྱ་རིགས་པའི་ཆ་ཡོད་པ་ལྟ་བུ་དང༌།   ཆིག་ལབ་ལ་ལ་ཞིག་གིས་སྐབས་དེའི་བསམ་དོན་རྫོགས་པར་བྱས་མེད་པར་རྟབ་རྟབ་པོའི་ངང་ཚུལ་ཡོད་པ་ལྟ་བུ་ཡིན་ཡང༌།   བོད་ཀྱི་སྒྲུང་གཏམ་གྱི་ཐོད་བརྒལ་ཆེན་པོ་དེ་འདི་ལྟའི་སྒྲུང་རིང་ཞིག་གི་སྟེང་ནས་མངོན་བྱུང་བ་འདི་ང་ཚོ་ཆེས་དགའ་འོས་པ་ཞིག་རེད།   བོད་ཀྱི་སྒྲུང་གཏམ་སྣ་མང་ཅན་དུ་འགྲོ་བ་འདི་རྩོམ་རིག་གི་འཕེལ་རྒྱས་ཤིག་ཡིན་ལ།   འདིས་བོད་ཀྱི་ཀློག་པ་པོའི་མྱོང་རོལ་དང་ཀློག་འདོན་གྱི་གོམས་གཤིས་ལ་དོ་ཟློ་བཞིན་ཡོད།   ཀློག་པ་པོ་དག་གིས་སྔར་བཞིན་བརྗོད་སྙིང་འབུར་དུ་ཐོན་པ་དང་དངོས་ཡོད་སྤྱི་ཚོགས་འཚོ་བའི་གནད་དོན་རྣོ་ངར་ཅན་མཚོན་པ་དང༌།   ཟློས་གར་རང་བཞིན་ཅན་གྱི་བྱུང་རིམ་དྲག་པོ་ཡོད་པ།   གོ་བསྐོན་སློབ་གསོ་ཅན་གྱི་རྩོམ་རིག་གི་སྤྱི་ཚོགས་ཕན་ནུས་དོན་དུ་གཉེར་བ་དག་ལ་མྱོང་རོལ་བྱ་བ་ལས།   དེ་ལས་འདས་པར་བསམ་བློའི་རྒྱ་ཡངས་པ་དང༌།   མངོན་ཆུང་གིས་མཚོན་པ།   གོ་བསྐོན་སློབ་གསོ་ལྷུར་མ་བླངས་པ་དག་ལ་མྱོང་རོལ་བྱ་མ་ཤེས་ཚེ།   ཕྱི་ནང་གི་སྒྲུང་གཏམ་བརྩམས་ཆོས་མང་བོ་ཞིག་ལ་མྱོང་རོལ་དོན་ལ་གནས་པ་བྱེད་དཀའ།   དེར་མ་ཟད།   ཀློག་པ་པོའི་མྱོང་རོལ་གྱི་ཆུ་ཚད་ལ་མཐོར་འདེགས་མ་བྱུང་ན།   བོད་རྩོམ་འཕེལ་རྒྱས་སུ་འགྲོ་བ་ལའང་བར་ཆད་བྱ་ངེས་ཡིན།   རྩོམ་པ་པོ་སུ་ཡིན་ཡང་སེམས་ཀྱི་གཏིང་རུམ་ན་བག་ཉལ་གྱི་ཀློག་པ་པོའང་ཡོད་སྲིད།   གསར་རྩོམ་གྱི་གོ་རིམ་ཁྲོད་ཀློག་པ་པོའི་ཆུ་ཚད་ལ་བསྟུན་པའི་སྒོ་ནས་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་ལ་ཐོན་ཐུབ་པ་ཞིག་ལས་མར་རིམ་པ་ཞིག་ཆག་པར་འགྱུར་བ་ཡིན་ཏེ།   དེའི་སྟབས་ཀྱིས་སྒྱུ་རྩལ་གྱི་མངོན་ཆུང་རང་བཞིན་ནམ་ཡིན་ཡང་ཐོན་དཀའ་བར་གྱུར་པ་རེད།   དེ་བས་བོད་ཀྱི་ཀློག་པ་པོ་དག་གི་མྱོང་རོལ་གྱི་ཆུ་ཚད་ལ་མཐོར་འདེགས་ཡོང་བའི་ཐད་ལ་དོ་གལ་བྱ་བར་རིགས་སོ།།

                                            རྩོམ་སྒྲིག་འགན་འཁུར་པ་མཁའ་འགྲོ་ཆེ་རིང་ཡིན།

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060