སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
མེས་པོའི་སེམས་རྟེན།
སྤེལ་དུས། 2012-05-10    ཡོང་ཁུངས་།    རྩོམ་པ་པོ།
གངས་དཀར་ལྷུན་པོ་རྟེན་ཕུར་བྱས་པའི་རུས་རྒྱུད་གཅིག་འདུས་གདོང་དམར་སྙིང༌།     

དམར་མཆོད་དང་ནི་སྙིང་རྗེ་བསྐྱེད་པའི་གསར་རྙིང་ཆོས་ལ་འགྲན་མེད་པ།     

ཕ་སྤྲེལ་མ་སྲིན་རུས་སུ་འཁྲུངས་པའི་མི་བུ་གདོང་དྲུག་ཆད་མེད་རྒྱུད།     

མཐོན་པོའི་རྫ་ནས་གླུ་སྒྲར་བསྡོངས་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

བོད་ཁ་གཡག་དྲུག་མཐུ་ཡིས་བསྒྱུར་པའི་རྩེ་མོར་ཟུག་པ་ཡུམ་བུ་མཁར།     

ཚོ་ཁག་གཅིག་བསྡུས་མི་རིགས་གྲུབ་པའི་ཚེ་སྲོག་བརྟན་པའི་པོ་ཏ་ལ།     

ཆོས་སྲིད་རྨང་ལ་སྲ་ཚུགས་བཏོད་པའི་མཐའ་འདུལ་ཡང་འདུལ་གཙུག་ལག་ཁང༌།     

ཡར་ཀླུང་གཙང་བོའི་ནུ་ཞོས་བསྐྱངས་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

སྟོད་ན་གངས་དང་གཡའ་ཡི་ར་བ་མངའ་རིས་སྐོར་གསུམ་རྫིང་གི་ཡུལ།     

བར་ན་བྲག་དང་ཆུ་བོ་འཐབ་པ་དབུས་གཙང་རུ་བཞི་ཡུར་བའི་ཡུལ།     

སྨད་ན་ནགས་དང་ན་ཡི་ལྗོངས་བྱས་ལྷ་རེ་ཕྱུགས་དྲུག་ཞིང་གི་ཡུལ།     

ཁྲི་སྐོར་བཅུ་གསུམ་ཞབས་ཀྱིས་བཅགས་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

གཉའ་རུ་བཏེགས་པའི་ཤེས་བརྩོན་ཅན་གྱིས་སྒྲུང་ལྡེའུ་བོན་གསུམ་དར་བའི་ཆོས།     

ལྷ་ཐོ་བཙན་པོའི་ཟོལ་གྱིས་གསང་བའི་སྤང་སྐོང་ཕྱག་བརྒྱ་མཆོད་པའི་ཆོས།     

རིས་མེད་གྲུབ་མཐའི་ཕྱོགས་ལྷུང་དོར་བའི་ཞྭ་སེར་བསྟན་པས་སྤེལ་པའི་ཆོས།     

སྟོན་པའི་རྗེས་འབྲངས་ལུང་གིས་ཟིན་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།  

 

  དགྲ་ལ་མཚོན་དང་རྨ་ལ་སྔགས་ཞེས་རིག་པའི་རྩ་ལག་གདོད་མའི་གཞུང༌།     

པདྨོའི་བཀའ་དང་རྒྱལ་པོའི་བཀའ་ཞེས་རྩ་བ་སྲ་མོ་སྔགས་ཀྱི་གྲང༌།     

ཐུབ་པའི་ལུང་དང་ས་པཎ་གསུང་ཞེས་སྲིད་ན་གྲགས་པ་ནང་བའི་གཞུང༌།     

བོད་མིའི་སྲོག་གི་ཀ་ཆེན་རྣམ་གསུམ་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

ལྷ་མཆོད་བསང་གཏོང་རྨོངས་ཚོད་མ་ཡིན་རང་བྱུང་ཁམས་ལ་བརྩེ་བ་གཅིག།  

གེ་སར་སྒྲུང་གླུ་འུར་བཤད་མ་ཡིན་ཤེས་རིག་གཏེར་གྱི་རིན་ཆེན་གཉིས།     

ནང་ཆོས་ཟབ་མོ་སྦྲིད་སྨན་མ་ཡིན་འགྲོ་དྲུག་སྐྱོབ་པའི་མན་ངག་གསུམ།     

གནམ་སའི་དཔྲལ་བར་ངོ་མཚར་སྐྱེད་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

ལྷ་ཀླུ་གཉན་གསུམ་སྐྱབས་སུ་རེ་ནས་འཕྲོག་རྩོད་ནག་ཉེས་བློ་ཡིས་བསྒྱུར།     

རྒྱལ་བློན་འབངས་གསུམ་མཐུན་སྒྲིལ་དམ་པས་བོད་པའི་དཔའ་སྐད་སྒང་ལ་གྲགས།     

བླ་སློབ་དཔོན་གསུམ་གཅིག་འདུས་བྱུང་སྟེ་ཤེས་རབ་རྩལ་གྱིས་རྒྱལ་ཁམས་གསོས།     

ཉི་ཟླ་སྐར་གསུམ་ཟོལ་དུ་བརྫུས་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

རིམ་བྱུང་བཙན་པོ་མི་འཇིགས་གདོང་ལྔས་སྲིད་དོན་ཕྲེང་ལ་བརྒྱུས་དང་གཅིག།  

ས་ཕག་རིན་གཙང་སྡེ་གཟར་ཁྲོད་དུ་དར་རྒུད་གར་ལ་བསྒྱུར་དང་གཉིས།     

དགའ་ལྡན་ཕོ་བྲང་ཉིན་བྱེད་གཞོན་ནུས་འགྲོ་རྣམས་བདེ་ལ་བཀོད་དང་གསུམ།     

བོད་པའི་དབང་བསྒྱུར་རྡོ་ལ་བརྐོས་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

ཞིང་འབྲོག་རྔོན་གསུམ་འཕེལ་རིམ་ཁྲོད་ནས་བསང་དུད་མི་སྡེ་ཕྱོགས་བཞིར་ཆགས།     

ཟས་གོས་རྒྱན་གསུམ་ལད་ཟློས་མེད་པར་འཛེམ་བྱའི་སྲོལ་གྱི་མི་གཤིས་མཛེས།     

དད་མཆོད་སྒྲུབ་གསུམ་ལྷ་ཚོགས་གཅིག་གི་སྲུང་མར་བཀུར་ཚུལ་བརྫིད་ཡེར་བ།     

འཕྲལ་དང་ཕུགས་ཀྱི་འདོགས་ཐག་མིན་འདི་ང་ཡི་མེས་པོའི་སེམས་རྟེན་ཡིན།     

 

དུས་ཀྱི་གོམ་འགྲོས་རླུང་ལྟར་མྱུར་ཡང་དབྱར་ཟླ་བསླེབས་འདྲའི་དུས་སྐབས་འདིར།     

གངས་འཁྱག་ས་མཐོའི་མི་རྐྱང་འཁྱམ་པོས་མང་དུ་གླེང་ན་བག་རེ་ཚ།  

ཡུལ་གཙང་གཤིས་གཙང་འགྲོ་དྲུག་ཁམས་ན་གཙུག་ཏུ་གྱུར་པའི་ནོར་བུ་འདི།     

ཆོལ་གསུམ་ཡུལ་གྱི་དྲན་ཤིང་ཡིན་ལ་ང་ཡི་མེས་པོའི་སེམས་རྟེན་ཡིན། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060