སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
ཤུགས་རིང་ཐེངས་གཅིག
སྤེལ་དུས། 2012-05-10    ཡོང་ཁུངས་།    རྩོམ་པ་པོ།
ལོ་ཟླས་རྒྱབ་ནས་དེད་པའི་འཇིགས་སྔངས་ཁྲོད།     

རྒས་གཉེར་ཐོད་དུ་བརྩེགས་པའི་གཏམ་རྒྱུད་སྐྱོང༌།     

ཕུགས་འདུན་རྒྱང་དུ་བོར་བའི་སྣེ་མོ་རུ།     

མི་ཁོམ་འདུར་རྒྱུག་ལས་ལ་ད་དུང་བྲེལ།     

 

རྒྱུན་དུ་སྙེག་པ་བདེ་སྐྱིད་དྲོན་མོ་ཞིག།  

ནམ་ཡང་ཐོབ་པ་སྡུག་གི་རྡོག་ཁྲེས་ཤིག།  

ཐོབ་སྙེག་འགལ་ཟླ་འཕར་བའི་ཐུ་འོག་ནས།     

རེ་བའི་ཕུགས་བསམ་དཀར་པོ་འགྲུབ་བམ་ཅི།     

 

འཚོ་བའི་དཀའ་སྡུག་ཆེན་པོ་འདིར་གཞིགས་ན།     

གསོན་པའི་འདུན་པ་ཡེ་ནས་མེད་མོད་ཀྱང༌།     

མི་ཚེའི་རིན་ཐང་ཙམ་པོ་འདིར་བསམས་ན།     

དོན་ལྡན་ལས་ཤིག་རྩོམ་པའི་ཆོད་སེམས་རྙེད།     

 

མནོ་བསམ་གཏོང་དུས་སྐྱོ་བ་འགོག་མི་ཐུབ།     

འདས་དོན་དྲན་དུས་གདུང་བ་གནོན་མི་ཐུབ།     

ཡོད་ཚད་སྡུག་གིས་ཟིན་པའི་མཁར་རྫོང་དུ།     

རང་དབང་རང་བདེའི་སྐབས་ཤིག་མཆིས་སམ་ཅི།     

 

འདུན་མས་རྒྱང་རིང་ཡུལ་འདིར་སྤྱུགས་ན་ཡང༌།     

ལན་ཆགས་སྡིག་སྒྲིབ་ད་དུང་མ་དག་པས།     

ཕུགས་འདུན་རི་ལ་བྱེར་བའི་རྗེས་ཤུལ་དུ།     

འགྱེལ་ཞིང་གོག་པའི་སྟངས་སྟབས་ད་དུང་སྒྱུར།།  

 

འཚོལ་བའི་ལམ་དེ་སྨག་ནག་མུན་པས་བསྒྲིབས།     

རེ་བའི་མི་དེ་ད་དུང་བག་ལ་ཞ།     

བསམ་པའི་དོན་དེ་སྟོང་བར་འཐིམ་ཟིན་ན།     

ཡང་སྙིང་རང་ལ་དབང་བའི་དངོས་དེ་གང༌།     

 

སེམས་པ་དམར་ཆུང་མྱ་ངན་དྲག་པོས་གཟིར།     

རྣོ་སྨྱུག་ཕྲ་མོ་མིག་ཆུ་ཐིགས་པས་བརླན།     

མི་ཚེ་ཐུང་ཐུང་སྡུག་སྨྲེ་ཁོ་ནས་འདའ།     

ད་ནི་རང་ཉིད་སྐྱོབ་པའི་མགོན་དེ་སུ།     

 

འཁོར་བའི་ངེས་འབྱུང་ཟེར་ན་འུད་ཡིན་མོད།     

འཚོ་བར་ཨ་ཐང་ཆད་པའི་དན་རྟགས་སུ།     

སྙིང་རླུང་སྟོད་ལ་འཚང་བའི་ནད་རྙིང་དེ།     

རྒྱུ་རྐྱེན་ཕྲ་མོ་ཡིས་ཀྱང་ལངས་པར་བྱེད།     

 

ཕ་མའི་བསླབ་བྱས་བློ་ཡིད་བསྒྱུར་མ་ཐུབ།     

མཛའ་མོའི་སྙིང་གཏམ་དེས་ཀྱང་དགུག་མ་ནུས།     

ཀུན་ལ་ཚོར་ཤེས་བྲལ་པའི་ངང་ཚུལ་འདི།     

སྨྱོན་པའི་རང་རྟགས་མིན་ན་ཅི་ཞིག་ལགས།     

 

ས་ཆེན་སྡུག་གིས་མནན་པའི་ཁུགས་སོ་ནས།     

མཆི་མའི་ཆར་རྒྱུན་བྲུག་པའི་རླབས་ཕྲེང་གཡོ།     

སྐྱིད་པའི་གནས་མལ་བོར་བའི་སྨྲེ་སྔགས་དེ།     

དམར་ཆུང་སྙིང་གི་དབུས་ན་ད་དུང་འཕྱོ།     

 

ས་མཐའི་འཕྲང་ལམ་སྐྱ་མོ་དེད་དེད་པས།     

རྐང་མགོའི་ལྷམ་གོག་དེ་ཡང་དྲལ་ནས་ཐེད།     

སྐྱོ་གདུང་སྨྱུ་གུ་ཕྲ་མོས་བྲིས་བྲིས་པས།     

ལྕགས་ཀྱི་སྨྱུག་རྩེ་དེ་ཡང་ཟད་ནས་རྫོགས།  
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060