སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྲོག་བླུའི་ནག་ཚོང་། སྲོག་བླུ་ཅི་ཙམ་མང་ན་སྲོག་གཅོད་ཀྱི་གྲངས་ཀ་དེ་ལྟར་མང་།
སྤེལ་དུས། 2014-10-13   ཡོང་ཁུངས། ཤིན་ལང་དྲ་བ།   རྩོམ་པ་པོ།  ཟོན་ཐར་སྐྱིད།

ཉེ་ཆར་ཅི་ལིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལུང་ཐན་ཡན་ལག་ཅུས་ཡུས་ཧྲུའུ་ཀོའུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཐེན་ཐེ་གྲོང་ཚོར་སྐོར་ཞིབ་བྱེད་དུས་སྐྱེས་པ་དོགས་གཞི་ཅན་ཞིག་ལ་ཕྲད། ཉེན་རྟོག་པས་ཁོའི་རྗེས་འབྲངས་པ་ན་སྨི་གྲུ་བཞི་མ་དྲུག་ཅུ་ལྷག་ཙམ་གྱི་ཁང་བ་ཞིག་ཏུ་བྱ་གཟེབ་ཆེན་པོ་སུམ་ཅུ་ལྷག་ཡོད་པའི་ནང་བྱ་གཟེབ་ཁག་ཅིག་ཏུ་བྱ་ཕྲུག་བརྒྱ་ཕྲག་ཁ་ཤས་བཅུག་ཡོད་ལ། དེ་གར་ད་དུང་བྱ་རིགས་འཛིན་བྱེད་འགྲིལ་གཟེབ་དང་འབྱར་རྒྱ་མཆིས་པར་མ་ཟད་ཉེས་དོགས་ཅན༧གྱིས་ཁྲིམས་འགལ་ངང་རི་དྭགས་རྔོན་པ་དང་རི་སྐྱེས་སྲོག་ཆགས་ཉོ་སྡུད་ཀྱི་ལྐོག་ཚོང་བརྒྱབ་པར་བརྟེན། ཉེན་རྟོག་པས་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད། ད་ལྟ་ཉེན་རྟོག་པས་ཉེས་དོགས་ཅན༤ལ་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ནས་ཁག་ཁྱེར་བཀའ་སྒུག་བྱེད་དུ་བཅུག་ཡོད། སྔོན་ཆད་རང་བྱུང་ཁམས་སུ་བག་ཕེབས་ངང་གནས་མལ་འཆའ་བའི་རི་སྐྱེས་སྲོག་ཆགས་དག་ནི་དེང་གི་ཆར་འགྲོ་བ་མིས་ཁྲིམས་འགལ་བརྔོན་རྒྱག་བྱས་པས་རྐྱེན་ངན་ཐོག་བབས་བྱུང་བ་རེད།  འོན་ཀྱང་ཚེ་ཐར་དུ་བཏང་ན་སྲོག་གཅོད་དུ་འགྱུར་བའི་དཀར་ནག་གོ་ལྡོག་ཆགས་དོན་གང་ཡིན་ནམ། གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན་ཚེ་ཐར་གཏོང་བ་ལས་ཁེ་ཕན་གྱི་མུ་ཁྱུད་ལྟ་བུ་ཞིག་གྲུབ་འདུག  ཁེ་སྤོགས་ཐོབ་མཁན་ནི་ནག་ཚོང་པ་དང་སྲོག་ཆགས་འཛིན་མཁན་ཡིན་པ་དང་། གྱོང་གུད་ཕོག་མཁན་ནི་ནམ་ཡང་ཚེ་ཐར་དུ་གཏོང་མཁན་ཡིན། གནོད་འཚེ་ཐེབས་མཁན་ནམ་ཡང་སྲོག་ཆགས་དག་ཡིན་ལ་ཐ་ན་སྲོག་ཆགས་ཁ་ཤས་ནི་གོ་རིམ་འདིའི་ཁྲོད་མནར་གཅོད་བྱས་ཏེ་འཆི་བཞིན་ཡོད་པ་རེད།

