སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་གི་གནད་དོན་གླེང་བ།
སྤེལ་དུས། 2017-09-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།
          སློབ་གྲོགས་ཚོ་ལ་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་དང་ཁོར་ཡུག་གི་གནད་དོན་ལབ་གླེང་བྱེད་པར་ང་ཤིན་ཏུ་དགའ་མོས་བྱུང་ཡོད།
          སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་ཀྱི་རྟེན་གཞི་གཙོ་བོ་སྟེ། དེ་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་འཕེལ་རྒྱས་མཐོར་འདེགས་མུ་ནས་མུར་འབྱུང་བའི་དངོས་པའི་རྨང་གཞི་ཡིན།
          སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་ཀྱི་རྟེན་གཞི་གཙོ་བོ་སྟེ། དེ་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་འཕེལ་རྒྱས་མཐོར་འདེགས་མུ་ནས་མུར་འབྱུང་བའི་དངོས་པོའི་རྨང་གཞི་ཡིན། ས་གནས་ཤིག་ལ་མཚོན་ན། སྐྱེ་ཁམས་ཁོར་ཡུག་གི་བཟང་ངན་གྱིས་ཐད་ཀར་ས་ཆ་དེའི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་བའི་ཆུ་ཚད་མཚོན་པ་དང་།
          ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ས་དེའི་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ཤེས་རིག་ཚད་རིམ་ཞིག་མཚོན་རྟགས་སུ་གྲུབ་ཡོད། ངས་དུས་རབས་གོང་མའི་ལོ་རབས་༨༠པ་ནས་བཟུང་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དོ་སྣང་བྱེད་པ་དང་ཆབས་ཅིག་ཞིབ་འཇུག་གི་མགོའང་བརྩམས་པ་ཡིན། སྐབས་འདིར་ངས་ཐོག་མར་རང་གིས་ཅིའི་ཕྱིར་མདོ་དབུས་མཐོ་གཞོངས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་ཁྱོད་ཚོར་ངོ་སྤྲོད་རགས་ཙམ་བྱ་སྟེ། རྒྱུ་མཚན་ནི་དེ་ལ་ཚང་མས་དྲི་བ་འདྲེན་ངེས་པས་སོ།། དེ་ཡང་སྡོང་བོ་ལ་རྩད་པ་དང་ཆུ་བོ་ལ་འབྱུང་ཁུངས་ཡོད་པ་ནང་བཞིན། བདག་ཀྱང་མདོ་དབུས་མཐོ་གཞོངས་ཀྱི་དཀྱིལ་སྙིང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཐང་རྒན་དུ་སྐྱེས། ངའི་དྲན་འཛིན་གྱི་ཡུལ་དུ་ཐང་རྒན་རྩྭ་ཐང་ནི་ནོར་ལུག་རྩྭ་གསེང་དུ་འཛུལ་ན་མིས་མི་མཐོང་བའི་ཚད་ཡིན། དྲན་འཛིན་གྱི་ཡོལ་བའི་ངོས་སུ་ད་ལྟའང་གསལ་བར་དྲན་པ་ནི༡༩༥༨ལོའི་ཡར་སྔོན་དུ། རྩྭ་ཐང་གི་འབྲོག་མི་རྣམས་ལ་སེམས་ཁུར་གཉིས་ཡོད་དེ། གཅིག་ནི་འབྲོག་པའི་དབྱར་སར་བྱིས་པ་རྣམས་ན་ཐང་དུ་རྩེད་མོར་གཡེང་བ་དེ་ཡིན། ང་ཚོའི་ཕ་ཡུལ་གྱི་མུ་མཐའ་བྲལ་པའི་རྩྭ་ཐང་དུ་ག་ས་གང་དུ་གྱ་གྱུའི་ཆུ་བོ་དང་ན་ཁུད་མུ་ནས་མུར་ཡོད་པས། སེམས་ཆུང་ཏོག་ཙམ་མ་བྱས་ཚེ་ན་འདམ་དུ་ཟུག་འགྲོ་བ་ཡིན། སེམས་ཁྲལ་གཞན་ཞིག་ནི་རུ་དགུན་སར་སོ་མར་བསླེབས་ཚེ། བྱིས་པ་རྣམས་འབྲོག་ཁྱིམ་དང་ཅུང་རིང་བའི་རྩྭ་གསེང་ལ་འགྲོ་བར་དོགས་པ་ཡིན་ཏེ། གལ་སྲིད་མཉམ་མ་བཞག་པར་རྩྭ་གསེང་ལ་ཤོར་ཚེ། མཐོང་ལམ་བསྒྲིབས་ནས་ཕྱིར་ཡོང་བའི་ལམ་མི་ཤེས་པ་དེ་རེད། རྩྭ་རྐང་མཐོ་ལ་རྩི་དཔུང་རྫུབས་པས་འབྲོག་པ་རྣམས་ཀྱིས་དགུན་སར་སྦྲ་འབུབས་སྐབས་རྩྭ་བྲེགས་རྗེས་ད་གཟོད་འབུབས་པ་ཡིན། ང་ཕ་ཡུལ་དང་གྱེས་ནས་ལོ་ཉི་ཤུ་ཙམ་ལས་འགོར་མེད་ནའང་། ད་ལྟ་ཕྱིར་བསླེབས་ཚེ་རྩྭ་ཐང་གི་ངོ་བོ་འགྱུར་ཏེ་སྔོན་ཆད་ཀྱི་རྣམ་པ་ཡེ་ནས་མཐོང་རྒྱུ་མི་འདུག མི་གྲངས་ཇེ་མང་ལ་སོང་ཞིང་རྩྭ་ཐང་བསློགས་ནས་ཞིང་སར་བསྒྱུར་པ་དང་། ནགས་ཚལ་སྐྲ་ལོ་བཞིན་བཞར་བ། ཆུ་བོའི་བཞུར་ཚད་སྔར་ལས་ཕྱེད་ཀ་ཇེ་ཉུང་དུ་སོང་བ་བཅས་སོ།། དེ་སྔོན་ངེད་ཚང་གི་མདུན་ཕྱོགས་སུ་ཆུ་ནག་ཅེས་པའི་ཆུ་ཞིག་ཡོད་པ་དེ་ཇེ་ཆུང་ལ་རབ་ཅིག་སོང་ཡོད་དེ། ༡༩༦༨ལོར་ང་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིར་རྗེས། ན་གཞོན་ཤེས་ཡོན་ཅན་ཞིང་སྡེར་འགྲོ་བའི་ལས་འགུལ་དུ་ཞུགས་ཏེ་ཕ་ཡུལ་དུ་ལོག་པ་ན། ཆུ་དེས་ད་དུང་རང་འཐག་སྐོར་ཐུབ། ས་དེའི་བོད་པ་རྣམས་ཀྱིས་ཨ་ཁུ་ལིའུ་ཅ་ཞེས་འབོད་པའི་རྒྱ་རིགས་རྒན་པོ་ཞིག་དང་ངེད་གཉིས་ཀྱིས་ལོ་ཕྱེད་ཙམ་ལ་རང་འཐག་བདག་གཉེར་པའི་ལས་ཀ་བསྒྲུབས་མྱོང་། ཡིན་ནའང་ལོ་ངོ་ཉི་ཤུ་འགོར་པའི་རྗེས﹙༡༩༨༨ལོ﹚སུ་ང་སླར་ཡང་ཕ་ཡུལ་དུ་ལོག་ཚེ། ཆུ་དེ་སྔར་ནས་བསྐམས་ཟིན་ལ་རང་འཐག་ཀྱང་ཞིག་རལ་ཏུ་གྱུར་ནས། ཤུལ་དུ་མཆིག་རྡོ་གཉིས་རྩྭ་གསེར་དུ“གདོང”ཕྱེད་ཀ་མངོན་ནས་འདུག