སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
ངེས་འབྱུང་སྣང་བ་སྐྱོ་བའི་མགུར་ཆུང༌།
སྤེལ་དུས། 2012-05-10    ཡོང་ཁུངས་།    རྩོམ་པ་པོ། བདའ་ཚང་སྙེམས་གྲོལ།

  ཐུབ་བསྟན་ཡིད་འཕྲོག་ཟླ་བའི་བཞིན་ལ་རྩོད་ལྡན་མུན་པའི་གོས་འཆང་ཞིང༌།     

བསྟན་འཛིན་རྒྱུ་སྐར་ཕྲེང་བའི་ཁྱུ་ཚོགས་མྱང་འདས་ཆུ་ལྷའི་ཕང་དུ་བཞུད།     

བདག་བསྟོད་གཞན་ལ་སྨོད་པའི་གཏམ་གྱིས་ཆོས་སྨྲའི་ཁུར་འཛིན་ཅོལ་ཆུང་དག།  

བརྩི་བར་མ་ནུས་མོང་གལ་བུ་ཡིས་མཐོ་རིས་གནས་སུ་ངལ་གསོ་བསྟེན།     

 

ཐུབ་གསུང་ཉིན་བྱེད་གསར་བའི་དཔལ་ལ་བློ་གྲོས་མིག་ལྡོངས་འབྱུང་བྱའི་ཁྱུ།     

བསླབ་གསུམ་ཆུ་སྐྱེས་མགུལ་རྒྱན་དང་བྲལ་ཁྲིམས་འཆལ་ཤིང་སྐམ་རེངས་པའི་རྩེར།     

ཉེས་བཤད་ཐན་སྐད་ཅི་ཡང་བསྒྲགས་པས་བླུན་རྨོངས་རིག་པའི་ཁྱེའུ་ནི།     

རྒྱུ་དང་འབྲས་བུ་ལྡོག་པར་སྨྲ་བའི་ལྟ་ངན་མུན་པའི་ཁྲོད་དུ་འཕྱན།     

 

ངུར་སྨྲིག་བླ་གོས་ཕྲག་ཏུ་འཆང་བཞིན་མི་སྡུག་དཀོར་གྱི་ཕུང་བོ་ལ།   །  

འདོད་སྲེད་ལྕེ་བརྒྱ་ཤུགས་ཀྱིས་རྐྱོང་བའི་ཚུལ་གནས་བཙུན་གཟུགས་མགོ་རིལ་ཚོགས།     

སྡིག་ལྟུང་ཁྲག་གི་མཚོ་ལ་འཇུག་གིན་ཁེ་ཚོང་གཡོ་སྒྱུའི་གར་སྟབས་ཀྱིས།     

ཉིན་མཚན་བག་མེད་འདའ་བ་མཐོང་ཚེ་ཡིད་ལ་བརྣག་དཀའི་ཚོར་བ་ལྡང༌།     

 

མི་ཚེ་ཧྲིལ་བོར་ལྟོ་སྐྱ་གོས་ཀྱིས་གཞུང་ལུགས་རབ་འབྱམས་སྨྲ་བའི་ཁུར།     

མི་ལྡོག་བརྩོན་པའི་དཔུང་གིས་འདེགས་ཀྱིན་ཞི་དུལ་བག་ཡོད་སྤྱོད་པ་དག།  

གྱ་ནོམ་ལོངས་སྤྱོད་ནོར་གྱིས་དབུལ་ཞེས་མི་སྙན་ཁྲེལ་དགོད་སྒྲོག་པའི་གླུས།     

གྲགས་ལྡན་དབྱར་སྐྱེས་རྫ་རྔའི་དཔལ་བཞིན་གནམ་སའི་དཀྱིལ་འཁོར་རལ་བར་བྱེད།     

 