ཚོང་འདུས་སུ་ཚེ་ཐར་དུ་བཏང་བའི་སྦྲུལ་དག་ནི་མི་རྣམས་ཀྱིས་བཟུང་བ་རེད། ཉེ་ཆར་རི་སྐྱེས་སྲོག་ཆགས་དག་ཡང་ནས་ཡང་དུ་སྡོད་དམངས་ཁུལ་དུ་མངོན་གྱིན་ཡོད་ལ༢༠༡༡ལོར་ཁོ་ནར་ཅི་ལིན་གྲོང་ཁྱེར་གྱི་སྡོད་དམངས་ཁུལ་དུ་སྦྲུལ་མཐོང་བའི་གནས་ཚུལ་བཞི་བྱུང་། སྤྱིར་ནགས་ཚལ་དུ་འཚོ་སྡོད་བྱེད་བཞིན་པའི་སྲོག་ཆགས་དག་གྲོང་ཁྱེར་དུ་ཡོང་བའི་རྒྱུ་མཚན་ཅི་ཡིན་ནམ།  

ཅི་ལིན་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་ཐང་ཅིན་ཝུན་གྱིས་བརྗོད་པ་ལྟར་ན། སྤྱིར་སྦྲུལ་ནི་རང་བྱུང་ཁམས་ལ་མོས་པ་ལས་གྲོང་ཁྱེར་ནི་དེ་ལ་འཕྲོད་པའི་ཡུལ་ཞིག་མིན་ཕྱིར། སྡོད་དམངས་ཁུལ་དུ་སྦྲུལ་མཐོང་རྒྱུ་ཡོད་པ་ནི་མི་རྣམས་ཀྱི་བྱས་འབྲས་ཁོ་ན་རེད།

ཅི་ལིན་གྲོང་ཁྱེར་གྱི་ཤར་ཕྱོགས་ཚོང་འདུས་སུ་ཚོང་པ་མང་པོས་སྦྲུལ་དང་། རུས་སྦལ། སྦལ་བ་སོགས་བཙོང་བཞིན་འདུག  གསར་འགོད་པ་ཉོ་བདག་ཏུ་བརྫུས་ནས་ཁོ་ཚོར་གླེང་མོལ་བྱས་པ་ན། ངེད་ཀྱིས་སུང་ཧྭ་སྦྲུལ་བཙོང་གིན་ཡོད་ལ་དུག་མེད་སྦྲུལ་དུ་གཏོགས་པ་དང་རེ་རེར་སྒོར༡༠༠རེ་ཡིན། ཁྱེད་ཀྱིས་ཚེ་ཐར་དུ་གཏོང་བ་ཡིན་ན་བཙོང་ཆོག་ཟེར།  

སྦྲུལ་དེ་དག་གང་ནས་བཟུང་ངམ་ཞེས་དྲིས་པར། ཚོང་པས་དེ་དག་ནི་གྲོང་མི་རྣམས་ཀྱིས་ཉེ་འགྲམ་གྱི་རི་སྒང་དུ་བཟུང་བ་རེད།  ཅེས་བཤད་ཅིང་། འོ་ན་འདི་དག་ལ་སྲུང་སྐྱོང་བྱེད་མི་དགོས་སམ། ཞེས་སླར་ཡང་དྲིས་པ་ན། སྐྱོན་ཡོད་པ་མ་རེད་ཟེར།  

གསར་འགོད་པས་ཡང་བསྐྱར་སྦྲུལ་ཚོང་ཁང་ཞིག་ལ་བཅར་འདྲི་བྱས་པར་ཚོང་ཁང་དེར་བཙོང་བཞིན་པ་ནི་སྦྲུལ་ཆུང་གི་རིགས་ཡིན་ལ་སྦྲུལ་རེར་སྒོར༡༠རེ་རེད། ཚོང་བདག་མ་དེས་ཀྱང་འདི་དག་ནི་མི་གཞན་གྱིས་རི་སྒང་དུ་བཟུང་རྗེས་འདིར་བསྐྱལ་བ་ཡིན་ལ་ང་ཚོས་ཚེ་ཐར་དུ་གཏོང་མཁན་ཁོ་ནར་བཙོང་བཞིན་ཡོད་ཟེར།  གསར་འགོད་པས་ཚེ་ཐར་ལ་བཏང་རྗེས་ཡང་བསྐྱར་མི་རྣམས་ཀྱིས་ཕྱིར་འཛིན་གྱིན་ཡོད་དམ། ཞེས་དྲིས་པ་ན།  མི་རྙེད་ས་ཞིག་ཏུ་ཚེ་ཐར་ལ་མ་བཏང་ཚེ་གཞན་གྱིས་ཕྱིར་འཛིན་པ་ཐག་ཆོད་ཡིན།   ཞེས་བརྗོད་བྱུང་།