ཕ་ཡུལ་གྱི་འགྱུར་ལྡོག་དེ་རང་འཐག་ཅིག་གི་ལས་དབང་ལས་ཀྱང་ཅུང་ཙམ་མཚོན་ཐུབ་ལ། དེ་ལས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བཙོག་པར་འགྱུར་བའི་མྱུར་ཚད་དེ་གསལ་བར་རྟོགས་ཐུབ། དོན་དག་ཕྲན་ཚེགས་དེས་བདག་གི་སེམས་པར་ཕོག་ཐུག་ཆེན་པོ་ཐེབས་པས། ངས་གཞི་ནས་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་ལ་དོ་སྣང་ཁྱད་པར་བ་བྱེད་དགོས་བྱུང་། སྐབས་དེར་ངས་ཅི་ལིན་སློབ་ཆེན་གྱི་དཔལ་འབྱོར་བདག་གཉེར་དོ་དམ་སློབ་གླིང་དུ་ལས་ཐོག་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བྱེད་བཞིན་ཡོད་པས། ངའི་རབ་འབྱམས་པའི་ཆེད་རྩོམ་ཡང《མདོ་དབུས་མཐོ་གཞོངས་ཀྱི་ཁོར་ཡུག་དང་འཕེལ་རྒྱས》ཞེས་པ་དེ་ཡིན་ལ། བདག་གི་མདོ་དབུས་མཐོ་གཞོངས་ཀྱི་ཁོར་ཡུག་འཕེལ་རྒྱས་ཀྱི་གནད་དོན་ཐད་ཀྱི་ཞིབ་འཇུག་གི་མགོའང་དུས་དེ་ནས་བརྩམས་པ་ཡིན། ༡༩༩༣ལོར། བདག་གི《མདོ་དབུས་མཐོ་གཞོངས་ཀྱི་ཁོར་ཡུག་དང་འཕེལ་རྒྱས》ཞེས་པའི་ཞིབ་འཇུག་བྱ་གཞི་དེ། རྒྱལ་ཁབ་ཚན་རིག་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་གལ་ཆེ་བའི་ཞིབ་འཇུག་བྱ་གཞི་རུ་བཀོད་པས། དཔེ་ཚོགས་མུ་རྒྱུན་ཅན་ཞིག་པར་དུ་སྐྲུན་པའི་མགོ་བརྩམས། ད་ལྟའི་བར་དཔེ་ཆ་༩པར་དུ་བསྐྲུན་ཟིན་ལ་བྱ་བ་དེ་ངས་མུ་མཐུད་དུ་སྒྲུབ་བཞིན་ཡོད། ང་ཀན་སུའུ་ཞིང་ཆེན་དུ་བསླེབས་རྗེས། ད་དུང་ལན་གྲུ་སློབ་ཆེན་དང་ཀན་སུའུ་ཞིང་ལས་སློབ་ཆེན། ཀན་སུའུ་སྤྱི་ཚོགས་ཚན་རིག་གླིང་སོགས་སློབ་གྲྭ་ཆེན་མོ་དང་འབྲེལ་ཡོད་ལས་ཁུངས་ཀྱི་བློ་མཐུན་རྣམས་དང་ལྷན་དུ། ཀན་ལྷོའི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་གྱི་ཞིབ་འཇུག་ལས་གཞི་བསྒྲུབས་ཏེ། ཞིབ་འཇུག་གི་འབྲས་བུ་དེ༢༠༠༥ལོར་པར་དུ་བསྐྲུན།
          ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོས་མཐོང་ཆེན་གནང་བའི་རྐྱེན་གྱིས། ལས་གཞི་དེ་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་ཨང་བཅུ་གཅིག་པ”ཡི་སྐབས་ཀྱི་དུང་ཕྱུར་བརྒྱ་ཅན་གྱི་ལས་དོན་ཆེན་མོ་བཅུ་ཞེས་པའི་གྲས་སུ་བཀོད། དེ་ལས་ཀྱང་དགའ་འོས་པ་ཞིག་ནི༢༠༠༦ལོར“ཀན་ལྷོའི་རྨ་ཆུའི་ཆུ་རྒྱུན་གཙོ་བོ་མཁོ་སྤྲོད་ཀྱི་སྐྱེ་ཁམས་བྱེད་ལས་ས་ཁུལ་སྲུང་སྐྱོང་དང་འཛུགས་སྐྲུན”ཞེས་པའི་ལས་གཞི་དེ། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཨང་བཅུ་གཅིག་པ”ཡི་འཆར་འགོད་ཀྱི་མདོ་དོན་དང་། རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི“འཆར་གཞི་ཨང་བཅུ་གཅིག་པ”ཡི་འཆར་འགོད་ཀྱི་གྲས་སུ་བཀོད་པ་དེ་རེད། གཤམ་དུ་ངས་ཕྱོགས་གསུམ་གཙོ་བོར་བཟུང་ནས་གླེང་བར་བྱ་བ་ལ།
          དང་པོ། མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དེ་གོ་ལ་ཟླུམ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་ཆེན་དང་འབྲེལ་བ་དམ་ཟབ་ཡོད་པ།
          མདོ་དབུས་མཐོ་གཞོངས་ལ“འཛམ་གླིང་གི་རྒྱ་ཕིབས” ཞེས་ཟེར་ལ། དེ་ནི་འཛམ་བུ་གླིང་གི་ཆེས་མཐོ་ཞིང་ཆེས་ལོ་ན་གཞོན་པའི་མཐོ་གཞོངས་ཡིན་ཏེ། “ཀྲུང་ཧྭའི་ཆུའི་གཏེར་བུམ་ཆེན་མོ”ཞེས་སུ་གྲགས། དེ་བས་བདག་གིས་དེ་ལ“འབྱུང་གནས་ལྔ”ཞེས་བརྗོད་པ་ཡིན།
          ﹙དང་པོ﹚གྲང་བའི་འབྱུང་གནས། མདོ་དབུས་མཐོ་གཞོངས་ནི་ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་༤༥༠༠ཡས་མས་ཡོད་པས། སའི་གོ་ལའི་སྣེ་གསུམ་པ﹙ལྷོ་སྣེ་དང་བྱང་སྣེ་ལ་ལྟོས་ས་ལྟོས་འཇོག་གིས་བཤད་པ﹚ཡིན། ཆ་སྙོམས་ཀྱི་དྲོད་ཚད་ཅུང་དམའ་སྟེ། ཕལ་ཆེར་རྒྱ་མཚོའི་ངོས་ལས་མཐོ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་དྲོད་ཚད་ཇེ་དམར་འགྱུར་བཞིན་ཡོད་པས་ན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་༠℃མན་ལ་ལྷུང་བའི་རྒྱ་ཁྱོན་དེས་མདོ་དབུས་མཐོ་གཞོངས་ཀྱི་ཕྱེད་ཀ་ཟིན་ཡོད། ཟླ་དང་པོའི་ནང་ས་ཆ་མང་ཆེ་བའི་དྲོད་ཚད--༡༠℃མན་ཡིན་ལ། ཟླ་༧པ་ནི་ཆེས་དྲོ་བའི་དུས་ཏེ། མདོ་དབུས་མཐོ་གཞོངས་ལས་མཚོ་སྔོན་ལྷོ་ཕྱོགས་དང་བོད་ལྗོངས་བྱང་ཕྱོགས་ས་ཁུལ་གྱི་ཆ་སྙོམས་དྲོད་ཚད་ནི་༥℃ཡས་མས་མ་གཏོགས་མེད། དེའི་ཁར་མདོ་དབུས་མཐོ་་གཞོངས་སུ་མཁའ་དབུགས་ཤིན་ཏུ་སྲབ་པར་བརྟེན། ཚ་གྲང་དེ་དུས་མཚུངས་སུ་སྐབས་རེ་ཇེ་མཐོ་དང་སྐབས་རེར་ཇེ་དམའ་རུ་འགྲོ་བས། དྲོད་ཚད་ཀྱི་འགྱུར་ལྡོག་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་དམའ་བའི་བདེ་ཐང་ས་ཁུལ་ལས་ལྡབ་གཅིག་ཡས་མས་ཆེ་བ་རེད། རྒྱུ་མཚན་དེའི་དབང་གིས་མདོ་དབུས་མཐོ་གཞོངས་ནི“གྲང་བའི་འབྱུང་གནས”ཤིག་ཡིན་ཐོག གྲང་བའི་གནོད་མཐོ་ས་ཁུལ་དུའང་གཏོགས་པས། གླིང་ཆེན་ཨེ་ཤ་ཡའི་ཤར་ལྷོའི་དབུགས་གནོན་དང་དྲོད་ཚད། རླུང་། ཆར་ཆུ་སོགས་ལ་ཤུགས་རྐྱེན་རབ་དང་རིམ་པ་ཐེབས་བཞིན་པར་མ་ཟད། སའི་གོ་ལའི་ཕྱེད་ཤར་མ་དང་ཐ་ན་འཛམ་བུ་གླིང་གི་གནམ་གཤིས་སྙོམ་སྒྲིག་བྱེད་པའི་འཕྲུལ་ཆས་ལྟ་བུར་ཡང་གྱུར་ཡོད་དོ།།