སེམས་རྒྱུད་གྱོང་བོ་ཆོས་དང་མ་འདྲེས་འབབ་ཆུའི་ཁྲོད་ཀྱི་རྡོ་བ་བཞིན།     

སེར་སྣའི་སྤར་ཁ་གླང་ཆེན་སྟོང་གི་རྩལ་དང་ཤུགས་ཀྱིས་འབྱེད་པར་དཀའ།     

གཞུང་མང་སྦྱངས་པའི་ཁུར་དང་བྲལ་ཡང་དམ་ཆོས་སྨྲ་བའི་བརྟུལ་ཞུགས་ཅན།     

སྐྱེ་སྤྲུལ་མིང་སྐམ་ལྷུར་ལེན་དག་གིས་ནོར་འཛིན་བཞིན་རས་དོག་པོར་བགྱིད།     

 

ཁྲིམས་གཙང་དངུལ་དཀར་མེ་ལོང་ངོས་སུ་རྣམ་གསུམ་གོས་ཀྱི་བྱི་དོར་དབེན།     

ཇི་ལྟ་ཇི་སྙེད་ཤེས་བྱའི་མཁའ་ལ་རྒྱ་ཆེན་ཐོས་པའི་སྒྲོན་མེ་དཀོན།     

དགེ་འདུན་ཕན་ཚུན་ཐུགས་ཀྱི་མཚོ་ལ་མཐུན་སྒྲིལ་ངང་མོའི་གཡོ་བ་སྤངས།     

འདུས་སྡེ་སྐྱེད་ཚལ་ཡངས་པའི་ལྟོ་བར་འདུ་འཛིའི་བུང་བ་གར་དུ་འགྱུ།     

 

རྙེད་བཀུར་འཕྱོན་མའི་འགྲམ་ཆང་ལ་ཆགས་རྐང་གཉིས་བ་ཀུ་ལ་ཡི་ཚོགས།     

ལེགས་བཤད་ཉི་ཟེར་འཇམ་པོའི་རྡུལ་ལ་མགོ་བོ་ཟུམ་པའི་ངན་སྤྱོད་ཀྱིས།     

རྟག་ཏུ་སྡིག་ལྟུང་མུན་པའི་གཅོང་ལ་གོམ་ཁ་འཁྱོག་པོར་དཀྱུ་བའི་འགྲོས།     

མཐོང་བའི་མོད་ལ་སེམས་ཀྱི་རི་དྭགས་ཨ་ཐང་སྣོན་མ་དགུ་རུ་ཆད།     

 

རྒྱུ་ཟས་ནོར་ཕྱུགས་ཚར་དུ་དངར་ལ་བདག་འཛིན་འཆིང་བ་དམ་པོ་ཡིས།     

བློ་སེམས་སྙོམས་པོ་གཏིང་ནས་དཀྲུགས་པས་བདེ་བའི་རྨི་ལམ་རྙེད་དཀའ་ཞིང༌།     

འདོད་ཡོན་དུག་ཆུས་ཤེས་རྒྱུད་སྦགས་པའི་མ་ནུའི་བུང་བ་འབུམ་ཕྲག་ནི།  །  

རྙེད་དང་བཀུར་སྟིའི་ལྗན་ལྗིན་དྲི་ལ་བག་མེད་རྒྱུ་བའི་ཚུལ་འདི་སྐྱོ།     

 

མི་གཤིས་རང་བཞིན་འཁྱོག་པོའི་ལྗོན་པར་དུག་གསུམ་སྦྲུལ་ནག་བྲང་འགྲོས་ཀྱིས།     

རྒྱུ་བའི་མི་སྐྱ་ཕོ་མོ་དག་ནི་འདུ་འཛིར་གཡེང་བའི་ལང་ལོང་གིས།

དོན་ཆེན་ཐར་བའི་སྙིང་བོ་མི་ལེན་ཚེ་འདིའི་དགའ་སྡུག་ཐན་ཐུན་གྱིས།  

ན་ཚོད་དོན་མེད་ངང་ལ་ཡོལ་འདིས་ཤུགས་རིང་མི་འབྱིན་རང་དབང་ཅི།།

 