གྲོང་ཁྱེར་གྱི་སྡོད་དམངས་ཤིག་གིས་ཚེ་ཐར་དུ་གཏོང་བ་དེ་ཚེ་སྲོག་གཅོད་པར་འགྱུར་མི་རུང་བར་སྙམ།

ལོ་ན༣༠ཡིན་པའི་ལྕམ་མོ་ཡོན་ནི་ཚེ་ཐར་གཏོང་བའི་ལས་སུ་ཞུགས་མྱོང་། ངའི་ཚེ་ཐར་གཏོང་བའི་ཀུན་སློང་ནི་རི་སྐྱེས་སྲོག་ཆགས་གསོན་པའི་ཆེད་ཡིན་མོད། ཡིད་ལ་མ་འཁོར་བ་ཞིག་ནི་ཚེ་ཐར་གཏོང་བའི་དགེ་བའི་ལས་ཁ་ཤས་ནི་ཚེ་སྲོག་གཅོད་པར་གྱུར་འདུག  ཐེངས་ཤིག་ལ་ངའི་གཉེན་ཉེ་ཁ་ཤས་ཀྱིས་ཚོང་འདུས་སུ་འདམ་ཉ་ཉོས་ནས་སུང་ཧྭ་གཙང་པོར་ཚེ་ཐར་དུ་བཏང་བ་དང་།  རྗེས་སུ་ང་རང་གཙང་པོའི་ངོགས་གཞན་དུ་སོང་ཚེ་འདམ་ཉ་མང་པོ་གཙང་ངོགས་ཀྱི་འདམ་རྫབ་ཏུ་ཤི་འདུག་ལ།  སྐབས་དེར་ང་རང་གིས་འདམ་ཉ་ནི་དྲོད་ཚད་དམའ་བའི་སུང་ཧྭ་གཙང་པོར་གསོན་ཐུབ་ཀྱིན་མེད་པ་རྟོགས་ཤིང་།  ཉེ་སྔོན་གཉེན་ཉེ་ཚོས་ཚེ་ཐར་ལ་བཏང་བའི་འདམ་ཉ་རྣམས་ཀྱི་ཐོག་ཏུའང་རྐྱེན་ངན་འདི་འབབ་སྲིད་པ་རྟོགས་རྗེས་ངས་ཡིད་ཧ་ཅང་མུག་པ་དང་མི་མང་པོར་ཚེ་ཐར་དུ་གཏོང་བའི་ཐད་གོ་འཛོལ་ཆེན་པོ་ཡོད་པ་རྟོགས།

ཐང་ཅིན་ཝུན་གྱིས་དེང་སྐབས་ཚེ་ཐར་དུ་གཏོང་བའི་ཤུགས་སུ་ཁེ་ཕན་གྱི་མུ་ཁྱུད་ཅིག་ཆགས་ཟིན་པར་མ་ཟད་ཐ་ན་ཚོང་ལས་ལྟ་བུ་ཞིག་ཏུའང་གྱུར་འདུག  དཔེར་ན།  བྱ་རིགས་ཚེ་ཐར་དུ་གཏོང་བར་སྔོན་ལ་ བྱ་རིགས་ནག་ཚོང་པར་ཁ་ཆད་བྱས་ཏེ་ཉོ་རྒྱུའི་གཏན་ཁེལ་བྱས་རྗེས་བྱ་རིགས་འཛིན་མཁན་དང་གྲོས་མཐུན་འཇོག་པ་དང་། དེ་དག་གིས་སླར་ཡང་གྲོས་མཐུན་ལྟར་བཟུང་ནས་བྱ་རིགས་ནག་ཚོང་པའི་སར་སྐྱེལ་བཞིན་ཡོད། བྱ་རིགས་ནག་ཚོང་པས་དགོས་མཁོ་ལྟར་ཚེ་ཐར་དུ་གཏོང་མཁན་ལ་བཙོང་གིན་ཡོད་པ་སོགས་ལྟ་བུ་ལས་བཙོག་པ་འཁོར་རྒྱུག་གི་ཁེ་ཕན་གྱི་མུ་ཁྱུད་ཅིག་གྲུབ་ཡོད། དེ་ལྟ་བུའི་སྐྱོན་ངན་གྱི་ཁྲོད་ནས་ཁེ་སྤོགས་ཐོབ་མཁན་ནི་ནག་ཚོང་པ་དང་འཛིན་མཁན་ཡིན་ལ།  གྱོང་གུད་ཕོག་མཁན་ནི་ནམ་ཡང་ཚེ་ཐར་དུ་གཏོང་མཁན་ཡིན། གནོད་འཚེ་ཐེབས་མཁན་ནམ་ཡང་སྲོག་ཆགས་དག་ཡིན་ལ་ཐ་ན་སྲོག་ཆགས་ཁ་ཤས་ནི་གསོན་པོར་མནར་གཅོད་བྱས་ཏེ་འཆི་བཞིན་ཡོད་ཅེས་བཤད་བྱུང་། 