          ﹙གཉིས་པ﹚ཆུའི་འབྱུང་གནས། མདོ་དབུས་མཐོ་གཞོངས་ཀྱི་ཆུ་དང་གཙང་བོ། མཚེའུ་དང་རྫིང་བུ། གངས་རི་དང་འཁྱག་ཀླུང་། ན་འདམ་སོགས་ཆུའི་ཐོན་ཁུངས་ནི་མཐོ་གཞོངས་དེའི“ཁྲག་རྩ”ལྟ་བུ་ཡིན་པས། མཐོ་གཞོངས་ཀྱི་སྣོད་བཅུད་ཡོད་དགུ་དེ་ཡིས་གསོ་བཞིན་ཡོད། སྡོམ་རྩིས་ལྟར་ན། མདོ་དབུས་མཐོ་གཞོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་བསྡོམས་གྲངས་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༥༤༦༣.༤ཡོད་ལ། དེ་ལས་ཞི་བདེ་རྒྱ་མཚོ་ཆེན་མོའི་ཆུ་རྒྱུན་དུ་གྱུར་པའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༢༥༤༨དང་། ཧིན་ངྷུ་རྒྱ་མཚོ་ཆེན་མོའི་ཆུ་རྒྱུད་དུ་གྱུར་པའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༢༤༠༠.༤ཡོད། སྐམ་སའི་ནང་ཁུལ་གྱི་ཆུ་རྒྱུད་དུ་གྱུར་པའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༥༡༥འདུག དུས་མཚུངས་སུ་མདོ་དབུས་མཐོ་གཞོངས་ཀྱི་ས་འོག་གི་ཆུའི་ཐོན་ཁུངས་ཀྱི་གྲངས་འབོར་ཡང་ཤིན་ཏུ་ཆེ་སྟེ། ཕལ་ཆེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡༥༦༨ཡོད། དེ་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༡༣༠༡.༣ནི་ཕལ་ཆེར་ས་སྟེང་གི་ཆུའི་ཐོན་ཁུངས་དང་བསྐྱར་ཟློས་སུ་གྱུར་འདུག མདོ་དབུས་མཐོ་གཞོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་བསྡོམས་གྲངས་དང་ས་འོག་གི་ཆུའི་ཐོན་ཁུངས་ཀྱི་བསྡོམས་གྲངས་ཚང་མས་རྒྱལ་ཡོངས་ཀྱི་བསྡོམས་གྲངས་ཀྱི་ལྔ་ཆའི་གཅིག་ལས་ལྷག་པ་ཟིན་འདུག མཐོ་གཞོངས་སུ་སྤྱི་ལེ་གྲུ་བཞི་མ་གཅིག་གི་སྟེང་དུ། ཆུའི་ཐོན་ཚད་ཕལ་ཆེར་སྨི་རྒྱ་དཔངས་གྲུ་བཞི་མ་༢༢ཡོད་པས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཚད་ལ་ཉེ་བ་རེད། ཡིན་ནའང་གལ་སྲིད་ཞིང་སའི་རྒྱ་ཁྱོན་ལྟར་བརྩིས་ན། རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཚད་ལས་ཆེས་ཆེར་བརྒལ་འདུག
          ༡.ཆུ་བོ། མདོ་དབུས་མཐོ་གཞོངས་ནི་རང་རྒྱལ་གྱི་“མ་ཡུམ་ཆུ་བོ”འབྲི་ཆུ་དང་རྨ་ཆུའི་འབྱུང་ཁུངས་ཡིན་པར་མ་ཟད། གླིང་ཆེན་ཨེ་ཤ་ཡའི་རྒྱལ་སྤྱིའི་གཙང་བོ་གཙོ་གྲས་དག་གི་འབྱུང་ཁུངས་ཀྱང་ཡིན། རང་རྒྱལ་དུ་རྒྱལ་སྤྱིའི་གཙང་བོ༤༠ལྷག་ཡོད་ལ། དེའི་ནང་དུ་གཙོ་ཆེ་༡༥ཡོད། དེ་དག་ལས་ཆུ་མགོ་མདོ་དབུས་མཐོ་གཞོངས་སུ་བྱུང་བའི་གཙང་བོ༨ཡོད་པ་ཡིན། ལོ་རེར་མདོ་དབུས་མཐོ་གཞོངས་ནས་རྒྱལ་ཁབ་ཕྱི་ལ་བཞུར་བའི་ཆུའི་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༤༠༠༠ལྷག་ཡིན་ཏེ། རང་རྒྱལ་གྱི་རྒྱལ་ཁབ་ཕྱི་ལ་བཞུར་བའི་ཆུའི་ཚད་ཀྱི་སུམ་ཆའི་གཉིས་ཟིན་འདུག རྒྱལ་ཁབ་ཕྱི་ལ་བཞུར་བའི་གཙང་བོ་གཙོ་གྲས་དག་ནི་འདི་ལྟ་སྟེ། ཟླ་ཆུའམ་མེ་ཀུང་གཙང་བོ། ཡར་ཀླུང་གཙང་བོའམ་པུ་ལ་མ་ཕོ་ཐེ་ལ་གཙང་བོ། སེང་གེ་ཁ་འབབ་གཙང་བོའམ་ཧིན་ངྷུ་གཙང་བོ། རྒྱལ་མོ་རྔུལ་ཆུའམ་སར་ཝུན་གཙང་བོ། ཏུའུ་ལུན་གཙང་བོའམ་ཡེ་ལོ་བ་ཏི་གཙང་བོ་སོགས་ཏེ། འབར་མ་དང་ཐེ་ལན། ལོ་སི། ཁམ་ཕུ་ཁྲེ། ཝེ་ཐེ་ནམ། འབྲུག་ཡུལ། རྒྱ་གར། བལ་ཡུལ། བྷང་ག་ལ། ཕ་ཁི་སི་ཐན། ཨ་ཧྥུ་ཀ་ནི་སི་ཐན་སོགས་རྒྱལ་ཁབ༡༢བརྒྱུད་འདུག་པ་རེད། མདོ་དབུས་མཐོ་གཞོངས་ཀྱི་གཙང་བོ﹙རྒྱལ་ཁབ་ཕྱི་ལ་བཞུར་བའི་གཙང་བོ་དང་བཅས﹚ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཧིན་ངྷུ་རྒྱ་མཚོ་ཆེན་མོ། སྐམ་སའི་ནང་ཁུལ་བཅས་ཆུ་རྒྱུད་གསུམ་ལ་གཏོགས།
          ཞི་བདེ་རྒྱ་མཚེ་ཆེན་མོའི་ཆུ་རྒྱུད་ནང་འབྲི་ཆུ་དང་རྨ་ཆུ། རྒྱལ་མོ་རྔུལ་ཆུ་སོགས་ཀྱི་སྟོད་རྒྱུད་འདུ། མདོ་དབུས་མཐོ་གཞོངས་ཁོངས་གཏོགས་ཀྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ནང་དུ་འབྲི་ཆུའི་འབྱུང་ཁུངས་ས་ཁུལ་ཡང་འདུ་བ་ཡིན། འབྲི་ཆུའི་སྟོད་རྒྱུད་ནི་འཕྲེད་རྒྱུག་རི་ཁུལ་ཡིན་པ་ན་འགག་རོང་ཤིན་ཏུ་ཟབ་སྟེ། སྤྱིར་བཏང་དུ་སྨི༡༠༠༠ཡོད་ལ། གཏིང་ཆེས་ཟབ་སར་སྨི༢༠༠༠ཡན་ཡོད། ཆུའི་ཞེང་ཚད་ལ་སྨི༡༥༠---༢༠༠ཙམ་ལས་མེད་པས། ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན། རྨ་ཆུའི་སྟོད་རྒྱུད་དེ་ཚལ་རྔ་འགག་ཡན་ཆད་དུ་ལོ་རེའི་ཆར་ཆུ་འབབ་ཚད་དེ་འདྲ་ཆེ་རྒྱུ་མེད་ནའང་། ས་བབ་མཐོ་ཞིང་ཆུའི་ཟད་གྲོན་ཆུང་བའི་དབང་གིས། དེ་ནི་རྨ་ཆུའི་ཆུའི་ཐོན་ཚད་ཆེས་མཐོ་བའི་ས་ཁུལ་ཡིན། ཚལ་རྔ་འགག་མན་ཆད་ནས་ལན་གྲུའི་བར་ན་འགག་རོང་དང་གཤོང་ས་ཤིན་ཏུ་མང་སྟེ། ཕལ་ཆེར་སྤྱི་ལེ་བརྒྱ་རེའི་བར་དུ་ཆ་སྙོམས་སུ་མཐོ་ཚད་སྨི༡༤༠ལྷག་གིས་ཇེ་དམའ་རུ་གྱུར་འདུག་པས། ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་འདུག ཟླ་ཆུའི་ཆུ་མགོ་ནས་ཆབ་མདོའི་བར་ལ་སྤྱི་ལེ་༥༦༤ཡོད་ཅིང་། དེ་གར་བཞུར་ཚད་དལ་ཞིང་ཚལ་བ་མང་བོར་གྱེས་ནས་ཡོད། ཆབ་མདོའི་མཚམས་སུ་བསླེབ་ལ་ཉེ་དུས། སྨི༥༠༠---༡༠༠༠བར་ཡོད་པའི་དབྱིབས“v”ཅན་གྱི་རོང་འགག་ཅིག་གྲུབ་འདུག་སྟེ། ཆ་སྙོམས་ཀྱི་མར་འབབ་ཚད་བརྒྱ་ཆའི་༤.༠﹪---༤.༥﹪ཡིན་ལ། བཞུར་རྒྱུད་ཧྲིལ་བོ་ལས་མར་འབབ་ཚད་ཆེས་ཆེ་བའི་གནས་ཡིན། ཆབ་མདོའི་མན་དུ་རི་མཐོ་ཞིང་སྒང་གཞོངས་མི་སྙོམས་པའི་འཕྲེད་རྒྱུག་རི་རྒྱུད་དུ་བབས་པས་ན། ཆུ་བོའི་བཞུར་རྒྱུན་དྲག་ལ་ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན་ནོ།།