 ནུ་རྒྱས་ཆུ་ཤེལ་ཕོན་པོའི་ཁུར་གྱིས་གོམ་པའི་འགྲོས་ལ་བག་ཡོད་སྟེར།  

 ཆགས་པའི་ཟུར་མིག་གྱ་གྱུར་གཡོ་བས་སྲེད་ལྡན་ཡིད་ཀྱི་བུང་བ་འཆིང༌།  

དཀར་དམར་ལང་ཚོའི་རང་མདངས་མ་འདྲེས་བཞིན་རས་འཛུམ་དཀར་ཕྲེང་བ་ཅན།  

གཟུགས་བཟང་ན་ཆུང་བུ་མོའི་ཚོགས་ནི་གློ་བུར་རྒས་འཁོགས་ལུས་ཀྱིས་འཚོ། 

 

 དགྲ་ལ་མཚོན་དང་གཉེན་ལ་བྱམས་པ་ཆུ་གཉེར་གཡོ་བའི་གར་ལ་འཁུ།  

འཁོར་དང་ཕུན་ཚོགས་ལྷུར་ལེན་བྱེད་པ་སྨིག་རྒྱུའི་མཚོ་ལ་སྙེག་དང་མཚུངས།     

རང་བདེ་ཁོ་ན་དོན་དུ་གཉེར་བ་འཇའ་ཚོན་འཛིན་པའི་རྗེས་སུ་འགྲོ།     

ད་ནི་ངེས་འབྱུང་སྐྱོ་བ་མ་བཟོད་མིག་ཆུའི་ཕྲེང་བ་མཁུར་དུ་ལྷུང༌།     

 

སྙིང་དུ་སྡུག་པའི་གྲོགས་བཤེས་དེ་དག་ངེས་མེད་དྲི་བཞོན་རླུང་གི་སྤུན།     

མཛའ་བརྩེ་གསེར་གྱི་ངང་བའི་ན་ཆུང་འཕེལ་འགྲིབ་རྫིང་བུའི་ཁ་ལ་འཕྱོ།     

ཡོད་ཡོད་འདྲ་ཡང་དོན་གྱིས་སྟོངས་པའི་མི་རྟག་འཁོར་བའི་བྱ་དངོས་དག།  

ཀྱེ་མ་ཀྱི་ཧུད་གང་ལ་བསམས་ཀྱང་ཞེ་སེམས་སྐྱོ་བའི་རྒྱུ་རུ་གྲུབ།     

 

ཟིན་མེད་སྨིག་རྒྱུའི་རེག་བྱ་ལ་འཁུ་ཟ་ཟིའི་ལས་ཀྱི་ཡོ་ལང་གིས།     

ལུས་སེམས་དལ་མེད་ཆོས་བརྒྱད་རླུང་བུས་ཤིང་བལ་བཞིན་དུ་བསྐྱོད་པ་ལས།     

ཅི་ཡང་མ་ཐོབ་སྙིམ་པའི་མཐིལ་དག་ཅང་མེད་སྟོང་བར་ལྷག་པའི་ཚུལ།     

བསམས་ཤིང་བསམ་ཚེ་སྣང་བ་ཕྲ་མོ་ངེས་འབྱུང་ལྕགས་ཀྱུ་རྣོན་པོས་ཟིན།     

 

དེ་ལྟར་སྲིད་པ་འཁོར་བའི་རང་བཞིན་མི་རྟག་རླུང་ཁའི་སྒྲོན་མེ་དང༌།     

དཔལ་འབྱོར་ལོངས་སྤྱོད་ཆུ་འཛིན་ལྟ་བུར་མི་བརྟན་གཡོ་བའི་ཆོས་ཉིད་ལ།     

ཡིད་ཀྱི་ན་ཆུང་གཏིང་ནས་སྐྱོ་བའི་ཐོལ་བྱུང་ཚིག་གི་མགུར་ཆུང་འདི།     

བྲག་ཆའི་དབྱངས་དང་གཅམ་བུ་མ་ཡིན་ངེས་འབྱུང་དབྱངས་ཀྱི་ཕྲེང་བས་སྤེལ།   ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060