གནས་ཚུལ་རྟོགས་མཁན་ཞིག་གིས་བྱ་རིགས་འཛིན་པའི་མ་རྩ་དམའ་བ་དང་ཁེ་སྤོགས་མཐོ་ཞེས་བཤད།

བྱ་རིགས་འཛིན་པར་རྒྱུས་མངའ་ཆེ་མཁན་ཞིག་གིས་མཚམས་སྦྱར་བ་ལྟར་ན། དེང་སང་ཚེ་ཐར་ལ་གཏོང་མཁན་གྱི་དགོས་མཁོའི་དབང་གིས་བྱ་རིགས་འཛིན་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ལ།  བྱ་རིགས་འཛིན་པའི་དཔུང་སྡེ་ཡང་ཇེ་མང་དུ་སོང་བ་དང་།  སྔོན་ཆད་ཁྲིམས་འགལ་རྔོན་རྒྱག་གི་ལས་ཀ་སྒྲུབ་མཁན་ཉུང་ཤས་ཡིན་ནའང་ད་ལྟ་བྱ་རིགས་འཛིན་པའི་མ་རྩ་དམའ་བ་དང་ཁེ་སྤོགས་མཐོ་བས་ཞིང་པ་མང་པོ་ཡང་དེའི་གྲས་སུ་ཞུགས་ཡོད་ཅིང་། འབྱར་རྒྱ་དང་འགྲིལ་གཟེབ་སོགས་ཡོ་བྱད་ཀྱིས་བྱ་རིགས་འཛིན་པ་དང་ཡོ་བྱད་དེ་དག་ལ་སྒོར་བརྒྱ་ཙམ་ཡིན་པ་དང་ཡང་ཡང་བཀོལ་ཆོག་པས་རེད།  

ལས་གཉེར་བ་ཞིག་གིས་བརྗོད་པ་ལྟར་ན།  སྲོག་ཆགས་འཛིན་པ་ནས་བཙོང་བ་དང་ཚེ་ཐར་དུ་གཏོང་བའི་རིང་བྱ་རིགས་མི་ཉུང་བ་འཆི་བར་འགྱུར།  དེར་མ་ཟད་འཛིན་སྐབས་བྱ་རིགས་ཁ་ཤས་འབྲོ་སླད་རྙི་རྒྱ་ནས་གཤོག་པ་བསྣད་པའམ་གཟེབ་ཏུ་རྨས་པ།  བྱ་རིགས་གཞན་གྱིས་བརྫི་བ་བཅས་བྱེད་སྲིད་པས་ཁག་ཅིག་འཆི་བ་རེད།  གཞན་ལ་བཙོང་སྐབས་ཉིན་གཅིག་ལ་བཞག་ཚེ་བྱ་མི་ཉུང་བ་འཆི་ངེས་རེད། བྱ་མང་ཤས་ལ་ཞེ་སྡང་ཆེ། མཆིལ་བ་ལྟ་བུར་མཚོན་ན་རྒུམ་བུ་ཅི་ཞིག་སྤྲད་ཅིང་མི་ཟ་བས་ཉིན་གཅིག་མ་འགོར་བར་འཆི་བར་འགྱུར།  གལ་ཏེ་བྱ་རིགས་བརྒྱའི་ནང་དུ་ཉིན་གཅིག་གི་རྗེས་སུ་ཉུང་མཐར་ཡང་བཅུ་ཕྲག་ལྷག་འཆི་བར་ཆ་བཞག་ན་ཉིན་གཉིས་ཀྱིས་རྗེས་སུ་ཕྱེད་ཀ་ལྷག་འཆི་ངེས་རེད།