          ཧིན་ངྷུ་རྒྱ་མཚོ་ཆེན་མོའི་ཆུ་རྒྱུད་དུ་ཡར་ཀླུང་གཙང་བོ་དང་རྒྱལ་མོ་རྔུལ་ཆུ། ཏུའུ་ལུན་གཙང་བོ། སེང་གེ་ཁ་འབབ་གཙང་བོ་བཅས་ཀྱི་སྟོད་རྒྱུད་དག་འདུ་བ་ཡིན། ཡར་ཀླུང་གཙང་བོ་ནི་ལོ་རེའི་བཞུར་ཚད་ལྟར་བརྩིས་ན་འཛམ་གླིང་གི་གཙང་བོ་ཆེན་པོ་བཞིའི་གྲས་ཀྱི་གཅིག་སྟེ། ཀྲུང་གོའི་མངའ་ཁོངས་སུ་གཏོགས་པའི་དེའི་བཞུར་ཡུལ་གྱི་ཆ་སྙོམས་ཀྱི་མཐོ་ཚད་ནི་སྨི༤༥༠༠ཡིན་ལ། བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་༢༢༢༩ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ༢༤ཡོད་པས། འཛམ་གླིང་གི་ཆེས་མཐོ་བའི་གཙང་བོ་ཡིན། གཙང་བོ་དེའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་ལོ་རེའི་བཞུར་རྒྱུག་གི་ཟབ་ཚད་སྤྱིར་བཏང་དུ་ཧའོ་སྨི༡༠༠---༢༠༠བར་ཡིན་ལ། སྨད་རྒྱུད་དུ་རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་དབྱིབས་ཅན་གྱི་ཁུགས་པ་ཆེན་མོ་སྟེ། འཛམ་གླིང་གི་ཆེས་ཆེ་བའི་གཅོང་རོང་ཆེན་མོའི་ལོ་རེའི་བཞུར་རྒྱུག་གི་ཟབ་ཚད་ནི་གློ་བུར་ཧའོ་སྨི༢༠༠༠---༤༠༠༠བར་འཕར་འདུག དུས་མཚུངས་སུ་དབྱར་གྱི་དུས་སུ་བཞུར་རྒྱུག་གི་ཚད་ནི་ལོ་ཡོངས་ཀྱི་ཕྱེད་ཀའི་ཡན་ཟིན་འདུག་པས། ལོ་དུ་མའི་རིང་ལ་ལོ་རེར་ཕྱི་རྒྱལ་དུ་བཞུར་བའི་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༡༦༥༤ཡིན། རྒྱལ་མོ་རྔུལ་ཆུར་མཚོན་ན་ཀྲུང་གོའི་རྒྱལ་ནང་དུ་བཞུར་རྒྱུན་ལ་སྤྱི་ལེ་༢༠༡༣ཡོད་དེ། གཙང་བོའི་སྟོད་རྒྱུད་དང་བར་རྒྱུད་དུ་ཆུ་རྒྱུན་འབབ་ཚད་དྲག་ཅིང་མྱུར་བས་ཉེན་ཁ་ཆེ་ལ། གཙང་བོ་ནི་ཞེང་ལ་སྨི་བརྒྱར་མི་ལོང་བའི་འགག་འཕྲང་དུ་ལང་ལོང་དུ་འབབ་བཞིན་པས་ན། ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་ལྡན་ཡང་། ཐོན་སྒོ་འབྱེད་རྒྱུ་ཟེར་ན་དཀའ་ངལ་ཤིན་ཏུ་ཆེ། ཏུའུ་ལོན་གཙང་བོ་དེ་རང་རྒྱལ་དུ་བཞུར་རྒྱུན་ལ་སྤྱི་ལེ་༡༧༨.༦ཡོད་ལ། བཞུར་རྒྱུད་ཀྱི་རྒྱ་ཁྱོན་དེ་སྤྱི་ལེ་གྲུ་བཞི་མ༤༣༢༧ཡིན། གཙང་བོ་དེའི་བཞུར་རྒྱུད་དུ་ཆུ་ལག་མང་ལ་བཞུར་རྒྱུན་ཐུང་བ། ཡན་ལག་མ་ལག་ནི་སྡོང་པོའི་ཡལ་གའི་ཚུལ་དུ་གནས་འདུག་སྟེ། ལོ་རེའི་བཞུར་རྒྱུག་གི་ཚད་ཚོད་དཔག་ལྟར་བརྩིས་ན་སྨི་རྒྱ་དཔངས་གྲུ་བ་ཞི་མ་དུང་ཕྱུར༥༣ཙམ་ཡོད། ཧིན་ངྷུ་གཙང་བོའི་ཆུ་རྒྱུད་གཙོ་བོ་ནི་སེང་གེ་ཁ་འབབ་དང་གླང་ཆེན་ཁ་འབབ་གཙང་བོ་ཡིན་ཏེ། སེང་གེ་ཁ་འབབ་གཙང་བོའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་༤༡༩ཡོད་ཅིང་། བཞུར་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༤༩༥༦འདུག ལོ་རེའི་བཞུར་རྒྱུག་གི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༢.༧ཡིན། གླང་ཆེན་ཁ་འབབ་གཙང་བོའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་༣༠༩ཡོད་དེ། བཞུར་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༢༣༡༧༠དང་། ལོ་རེའི་བཞུར་རྒྱུག་གི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༡.༧ཡིན་ནོ།
          སྐམ་ས་ནང་ཁུལ་གྱི་ཆུ་རྒྱུད་ནང་བྱང་ཐང་དང་ཚ་འདམ་གཞོང་ས། མདོ་ལ་རིང་མོའི་རི་རྒྱུད་དང་ཞིན་ཅང་ལྷོ་ཕྱོགས་ཀྱི་སྐམ་ས་ནང་ཁུལ་གྱི་ཆུ་རྒྱུད་སོགས་འདུ། བྱང་ཐང་གི་སྐམ་ས་ནང་ཁུལ་གྱི་ཆུ་རྒྱུད་ནི་བོད་བྱང་ཐང་གི་ཆུ་སྣ་ཚོགས་དང་། ཨ་ཆེན་གངས་རྒྱུད་ཀྱི་སྐམ་ས་ནང་ཁུལ་གྱི་ཆུ་བོ་སྣ་ཚོགས། ཞིན་ཅང་བྱང་ཐང་གི་ཆུ་རྒྱུན་སྣ་ཚོགས་བཅས་ཀྱིས་གྲུབ་འདུག་སྟེ། མདོ་དབུས་མཐོ་གཞོངས་ཀྱི་ཆེས་ཆེ་བའི་ཆུ་རྒྱུད་ཡིན་ཅིང་། ཆུའི་ཐོན་ཁུངས་ཀྱི་སྤྱིའི་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༢༤༦.༥ཡོད། ཚ་འདམ་གཞོང་སའི་ཆུ་རྒྱུད་ནི་མཚོ་སྔོན་པོའི་སྐམ་སའི་ཆུ་རྒྱུན་སྣ་ཚོགས་ཀྱི་འབབ་རྒྱུད་དང་། ཚ་འདམ་གཞོང་སའི་ཆུ་རྒྱུན་སྣ་ཚོགས་ཀྱི་འབབ་རྒྱུད་སོགས་འདུ་སྟེ། ཆུའི་ཐོན་ཁུངས་ཀྱི་སྤྱིའི་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༤༤ཡོད། མདོ་ལ་རིང་མོའི་ཆུ་རྒྱུད་ནང་ནག་ཆུ་དང་གནའ་ཆུའི་འབབ་རྒྱུད་དང་། སི་རུ་ཆུའི་འབབ་རྒྱུད་ཀྱི་སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་བཅས་འདུ་སྟེ། ཆུའི་ཐོན་ཁུངས་ཀྱི་སྤྱིའི་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༧༢ཡོད། ཞིན་ཅང་ལྷོ་ཕྱོགས་ཀྱི་སྐམ་ས་ནང་ཁུལ་གྱི་ཆུ་རྒྱུན་དང་བར་རྒྱུད་ས་ཁུལ་བཅས་འདུ་སྟེ། ཆུའི་ཐོན་ཁུངས་ཀྱི་སྤྱིའི་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡༥༢.༥ཡོད།
          མདོ་དབུས་མཐོ་གཞོངས་ཀྱི་ཆུ་བོའི་འབབ་ཚད་དེ་ལོ་གཅིག་ནང་ཡང་མི་འདྲ་སྟེ། འབྲི་ཆུ་དང་ཟླ་ཆུར་མཚོན་ན་ཆུ་རྒྱས་པའི་སྐབས་ཀྱི་བཞུར་ཚད་ནི་ལོ་རེའི་བཞུར་ཚད་ཀྱི་བརྒྱ་ཆའི༦༠ཡས་མས་ཟིན་འདུག རྒྱལ་མོ་རྔུལ་ཆུ་དང་ཡར་ཀླུང་གཙང་བོ་ཆུ་རྒྱས་པའི་སྐབས་ཀྱི་བཞུར་ཚད་ནི་དེ་བས་ཀྱང་འགྱུར་ལྡོག་ཆེ་སྟེ། ལོ་རེའི་བཞུར་ཚད་ཀྱི་བརྒྱ་ཆའི་༧༠---༨༠ཟིན་པ་ཡིན། འཁྱག་རོམ་ཞུ་བའི་ཆུ་རྒྱུད་གཙོ་བོར་གྱུར་པའི་མཐོ་གཞོངས་བྱང་ཕྱོགས་ཀྱི་རྒྱ་ཆེའི་སྐམ་ས་ནང་ཁུལ་གྱི་ཆུ་རྒྱུད་ཀྱི་ལོ་རེའི་བཞུར་ཚད་ནི་དེ་བས་ཀྱང་ཁྱད་པར་ཤིན་ཏུ་ཆེ་སྟེ། དབྱར་ཟླ་གསུམ་གྱི་བཞུར་ཚད་ནི་ལོ་རེའི་བཞུར་ཚད་ཀྱི་བརྒྱ་ཆའི་༦༥ཡན་ཟིན་འདུག ལོ་དུ་མའི་རྒྱུ་ཆར་བརྟག་དཔྱད་བྱས་པ་ལྟར་ན། མཐོ་གཞོངས་ཀྱི་ཆུ་བོའི་ལོ་རེའི་བཞུར་ཚད་དེ། དུས་ཀྱི་གོ་རིམ་ལྟར་ཆུ་མོད་པའི་སྐབས་དང་བྲི་བའི་སྐབས་རེས་མོས་སུ་འབྱུང་བཞིན་ཡོད་ལ། ལོ་རེའི་བཞུར་ཚད་ཆེས་ཆེ་བའི་སྐབས་དང་ཆེས་ཆུང་བའི་སྐབས་ཀྱི་བར་དུ་༡.༩---༤.༠ཡི་ཁྱད་པར་འབྱུང་བཞིན་ཡོད། ཆར་ཆུ་འབབ་པའི་ཚད་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཆུ་བོ་འབབ་པའི་ཡུལ་གྱི་ཁྱད་པར་ཡང་ཤིན་ཏུ་ཆེ་སྟེ། ཆུ་མོད་པའི་ས་ཁུལ་དང་ཆུ་མང་བའི་ས་ཁུལ། ཆུ་ཉུང་བའི་ས་ཁུལ། ཆུ་སྐམ་པའི་ས་ཁུལ་སོགས་མི་འདྲ་བ་དུ་མ་ཕྱོགས་གཅིག་ཏུ་འདུས་པའི་ཚུལ་དེ་རང་རྒྱལ་གྱི་ས་ཆ་གཞན་དག་ཏུ་ཧ་ཅང་མཐོང་དཀོན་ནོ།།
          ༢.མཚེའུ། མདོ་དབུས་མཐོ་གཞོངས་སུ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཅིག་གི་ཡན་ཡོད་པའི་མཚེའུ༡༡༢༦ཙམ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༣༩༢༠༦.༨འདུག་ཅིང་། རྒྱལ་ཡོངས་ཀྱི་མཚེའུའི་བརྒྱ་ཆའི་༤༠དང་རྒྱ་ཁྱོན་གྱི་བརྒྱ་ཆའི་༤༩ཟིན་པར་བརྟེན། འཛམ་གླིང་གི་མཐོ་གཞོངས་ཀྱི་མཚེའུའི་ཁྱབ་གནས་ཆེས་ཆེ་བའི་ས་ཁུལ་ཡིན། མཚེའུའི་ཆུ་གསོག་གི་ཚད་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༥༡༨༢ཟིན་ཅིང་། རང་རྒྱལ་གྱི་མཚེའུ་ལྡན་ས་ཁུལ་ཆེན་པོ་ལྔའི་གྲས་ཀྱི་དང་པོ་ཡིན། དེའི་ཁྲོད་དུ་ཚྭ་མེད་ཆུའི་གསོག་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༡༠༣༥ཡོད་དེ། རང་རྒྱལ་གྱི་མཚེའུའི་ཚྭ་མེད་ཆུའི་སྤྱིའི་གསོག་ཚད་ཀྱི་བརྒྱ་ཆའི༤༥.༨﹪ཟིན་འདུག མོད་དབུས་མཐོ་གཞོངས་ཀྱི་མཚེའུ་ཁྲོད་དུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༥༠༠ཡན་བརྒལ་པའི་མཚེའུ་༡༢ཡོད་ལ། རྒྱལ་ཡོངས་སུ་བསྡོམས་པས་༢༧ཡོད་པས་ཕལ་ཆེར་དེའི་ཕྱེད་ཀ་ཟིན་ཡོད། མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་མཚེའུ་སྟེ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༤༥༦༨འདུག མཐོ་གཞོངས་ཀྱི་མཚེའུའི་ཁྲོད་དུ། རྨ་ཆུའི་འབྱུང་ཡུལ་གྱི་མཚོ་སྐྱ་རེངས་དང་སྔོ་རེངས་མ་གཏོགས་ཚང་མ་སྐམ་སའི་ནང་ཁུལ་གྱི་མཚེའུ་ཡིན་པར་མ་ཟད། ཚང་མ་ཚྭ་བྲོ་བའི་མཚེའུ་དང་ཚྭ་མཚོ་ཡིན་ལ། དེ་དག་གིས་མདོ་དབུས་མཐོ་གཞོངས་ཀྱི་མཚེའུ་དག་གི་སྤྱིའི་རྒྱ་ཁྱོན་ལས་བརྒྱ་ཆའི༩༠﹪ཟིན་ཡོད་པ་དང་། མཚེའུ་ཆེན་པོ༡༢ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༡༣༨༧༧.༥ཡོད་ཅིང་། དེ་དག་གིས་མདོ་དབུས་མཐོ་གཞོངས་ཀྱི་མཚེའུ་དག་གི་སྤྱིའི་རྒྱ་ཁྱོན་ལས་བརྒྱ་ཆའི་༣༥.༤ཟིན་ཡོད། མཚེའུའི་གྲངས་ཀ་ཆེས་མང་བ་ནི་སྤྱི་ལེ་གྲུ་བཞི་མ༡---༥༠ནང་གི་མཚེའུ་ཡིན་ཏེ། སྤྱིའི་གྲངས་ཀའི་བརྒྱ་ཆའི༥༥.༥﹪ཟིན་ཡོད། མཚེའུ་མང་ཆེ་བའི་མཚེའུ་གཤོང་ནི་ས་གཤིས་ཆགས་ཚུལ་དང་འཁྱག་ཀླུང་གི་བསླད་སྐྱོན་སོགས་ལས་གྲུབ་པ་ཡིན་པས། མཚེའུ་ཆུའི་གཏིང་ཅུང་ཟབ་ལ་ཚ་དྲོད་གསོག་ཚད་མཐོ་བ། ཆུ་དྲོད་ཅུང་གཏན་འཇགས་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་ནོ།
          ༣.འཁྱག་ཀླུང་། ཀྲུང་གོ་ནི་འཛམ་གླིང་དུ་འཕྲེད་ཐིག་དམའ་བའི་རི་བོའི་འཁྱག་ཀླུང་ཆེས་མང་བའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན། ཐོག་མའི་བརྟག་དཔྱད་ལས་ཤེས་གསལ་བྱུང་བ་ལྟར་ན། འཁྱག་ཀླུང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༥༨༦༥༡ཡོད་པ་དང་། དེའི་ནང་མདོ་དབུས་མཐོ་གཞོངས་ཀྱི་འཁྱག་ཀླུང་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ༥༠༦༧༢ཡོད་པས། རྒྱལ་ཡོངས་འཁྱག་ཀླུང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི༨༦.༤﹪བཟུང་འདུག འཁྱག་ཀླུང་གི་བསགས་ཚད་ཕལ་ཆེར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་དུང་ཕྱུར༤ཡོད་དེ། ཕལ་ཆེར་རང་རྒྱལ་གྱི་འཁྱག་ཀླུང་སྤྱིའི་བསགས་ཚད་ཀྱི་བརྒྱ་ཆའི་༨༠﹪བཟུང་ཡོད། ཁུ་ནུ་རི་བོ་དང་ཁ་ལ་ཁུ་ནུ་རི་བོ་ཁོ་ནའི་བསགས་ཚད་ཀྱང་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་༢༢༢༩༢ལ་བསླེབས་པར་བརྟེན། དེས་མཐོ་གཞོངས་སྤྱིའི་བསགས་ཚད་ཀྱི་བརྒྱ་ཆའི༥༦﹪བཟུང་ཡོད། འཁྱག་ཀླུང་སྤྱིའི་གྲངས་ཀ་ཁྲི་༢.༥ལས་བརྒལ་ཡོད་ཅིང་། ལོ་ངོ་མང་བོའི་རིང་ལ་འཁྱག་ཀླུང་ཆ་སྙོམས་ཀྱིས་ཞུ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༤༦༣.༦༥རུ་བསླེབས་པས། མཐོ་གཞོངས་ཀྱི་ཆུ་བོ་མང་བོ་ཞིག་གི་འབྱུང་ཁུངས་ཀྱི་ཆུ་རྒྱུན་གཙོ་བོ་ཡིན། འཁྱག་ཀླུང་ཞུ་བའི་ཆུ་རྒྱུན་གྱི་བརྒྱ་ཆའི་ཟིན་ཚད་དེ་མདོ་དབུས་མཐོ་གཞོངས་ཀྱི་ཕྱོགས་བཞི་ནས་མཐོ་གཞོངས་ནང་ཁུལ་དུ་ཇེ་མང་དུ་འགྲོ་ཞིང་། ནུབ་རྒྱུད་རི་ཁུལ་དུ་སྐམ་སའི་ཆུ་རྒྱུན་གྱི་འཁྱག་ཀླུང་ཞུ་ནས་འབབ་པའི་ཆུ་རྒྱུན་གྱི་ཟིན་ཚད་༢༣﹪ཡས་མས་ཏེ། མདོ་ལ་རིང་མོ་ཤར་མས་བརྒྱ་ཆའི་༡༤བཟུང་ཡོད་པ་དང་། ནུབ་ཏུ་སི་རུ་གཙང་བོའི་འབབ་རྒྱུན་གྱིས་༣༢﹪ཟིན་ཡོད། ཕྱི་བཞུར་འབབ་ཆུའི་ཆུ་ཁོངས་ཀྱི་འཁྱག་ཀླུང་ཞུ་བའི་ཆུ་ཁ་སྣོན་གྱི་སྡུར་ཚད་དེ། བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོ་ནས་ཡར་ཀླུང་གཙང་བོའི་སྨད་རྒྱུད་བར་ཇེ་ཉུང་དུ་སོང་ཡོད་ལ། རྒྱལ་མོ་རྔུལ་ཆུ་སོགས་བབས་པའི་འཁྱག་ཀླུང་ཞུ་ཆུའི་སྡུར་ཚད་ནི་བརྒྱ་ཆའི་༡༠ལའང་བསླེབས་མེད། དེ་ཡང་ནུབ་ཕྱོགས་ནས་ཧིན་ངྷུ་ཆུ་བོའི་འབབ་རྒྱུན་དུ་བརྒྱ་ཆའི༤༠---༥༠ཇེ་མང་དུ་སོང་ཡོད།