ཚེ་ཐར་དུ་གཏོང་མཁན་ལ་བཙོང་ན་ཡང་ཉིན་དེར་ཚེ་ཐར་དུ་གཏོང་ཐུབ་པའི་ངེས་པ་མེད་ཅིང་།  ཚེ་ཐར་དུ་གཏོང་དུས་ལ་སླེབས་སྐབས་བྱ་རིགས་ཆུང་ངུ་མང་པོ་བཀྲེས་ལྟོགས་ཀྱི་དབང་གིས་རང་བྱུང་ཁམས་ལ་ལོག་མི་ཐུབ་ལ་ཁག་ཅིག་ད་དུང་འཆི་ངེས་རེད།  རྐྱེན་ངན་དེ་འདྲ་མང་པོ་ཞིག་བརྒྱུད་རྗེས་དངོས་སུ་ཡག་པོར་གསོན་ཐུབ་པའི་བྱ་རིགས་ཚེ་ཐར་ནི་ཉུང་ངུ་ཙམ་ལས་མེད་པར་མ་ཟད།  དེ་དག་ལ་སླར་ཡང་རྐྱེན་ངན་ཐོག་ཏུ་འབབ་ཡང་སྲིད་པ་རེད། 

ཚེ་ཐར་ལས་ཀྱིས་བྱ་རིགས་ཐོན་ཁུངས་ལ་གྱོང་གུད་ཆེན་པོ་ཐེབས།

ཐང་ཅིན་ཝུན་གྱིས་ཚེ་ཐར་གྱི་སྐོར་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ༼ཚེ་ཐར་སྐོར་གྱི་སྙན་ཞུ༽ཡང་བྲིས་པ་རེད། བྱ་རིགས་ལ་ཆ་མཚོན་ན་སྔོན་ཆད་མི་རྣམས་ཀྱིས་རྙི་རྒྱ་ཕྲ་མོ་ཙམ་ལ་བརྟེན་ནས་བྱིའུ་སེར་སོགས་གཅེས་རྟེན་དུ་ཉར་བ་དང་སྐྱེ་ཁམས་དོ་མཉམ་ཐད་ངན་ཤན་ཆེན་པོ་མེད། ལོ་འདི་འགར་ཚེ་ཐར་ལ་གཏོང་བའི་འུར་འདྲོག་ལས་རྒྱ་རྙི་ཆེན་པོ་དང་གང་བྱུང་དུ་འཛིན་མཁན་ཇེ་མང་དུ་སོང་སྟེ་བྱ་རིགས་ཀྱི་ཐོན་ཁུངས་ལ་འཇིགས་ཉེན་ཆེན་པོ་བྱུང་།  

དེང་སང་ཚོང་འདུས་སུ་ཁྲིམས་འགལ་ངང་ལྐོག་ཚོང་བྱེད་པའི་རི་སྐྱེས་བྱ་རིགས་ལོ་ལྟར་བརྒྱ་ལྷག་ཟིན་པ་དང་།  ལོ་རེའི་བཙོང་ཚད་ཁྲི་ལྷག་ལོན་པ་དེས་བྱ་རིགས་ཐོན་ཁུངས་ལ་གྱོང་གུད་ཆེན་པོ་ཕོག་པ་ཙམ་དུ་མ་ཟད་སྐྱེ་ཁམས་ཉམས་རྒུད་ཆེན་པོའང་བཟོས་པ་རེད། 

ཐང་ཅིན་ཝུན་གྱིས་བྱ་རིགས་བཟུང་རྗེས་གཅེས་རྟེན་དུ་ཉར་བ་ནི་ཉུང་ཉུང་ཙམ་ཡིན།  བྱ་རིགས་ནི་གསོ་དཀའ་བའི་སྲོག་ཆགས་ཡིན་པས་གསོ་ཚགས་ཤེས་བྱ་དགོས་པར་མ་ཟད་ཚན་རིག་དང་མཐུན་པའི་ངང་གསོ་དགོས།  མི་མང་པོ་ཞིག་གིས་ཡག་པོར་གསོ་མ་ཤེས་པས་དུས་ཚོད་ཐུང་ངུའི་ནང་འཆི་བའི་སྣང་ཚུལ་ཡང་འདུག  གཞན་ཞིག་ནི་འགྲོ་བ་མིའི་ཟ་བ་དང་དེའི་ནང་བྱ་རིགས་འཛིན་མཁན་དང་གཞན་ལ་བཙོང་ནས་ཟས་སུ་བྱེད་པའང་ཡོད་ཅེས་བརྗོད་བྱུང་། 

ཕལ་ཆེ་བ་ནི་ཚེ་ཐར་དུ་བཏང་བ་ཡིན་ནའང་དེའི་རིགས་འཆི་ཚད་ནི་ཧ་ཅང་མང་བ་རེད་ཅེས་བཤད་པ་མ་ཟད།  བྱམས་སེམས་ཅན་མང་པོས་བྱ་རིགས་ཀྱི་ནག་ཚོང་རྒྱག་ཚུལ་མཐོང་བ་སེམས་ཀྱིས་མ་བཟོད་པར་ཉོས་ནས་ཚེ་ཐར་དུ་གཏོང་མོད།  ཚོང་བ་གཡོ་ཅན་ཚོས་ཀུན་སློང་དེ་ལས་ཁེ་སྤོགས་རེག་པ་རྟོགས་པས་སྨྱོས་པ་ལྟར་བྱ་རིགས་འཛིན་པ་དང་ལྐོག་ཚོང་བརྒྱབ་ནས་དགོས་པའི་དངུལ་ལེན་ཐབས་བྱེད་ཀྱི་ཡོད།  དེའི་ཆ་ནས་བརྟག་ན་ཚེ་ཐར་དུ་གཏོང་བའི་སྦྱོར་བ་ནི་དོན་དམ་པར་ཚེ་སྲོག་གཅོད་པ་ཉིད་ལས་མ་འདས་ཤིང་ཕྱི་ཚུལ་དུ་དགེ་བ་སྒྲུབ་མོད་དོན་གྱིས་སྡིག་པ་གསོག་པ་རང་ཡིན་ནོ།།

རི་སྐྱེས་སྲོག་ཆགས་ལ་སོ་སོའི་གནས་ཡུལ་ཡོད་པ་དང་ཕྱི་ནས་ཡོང་བའི་རིགས་མཐུན་སྒེར་པས་ཁོ་ཚོར་གནོད་ཕྱིར་འགྲོ་བ་མིའི་འགན་མི་འཁུར་བའི་སྐྱོན་ངན་གྱིས་སྐྱེ་ཁམས་ལ་མཇུག་འབྲས་ཚབས་ཆེན་བསྐྱེད།  སྔོན་ཆད་ལིའོ་ཉིང་དུ་མཇལ་བ་ཞིག་གིས་ཉ་ཕི་རཱ་རྣི་ཉ་གསོ་ཆུ་མཛོད་དུ་ཚེ་ཐར་ལ་བཏང་བས་དེ་གའི་ཉ་ཐམས་ཅད་ཟས་ཚར་བ་དང་གསོ་ཚགས་ར་བར་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཕོག  སྟབས་ལེགས་པ་ཞིག་ལ་ཉ་ཕི་རཱ་རྣིས་དྲོད་ཚད་དམའ་མོ་མི་བཟོད་པས་དགུན་ཁར་འཁྱག་ནས་ཤི་བས་ད་གཟོད་སྣོད་བཅུད་ཀྱི་འཇིགས་པ་ཚབས་ཆེན་མ་བྱུང་བ་རེད། 

ཚེ་ཐར་དུ་གཏོང་བ་ལེགས་མོད་འོལ་ཚོད་ཀྱི་ལས་ལ་དགག་པར་བྱ།

ཐང་ཅིན་ཝུན་གྱིས་ཚེ་ཐར་དུ་གཏོང་བ་ལེགས་མོད་འོལ་ཚོད་ཀྱི་ལས་ལ་དགག་པར་བྱ་ཞེས་བཤད་པ་སྟེ།

དང་པོ་ནི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་རྐྱེན་དུ་གྱུར་ཏེ་ཁེ་ཕན་གྱི་མུ་ཁྱུད་ཆགས་པ་དང་།

གཉིས་པ་ནི་ཚེ་ཐར་འོལ་ཚོད་དུ་བཏང་བའི་དབང་གིས་སྲོག་ཆགས་འབོར་ཆེན་འཆི་ལམ་དུ་བརྫངས་པ་སྟེ། ཚེ་ཐར་དུ་གཏོང་མཁན་མང་པོས་ཚེ་ཐར་དུ་གཏང་རྒྱུའི་སྲོག་ཆགས་གང་ཡིན་པ་དང་།  དེ་དག་གི་འཚོ་གནས་བྱ་ཡུལ་མི་རྟོགས་པའི་རྐྱེན་གྱིས་སྲོག་ཆགས་ཇི་སྙེད་ཅིག་ཁོར་ཡུག་ལ་མ་འཕྲོད་པའི་དབང་གིས་ཤི་བར་གྱུར། གཞན་ཡང་རྙི་ལ་ཚུད་པ་དང་ལྐོག་ཚོང་ཐེབས་རྗེས་དེ་དག་ཕྱི་རོལ་ཏུ་གསོན་ཐུབ་བམ།  ཉ་རིགས་ལ་དཔེར་མཚོན་ན། མང་པོ་ཞིག་ཆུ་མཛོད་ལས་བཟུང་བ་དང་སུང་ཧྭ་གཙང་པོའི་དྲོད་ཚད་དམའ་བས་ཚེ་ཐར་ཏུ་བཏང་བའི་ཉ་རྣམས་འཕྲལ་མར་དྲོད་ཚད་དམའ་མོར་གོམས་མ་ཐུབ་པར་གཙང་ངོགས་སུ་མྱུལ་བ་དང་།  དེ་ལས་མི་ཁ་ཅིག་གི་ཧམ་སེམས་བསྐྱེད་པ་དང་རྒྱུན་ཏུ་ཚེ་ཐར་ལ་བཏང་བའི་དབང་གིས་གཙང་འགྲམ་དུ་མི་སྐོར་ཞིག་གིས་ཉ་ཚེ་བླུ་དག་ཆེད་མངགས་འཛིན་བཞིན་ཡོད་པ་རེད། 

སྦྲུལ་རིགས་ཚེ་ཐར་གཏོང་བ་ཡང་དེ་དང་ཆ་འདྲ་སྟེ། ལྷོ་ཕྱོགས་ནས་ལྐོག་འདྲེན་བྱས་པའི་སྦྲུལ་རིགས་མང་པོ་ནི་བྱང་ཕྱོགས་ཀྱི་གྲང་ངར་ལ་མི་གོམས་པས་ཚེ་ཐར་དུ་བཏང་ཡང་གསོན་དཀའ་ཞིང་།  སྦྲུལ་དུག་ཤེད་ཅན་ལ་དེ་བས་ཀྱང་ཉེན་ཁ་ཆེ་སྟེ།  བྱང་ཕྱོགས་ཀྱི་སྨན་ཁང་དུ་ལྷོ་ཕྱོགས་དུག་སྦྲུལ་གྱི་དུག་འགོག་དྭངས་ཁྲག་དང་གསོ་བཅོས་སྨན་རྫས་མེད་པས་མི་ལ་བལྡགས་ཚེ་སྐྱོབ་དཀའ་བ་རེད། 

གསུམ་པ་ནི་སྲོག་ཆགས་ཀྱི་ལུས་ཀྱི་ཕྱི་ནང་དུ་སྐྱེ་ཕྲན་མང་པོ་ཡོད་པ་དང་། དེ་དག་ལས་ཁ་ཅིག་ནི་རང་སར་ན་ཚ་མི་ཕོག་ནའང་གཞན་ཡུལ་དུ་རིམས་ནད་འབྱུང་སྲིད་དེ་འདབས་ཆགས་རིམས་ཆམ་ནི་དཔེ་མཚོན་ཉག་གཅིག་ཡིན།

བཞི་པ་ནི་ཕྱི་ཡོང་སྲོག་ཆགས་ཀྱི་གནོད་འཚེ།  རང་རྒྱལ་དུ་གནོད་འཚེ་ཅུང་ཆེན་པོ་སྐྱེད་མཁན་པར་ཙིར་གྱི་རུས་སྦལ་དང་རུས་སྦལ་རྨིགས་པ་སོགས་ཡིན། གཞན་ཡང་ཕྱི་ཡོང་སྲོག་ཆགས་ཀྱིས་བཙན་འཛུལ་བྱས་རྗེས་རང་སའི་སྲོག་ཆགས་བར་རྒྱུད་འདྲེས་ནས་གཞི་རྒྱུ་བརྫད་པ་དང་།  སྐྱེ་དངོས་ཁག་ཅིག་རྩ་མེད་དུ་འགྲོ་སྲིད་པ་རེད།  

ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ཡང་ཚོགས་བསགས་དགེ་སྦྱོར་གྱི་ལས་ཤིག་ཡིན།  ཉོ་ཚོང་མེད་ན་འཚེ་བའང་མེད་ཅེས་པ་དེ་རི་སྐྱེས་སྲོག་ཆགས་སྲོང་སྐྱོབ་ཐད་འཕྲོད་པ་མ་ཟད་ཚེ་ཐར་སྲོག་བླུའི་ཐད་དུ་ཡང་དེ་བཞིན་ནོ།།

ཐང་ཅིན་ཝུན་གྱིས་ཀུན་གྱིས་འོལ་ཚོད་དུ་ཚེ་ཐར་ལ་མི་གཏོང་བར་རི་སྐྱེས་སྲོག་ཆགས་འཚེ་མཁན་འགོག་པ་དང་།  རང་བྱུང་ཁམས་ཀྱི་འདབ་ཆགས་ལ་གཟན་སྟེར་བའམ་བྱ་ཚང་བཟོ་བ།  འདབ་ཆགས་འཁོར་ཡུལ་ལ་སྲུང་སྐྱོབ་བགྱི་བའང་ཚོགས་བསགས་དགེ་སྦྱོར་གྱི་ལས་ཤིག་ཡིན་ཞེས་བརྗོད། 

ཚེ་ཐར་ལ་གཏོང་མཁན་གྱིས་སྲོག་ཆགས་དེ་དག་འཆི་རུ་འཇུག་མི་འདོད་ན་ཚེ་ཐར་དུ་གཏོང་བའི་ཐད་ཅིས་ཀྱང་འགན་འཁུར་དགོས།  ཐང་ཅིན་ཝུན་གྱིས་ཚེ་ཐར་དུ་གཏོང་རྒྱུའི་སྲོག་ཆགས་ནི་རབ་ཡིན་ན་ཆེད་དུ་མ་ཉོས་ན་བཟང་།  རྨས་པའམ་ན་ཚ་བྱུང་ནས་སྐྱོབ་དགོས་པའི་རི་སྐྱེས་སྲོག་ཆགས་ལ་འཕྲད་ཚེ་རབ་ཡིན་ན་ཆེད་ལས་མི་སྣ་བཙལ་ནས་ཆེད་ལས་རོགས་སྐྱོབ་རྩ་འཛུགས་ལ་རོགས་བྱེད་དུ་འཇུག་དགོས།  རི་སྐྱེས་སྲོག་ཆགས་གང་འདོད་དུ་རྔོན་པ་མཐོང་ཚེ་རང་སའི་ནགས་ལས་ཅུས་སམ་ནགས་ཚལ་སྤྱི་བདེ་སྡེ་ཚན་ལ་གོང་ཞུ་བྱེད་པ་དང་།  གཞུང་བཞེས་བྱས་པའི་སྲོག་ཆགས་རྣམས་ཚེ་ཐར་དུ་བཏང་ཆོག 

རི་སྐྱེས་སྲོག་ཆགས་ཀྱི་ཐད་ཆེད་ལས་མི་སྣས་ཚན་རིག་དང་མཐུན་པའི་ངང་ཚེ་ཐར་དུ་གཏང་དགོས།  རི་སྐྱེས་སྲོག་ཆགས་བདེ་ཐང་ཡིན་པ་དང་ཕྱི་རོལ་ཏུ་འཚོ་གནས་ཐུབ་ཚེ་ཁོར་ཡུག་འཕྲོད་སར་བསྐྱལ་ནས་དུས་ཚིགས་ཡག་ཤོས་སུ་རང་བྱུང་ཁམས་ཀྱི་ཕང་བར་གཏང་དགོས་ཞེས་བརྗོད།

ཁ་བྱང་ཕྱི་མོ། སྲོག་བླུའི་ནག་ཚོང་། སྲོག་བླུ་ཅི་ཙམ་མང་ན་སྲོག་གཅོད་ཀྱི་གྲངས་ཀ་དེ་ལྟར་མང་།

 (རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060