          ༤.རླན་ས། མདོ་དབུས་མཐོ་གཞོངས་ཀྱི་ན་འདམ་ཁྱབ་སྟངས་ཅུང་ཆེ་སྟེ། གཙོ་བོ་མཐོ་གཞོངས་ཀྱི་ཤར་རྒྱུད་དང་བོད་ལྗོངས་ལྷོ་ཁུལ་གྱི་གཤོང་རོང་དུ་མཆིས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་༡༣.༤ཡོད་ཅིང་། ཕལ་ཆེར་རང་རྒྱལ་གྱི་ན་འདམ་སྤྱིའི་རྒྱ་ཁྱོན་གྱི་ལྔ་ཆའི་གཅིག་ཙམ་ཟིན་པས་ན། རང་རྒྱལ་གྱི་ན་འདམ་ཕྱོགས་གཅིག་འདུས་ནས་གྲམ་པའི་ས་ཁུལ་ཨང་གཉིས་པ་ཡིན། མདོ་དབུས་མཐོ་གཞོངས་ཀྱི་ན་འདམ་ལ་རིགས་ཅུང་ཉུང་ཞིང་། ཐམས་ཅད་ས་བཅུད་འཛོམས་པོའི་ན་འདམ་གྱི་ཁོངས་སུ་གཏོགས། རྒྱ་ཁྱོན་གྱི་ཁྱབ་སྟངས་ཆེས་ཆེ་བ་ནི་ན་རྩྭ་དང་། སྔོ་དྲེག་ཆུ་བལ་གྱི་ན་འདམ་སྟེ། དེ་ནི་མདོ་དབུས་མཐོ་གཞོངས་ཁོ་ནར་ཡོད་པའི་ན་འདམ་གྱི་རིགས་ཡིན།
          “རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི༣༤༠༠ནས་སྨི༣༦༠༠ཡོད་པའི་མདོ་དབུས་མཐོ་གཞོངས་ཀྱི་ཤར་མཐའ་རུ། རྒྱལ་སྤྱིའི་རླན་སའི་ཆེད་མཁས་པས་འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བ་དང་། ཆེས་གདོད་མའི་རྣམ་པར་འཆང་བ། མིས་གཏོང་བརླག་མ་ཐེབས་པའི་མཐོ་གཞོངས་རླན་ས་ལེགས་ཤོས་མཛོད་དགེ་ཞེས་པ་རང་སོར་གནས་འདུག་སྟེ། དེ་ནི་ཀྲུང་གོའི་ཆེས་མཛེས་པའི་ན་འདམ་ཆེན་པོ་དྲུག་ནང་གི་གཅིག་ཡིན”ཅེས༢༠༠༥ལོའི་ཟླ༡༠པར། 《ཀྲུང་གོའི་རྒྱལ་ཁབ་ས་རྒྱུས》ཞེས་པའི་དེབ་ནང་དུ་མཛོད་དགེའི་ན་འདམ་ལ་དེ་འདྲའི་གདེང་འཇོག་མཛད་ཡོད། མཛོད་དགེའི་ན་འདམ་ནི་མདོ་དབུས་མཐོ་གཞོངས་ཀྱི་ཤར་རྒྱུད་དུ་མཆིས་ཤིང་། ད་ལྟའི་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ལ་འབྲེལ་ནས་འདུག་སྟེ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༡.༦ལྷག་ལ་ཉེ། དེ་ནི་འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་ན་འདམ་རླན་ས་ཡིན། དེས་འབྲི་ཆུ་དང་རྨ་ཆུའི་ཆུའི་ཐོན་ཁུངས་དོ་མཉམ་འབྱུང་བ་སྙོམ་སྒྲིག་བྱེད་པ་དང་། འབབ་རྒྱུད་ཀྱི་སྐྱེ་ཁམས་དོ་མཉམ་ཡོང་བ། ནུབ་བྱང་ཆེན་མོའི་སྐམ་ས་ནང་ཁུལ་གྱི་གནམ་གཤིས་གཏན་འཇགས་སུ་ཡོང་བའི་ཕྱོགས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དག་གིས། དེ་ལ་“ཀྲུང་གོའི་ནུབ་རྒྱུད་མཐོ་གཞོངས་ཀྱི་མཁལ་མ”ཞེས་པའི་བསྔགས་བརྗོད་ཀྱང་མཛད་འདུག 《ཀྲུང་གོའི་རྒྱལ་ཁབ་ས་རྒྱུས》ཀྱི་དཔྱོད་འདེམ་པ་རྣམས་ཀྱིས་མཛོད་དགེའི་རླན་སའི་དཔྱད་བརྗོད་ཁྲོད་འདི་ལྟར་བྲིས་ཡོད་དེ། དེ་ནི་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ཁོངས་ལ་འབྲེལ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་༡༠༠ལ་ཉེ་བ། རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་དང་ཧི་མ་ལ་ཡའི་སྲོག་ཆགས་རྩི་ཤིང་གི་ཁུལ་ཁོངས་﹙区系﹚དང་སྐྱེ་དངོས་སྣ་མང་རང་བཞིན་གལ་ཆེ་བའི་རྨང་གཞིའི་ས་ཁུལ་དང་གྲང་ངར་ཆེ་བའི་རླན་སའི་སྐྱེ་ཁམས་མ་ལག་དཔེར་མཚོན་བྱེད་ཀྱང་ཡིན། རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་རིམ་པ་དང་པོའི་བྱ་རིགས་ཁྲུང་ཁྲུང་སྐེ་ནག﹙བྱ་ཚེ་རིང་ངམ་གེ་སར་རྟ་རྫི﹚རྣམས་འདི་གར་འཚོ་ཞིང་རིགས་རྒྱུད་འཕེལ་བཞིན་ཡོད་དེ། ཁྲུང་ཁྲུང་རིགས་ལས་མཐོ་གཞོངས་སུ་འཚོ་ཞིང་འཕེལ་བའི་བྱ་རིགས་ཉག་ཅིག་ཡིན་པའི་ཆ་ནས། དབྱར་དུས་སུ་གནས་འདིར་ཁྲུང་ཁྲུང་སྐེ་ནག༩༠༠ལྷག་ལ་ཉེ་བ་མཐོང་རྒྱུ་འདུག ཀྲུང་གོའི་ན་འདམ་རླན་སར། ང་ཚོས་ཕལ་ཆེར་མཛོད་དགེ་ལྟ་བུ་ཐུན་མོང་མ་ཡིན་པ་དང་། གདོད་མའི་རང་བཞིན་རང་སོར་གནས་པ། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་ཞིང་ལྟད་མོའི་རང་བཞིན་ཆེས་ཆེ་བ་བཅས་གཞི་གཅིག་ཏུ་འདུས་པའི་ས་གནས་ཤིག་རྙེད་དཀའ། སྔོན་ཆད་མཛོད་དགེའི་རླན་ས་ཧྲིལ་བོའི་ཆུ་བསགས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༡༠༠ལས་བརྒལ་ཏེ། དེ་ནས་ཟུང་ཆུའི་མགོ་ཁུངས་བར་སྤྱི་ལེ་༡༠༠ཙམ་ལས་མེད་ལ། རྨ་ཆུའི་ཁུགས་པ་དང་པོར་སྤྱི་ལེ་༢༠ཡང་མེད་པས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོའི་ཆུ་གསོག་བྱེད་གནས་གཙོ་བོ་ཡིན། ལོ་རེར་རྨ་ཆུ་ལ་བརྒྱ་ཆའི་༣༠﹪ཡི་ཆུ་རྒྱུན་སྣོན་གྱིན་ཡོད་པས། རྨ་ཆུའི་“ཆུ་གསོག་རྫིང་བུ”ཞེས་པའི་བརྗོད་སྲོལ་ཡང་བྱུང་། མཛོད་དགེའི་རླན་ས་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་དང་མགོ་ཁུངས་ས་ཁུལ་གྱི་ཆེས་གལ་ཆེ་བའི་གཙང་བོའི་འབྱུང་ཁུངས་ཡིན། དེ་བས་མཛོད་དགེའི་ན་འདམ་འདམ་སོལ་ཁུལ་དུ་ཆུ་བསགས་ཚད་ཀྱི་སྤྱིའི་གྲངས་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༥༦ལ་བསླེབས་པ་དང་། དེའི་སྟེང་མཚེའུ་དང་སྤང་ལྗོངས་ཀྱི་ཆུ་གསོག་ཚད་བསྣན་ན། མཛོད་དགེ་མཐོ་གཞོངས་ནས་རྨ་ཆུ་རུ་འབབ་པའི་ཆུའི་ཚད་དེ། ཆུ་བྲི་བའི་དུས་སུ་རྨ་ཆུར་འབབ་པའི་ཚད་ཀྱི་བརྒྱ་ཆའི་༤༠དང་། ཆུ་རྒྱས་པའི་དུས་༢༦﹪བཟུང་ཡོད་པས་ན། དེ་ནི་རྨ་ཆུར་མཁོ་འདོན་བྱེད་པའི་ཆུ་མཛོད་གཙོ་བོ་ཡིན། དེར་མ་ཟད་མཛོད་དགེ་རླན་ས་ནི་ཀྲུང་གོ་ཁོ་ནར་ཡོད་པའི་ཆེས་ཆེ་བའི་མཐོ་གཞོངས་འདམ་སོལ་ན་འདམ་རང་བཞིན་གྱི་རླན་ས་སྟེ། དེ་རུ་ཕུན་སུམ་ཚོགས་པའི་འདམ་སོལ་གྱི་ཐོན་ཁུངས་ཡོད་པར་མ་ཟད། དེའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ༥༠༠༠ལྷག་ཡིན་པ་དང་། འདམ་སོལ་གྱི་སྤྱིའི་བསགས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱིར་༧༠ལ་བསླེབས་ཡོད། སྐྱེ་ལྡན་དངོས་པོའི་ཆ་མང་དུ་ཡོད་པའི་རླན་སའི་ས་རྒྱུ་དང་། འདམ་སོལ་རིམ་པས་ཕན་འབྲས་ལྡན་པའི་སྒོ་ནས་དབྱང་གཉིས་ཐཱན་འགྱུར་གཏན་ཁེལ་བགྱིས་ཏེ། གོ་ལ་རིལ་མོ་ཇེ་དྲོར་འགྱུར་བའི་ཚད་ཇེ་དལ་གཏོང་བ་ལ་ནུས་པ་མི་དམན་པ་འཐོན་པ་བཞིན་མཆིས། སི་ཁྲོན་ཞིང་ཆེན་གྱིས་ས་རྒོད་དུ་འགྱུར་བ་དང་། བྱེ་ས་རུ་འགྱུར་བའི་ས་ཞིང་ལ་ཐེངས་གསུམ་པར་ཚད་ལེན་བྱས་ཏེ་གསལ་བཤད་བྱུང་བ་ལྟར་ན། མཛོད་དགེའི་རྩྭ་ཐང་ལོ་༥ཡི་ནང་བྱེ་སར་འགྱུར་བའི་རྒྱ་ཁྱོན་འཕར་བརྒལ་གྱི་སྡུར་ཚད་བརྒྱ་ཆའི་༧༤ལ་ཉེ་སྟེ། སྤྱི་ཆིང༤༣༠༠ལྷག་དངོས་སུ་འཕར་སྣོན་བྱུང་། དེའི་འགྱུར་ཚད་ཧ་ཅང་མྱུར་བས་མི་རྣམས་ལ་འཇིགས་སྔངས་བར་མེད་སྟེར་ངེས། མིག་སྔར། མཛོད་དགེ་རྫོང་གི་སྤང་ཐང་མུའུ་ཁྲི༧༠བྱེ་ས་རུ་གྱུར་ཡོད་པ་དང་། གཞན་སྤང་ཐང་མུའུ་ཁྲི༡༣༣ཡོད་པ་ལོ་རེར་བརྒྱ་ཆའི༡༡.༦༥﹪ཡི་མྱུར་ཚད་ཀྱིས་བྱེ་ས་རུ་འགྱུར་བཞིན་གདའ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཝུའུ་ཀྲིན་ཏི་ཡིས་གསུང་རྒྱུར། “ཁོ་བོ་དུས་རབས་སྔོན་མའི་ལོ་རབས་༦༠པར་མཛོད་དགེའི་རྒྱུད་དུ་བརྟག་དཔྱད་ལ་སོང་མྱོང་། དེ་དུས་ཧ་ཅང་ཟབ་པའི་ཆུ་འཁྱིལ་ཡོད་པའི་ན་འདམ་གཞུང་ལམ་གྱི་འགྲམ་གཉིས་སུ་མཆིས་པས། མི་དག་གཞུང་ལམ་གྱི་ལོགས་གཉིས་སུ་བརྒལ་ནས་འགྲོ་མི་ཕོད་དེ། རྒྱུ་མཚན་ནི་ན་འདམ་དུ་ཟུག་པའི་ཉེན་ཁ་ཆེ་བས་རེད། རྒྱུན་དུ་ནོར་ལུག་སོགས་ཀྱིས་ན་རྩྭ་ཟ་ཆེད་བརྒལ་ཚོད་མ་ཟིན་པར་འདམ་དུ་ཟུག་པའང་མཐོང་ཐུབ། འཕག་འཚག་བརྒྱབ་ནས་ཤེད་ཤུགས་ཟད་མཐར་གཞི་ནས་འདམ་ནང་དུ་བྱིང་འགྲོ་བའམ་མཐོང་འོང་། དེང་སྐབས། མཛོད་དགེའི་རྒྱུད་ཀྱི་ན་འདམ་ཇེ་ཆུང་དུ་ཕྱིན་ཏེ་གཞུང་ལམ་དང་ཁད་ཧ་ཅང་རིང་བར་གྱུར་པ་དང་། གཞུང་ལམ་འགྲམ་གཉིས་ཀྱི་ན་འདམ་ཡང་མུ་མཐའ་བྲལ་པའི་རྩྭ་ཐང་དུ་གྱུར་འདུག དུས་རབས་སྔོན་མའི་ལོ་རབས༥༠པའི་སྐབས་དང་བསྡུར་ན། ན་འདམ་གྱི་ཕྱེད་ཀ་ཙམ་ཕལ་ཆེར་མེད་པར་གྱུར་ནས་ཡོད། ཡུལ་དེ་གར་ན་འདམ་མེད་པའི་དུས་མཚུངས་སུ། རླན་སའི་རྒྱ་ཁྱོན་ཆེན་པོ་ཞིག་བྱེ་སར་གྱུར་ཏེ། ན་འདམ་འགའ་ཞིག་བྱེ་མའི་དེའུ་འབུར་དུ་གྱུར་ཡོད་པ་མཐོང་ཐུབ།”མཛོད་དགེ་རྫོང་དུ༡༩༥༨ལོར་ཕྱུགས་ཟོག་ཆེ་ཆུང་ཁྲི༣༠ལྷག་ཡོད་པ་ནས། དུས་རབས་སྔོན་མའི་ལོ་རབས་༨༠པའི་སྐབས་སུ་ཕྱུགས་ཟོག་ཆེ་ཆུང་ཁྲི༨༠ལྷག་ལ་འཕར་སྣོན་བྱུང་། དེང་སྐབས་ཕྱུགས་ཟོག་ཆེ་ཆུང་གཉིས་ཀ་ཁྲི༡༡༦ལ་བུད་འདུག་ལ། མི་གྲངས་ཀྱང་སྔར་གྱི་ཁྲི༢ནས་ཁྲི༧དུ་ཇེ་མང་ལ་སོང་འདུག སྡོམ་རྩིས་བྱས་པ་ལྟར་ན། མཛོད་དགེའི་རྩྭ་ཐང་ཧྲིལ་བོར་ད་ཡོད་ཕྱུགས་རིགས་ཁྲི༣༢༠ལྷག་ཡོད་དེ། རྩྭ་ཐང་གི་ཆེས་མཐོ་བའི་ཕྱུགས་འཚོ་ཚད་ཁྲི༢༠༠དང་བསྡུར་ན་བརྒྱ་ཆའི་༦༠བརྒལ་ཡོད། དེ་ལས་གཞན་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་སྐབས་སུ། རྩྭ་ས་རྒྱ་ཇེ་ཆེ་དང་རྩྭ་ར་བེད་སྤྱོད་ཚད་ཇེ་མཐོར་གཏོང་ཆེད། མཛོད་དགེ་དང་རྔ་བ་སོགས་རྫོང་ཁ་ཤས་ཀྱི་ན་འདམ་དུ་ཡུར་བ་མང་བོ་བརྐོས་ཏེ། འདམ་ཆུ་རྨ་ཆུ་རུ་བཞུར་དུ་བཅུག་པས། ད་ལྟ་ཆུ་ཤོར་པའི་ན་འདམ་དེ་རྩྭ་ས་ལེགས་པོར་འགྱུར་བ་ལྟ་ཞོག་ས་རྒྱུ་མཁྲེགས་པོར་གྱུར་ནས། ཞན་འགྱུར་དང་བྱེ་འགྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་སོང་ནས་ཡོད། དེ་བས་ད་ལྟ་ད་དུང་རང་བྱུང་རླན་ས་མང་བོ་ཕྱོགས་གཅིག་འདུས་ནས་གྲམ་པའི་ན་འདམ་དུ་མི་ལུས་ཕྱེད་ཀ་ཙམ་ཟབ་པའི་ཡུར་བ་ཡོད་པ་དག་མཐོང་ཐུབ།
          མདོ་དབུས་མཐོ་གཞོངས་ལ་མི་རྣམས་ཀྱིས་འཛམ་གླིང་གི“གླིང་སྣེ་གསུམ་པ”ཞེས་ཟེར་ཅིང་། ས་ངོས་ཀྱི་ཆུའམ་ཡང་ན་ས་འོག་གི་ཆུ་གང་ཡིན་ཀྱང་རུང་། ཆུ་སྤུས་ལ་མིའི་རིགས་ཀྱིས་གཏོར་བརླག་ཐེབས་པ་ཅུང་ཆུང་བས། སྤྱི་ཕྱོགས་ནས་བཤད་ན་ཆུ་མགོ་དང་ཆུ་སྤུས་ཀྱི་གནས་ཚུལ་ཅུང་བཟང་། ཚྭ་ཁུའི་མཚེའུ་དང་ཚྭ་བྲོ་མཚེའུ་ལས་གཞན། མདོ་དབུས་མཐོ་གཞོངས་ཀྱི་རང་བྱུང་ཆུ་ཕལ་ཆེ་བ་ཞིག་དྭངས་གཙང་ཡིན་པས་ན། འཐུང་ཆུ་དང་གཞན་པའི་ཕྱོགས་སུ་འཁོལ་ཆོག་ཆོག་ཡིན། ཕྱི་བཞུར་ཆུ་རྒྱུད་ཀྱི་འབབ་ཆུ་རུ་བྱེ་འདམ་གྱི་འདྲེས་ཚད་ཅུང་ཉུང་ལ། སྤྱིར་བཏང་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་གི་ནང་བྱེ་འདམ་གྱི་ཆ་སྤྱི་རྒྱ༡གི་མན་ཡིན། ཡར་ཀླུང་གཙང་བོའི་གཡང་སྡེ་ས་ཚིགས་སུ་ལོ་ངོ་མང་བོའི་རིང་ཆུ་སྙོམས་བྱས་ནས་བྱེ་འདམ་གྱི་འདྲེས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་ལ་སྤྱི་རྒྱ་༠.༤༦༥དང་། འབྲི་ཆུའི་འབའ་ཐང་ས་ཚིགས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་ལ་སྤྱི་རྒྱ་༠.༥༡༧ཡིན། རྒྱལ་ཡོངས་ཀྱི་བྱེ་མའི་འདུས་ཚད་ཆེས་ཆེ་བའི་རྨ་ཆུའི་སྟོད་ཕྱོགས་འབབ་རྒྱུད་ཀྱི་ས་ཚིགས་སུ། ལོ་ངོ་མང་བོའི་རིང་བྱེ་འདམ་གྱི་འདྲེས་ཚད་ཆ་སྙོམས་བྱས་ན། སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་ལ་སྤྱི་རྒྱ༠.༡༢ཡིན་ཏེ། མཚོ་སྔོན་གྱི་མཚོ་ལྷོའི་ཐེམ་ས་རུ་བཞུར་ནས་བསླེབས་རྗེས། འབབ་ཆུ་ཇེ་ཉོག་ཏུ་རབ་ཅིག་ཕྱིན་ཡོད་ལ། བྱེ་མའི་འདྲེས་ཚད་ཀྱང་རིམ་བཞིན་ཇེ་མང་དུ་འགྲོ་བ་རེད། སྐམ་ས་ནང་ཁུལ་གྱི་འབབ་ཆུའི་ཆུ་རྒྱུད་དུ་བྱེ་འདམ་འདྲེས་ཚད་ཅུང་ཆེ་སྟེ། སྤྱིར་བཏང་སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་གི་ནང་དུ་སྤྱི་རྒྱ་༢.༥---༣.༥ཙམ་ཡོད་ལ། ཕ་སྨིར་མཐོ་གཞོངས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་གི་ནང་དུ་སྤྱི་རྒྱ༡---༨ལ་འབུད་པ་རེད། མདོ་དབུས་མཐོ་གཞོངས་ཀྱི་ཆུ་བོ་གཏེར་འགྱུར་གྱི་ས་ཁུལ་ཁྱབ་སྟངས་དང་ཆུའི་དྲོད་ཚད་ཀྱི་ཆ་རྐྱེན། ཆུའི་སྣོན་ཁ་ཆེ་ཆུང་སོགས་ཕན་ཚུན་འབྲེལ་བ་དམ་ཟབ་ལྡན། ཕྱི་བཞུར་འབབ་ཆུ་ལས་འབྲི་ཆུ་དང་རྨ་ཆུའི་མགོ་ཁུངས་ས་ཁུལ་ཁག་གི་ཆུ་བོ་གཏེར་འགྱུར་གྱི་ཚད་དེ་ཧྲིན་གཅིག་གི་ནང་ཧོ་ཁི༣༠༠---༥༠༠ཡིན་པ་ཕུད། གཞན་ཚང་མ་ཧྲིན་གཅིག་གི་ནང་ཧོ་ཁི༣༠༠ལས་ཆུང་བ་ཡིན་ཏེ། སྐམ་ས་ནང་ཁུལ་གྱི་ཆུ་རྒྱུད་ཀྱི་འབབ་ཆུ་གཏེར་འགྱུར་ཚད་སྤྱིར་བཏང་དུ་ཧྲིན་གཅིག་གི་ནང་ཧོ་ཁི༣༠༠ཡན་ཡིན། མཐོ་གཞོངས་ཀྱི་མཚེའུའི་ཁྲོད། བོད་རང་སྐྱོང་ལྗོངས་ཤར་ལྷོའི་མཚེའུ་ཆུའི་གཏེར་འགྱུར་ཚད་ནི་ཧྲིན་གཅིག་ནང་ཁི༠.༧དང་། བྱང་ཐང་གི་ཚྭ་བྲོ་མཚེའུ་དང་ཚྭ་ཁུ་མཚེའུ་གཏེར་འགྱུར་ཚད་དེ་ཧྲིན་གཅིག་གི་ནང་ཁི༡༩.༡ཡིན་པ་རེད། འཁྱག་ཀླུང་གཏེར་འགྱུར་ཚད་དེ་འཁྱག་ཀླུང་གཞན་གྱི་ས་ཁུལ་དང་བསྡུར་ན་མཐོ་སྟེ། ཁ་ལ་ཁུ་ནུ་རི་བོ་དང་ཁུ་ནུ་རི་བོའི་འཁྱག་ཀླུང་གཏེར་འགྱུར་ཚད་ཀྱི་འགྱུར་ལྡོག་ནི་ཧྲིན་གཅིག་གི་ནང་དུ་ཧོ་ཁི༢༤.༡༨---༤༠༢.༡༩བར་ཡིན་ནོ།།
          ﹙གསུམ་པ﹚སྐྱེ་ཁམས་ཀྱི་འབྱུང་གནས། མདོ་དབུས་མཐོ་གཞོངས་ནི་གོ་ལ་རིལ་མོའི་སྟེང་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་རང་བྱུང་གི་ཡུལ་གྲུ་ཞིག་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཚོར་བ་འབྱུང་རྒྱུ་ཆེས་སྐྱེན་པ་དང་ཕོག་ཐུག་གཏོང་རན་མེད་པའི་ས་ཁུལ་དག་ལས་གཅིག་ཡིན། དུས་མཚུངས་སུ་འདི་ནི་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་གཏན་ཁེལ་བྱས་པའི“གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་དགོས”པའི་ཆེས་གལ་ཆེན་གྱི་གནས་ཤིག་ཀྱང་ཡིན། མདོ་དབུས་མཐོང་གཞོངས་ཀྱི་ཤར་མཐའ་དང་འབྲེལ་ཡོད་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་གནས་བབ་ལའང་སྣང་ཆུང་བྱ་མི་རུང་སྟེ། ༢༠༠༥ལོའི་ཟླ་༨པར། བདག་གིས་སྐྱེ་དངོས་རིག་པའི་མཁས་པ་གྲགས་ཅན། པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་གཙོ་ཞིས་ཀྲི་ཧོང་ཡོན་ཧྲི་﹙ཚན་རིག་གླིང་གི་ཁོངས་མི﹚ཀན་ལྷོ་རུ་རྟོག་དཔྱོད་ལ་འབྱོན་པར་ཕེབས་རོགས་ཞུས། དེ་དུས་ཁོང་གིས་ལིན་ཐན﹙བ་ཙེ﹚རྫོང་གི་ཡུས་ལིས་འགག་སྒོ་ལ“སྐྱེ་ཁམས་སྣ་མང་ར་བ”ཞེས་བསྔགས་བརྗོད་མཛད་བྱུང་། མདོ་དབུས་མཐོ་གཞོངས་རང་རྒྱལ་གྱི་ལྷོ་ནུབ་མཚམས་སུ་ཀྲོང་ངེར་འགྱིང་བ་དེས། དབུགས་ཁམས་ཆེན་པོའི་འཁོར་རྒྱུག་གི་རྒྱུན་ལྡན་ཆོས་ཉིད་འགྱུར་དུ་བཅུག་ཡོད་དེ། ཡ་གླིང་ཤར་ཕྱོགས་དང་ཐ་ན་གོ་ལ་ཧྲིལ་བོའི་གནམ་གཤིས་ལ་ཚོད་འཛིན་དང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། མཐོན་པོར་འབུར་འོངས་པའི་མཐོ་གཞོངས་ཆེན་པོས་ལྷོ་བྱང་བར་མཁའ་དབུགས་དྲོད་འཁྱག་བརྗེ་རེས་བྱེད་པ་བཀག་པར་བརྟེན། དགུན་དུས་བྱང་ཕྱོགས་ཀྱི་མཁའ་དབུགས་གྲང་མོ་ལྷོ་ཕྱོགས་སུ་རྒྱུ་མི་ཐུབ་ལ། མོང་གོལ་མཐོ་གཞོངས་ཀྱི་བྱང་ཤར་དུས་རླུང་གིས་ཡ་གླིང་ལྷོ་མར་ཤུགས་རྐྱེན་ཐེབས་མི་ཐུབ་པས། གནས་དེ་རུ་དགུན་དུས་ཧ་ཅང་དྲོ་འཇམ་ཡིན། དབྱར་དུས་སུ་ཧིན་ངྷུ་རྒྱ་མཚོ་ཆེན་མོའི་ལྷོ་ནུབ་དུས་རླུང་འགོག་པར་བྱེད་དེ། དྲོད་རླན་རླུང་རྒྱུན་བྱང་ཕྱོགས་ཀྱི་ཞིན་ཅང་དང་ཀན་སུའུ་སོགས་ཀྱི་ས་ཁུལ་ལ་རྒྱུ་མི་ཐུབ་པས། རང་རྒྱལ་གྱི་ནུབ་བྱང་ས་ཁུལ་ལ་ཐན་པ་ཧ་ཅང་ཆེ་བ་ཡིན།
          ﹙བཞི་པ﹚ཚེ་སྲོག་གི་འབྱུང་གནས། ཆུ་ནི་སྐྱེ་དངོས་ཡོད་དགུའི་ཚེ་སྲོག་གི་འབྱུང་ཁུངས་ཏེ། མིའི་རིགས་ཆུ་ལ་བརྟེན་ནས་འཚོ་ཞིང་བུ་རབས་ཚ་རྒྱུད་འཕེལ་པ་ཡིན། རྒྱ་ཆེ་ཞིང་སྒེར་སེམས་བྲལ་པའི་མདོ་དབུས་མཐོ་གཞོངས་ཀྱི་ནོར་འཛིན་སྒེག་མོས་རང་རྒྱལ་གྱི་རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཀྲུང་ཧྭའི་ཤེས་རིག་དང་། ཆུ་བོ་གངྒཱ་དང་ཆུ་བོ་ཧིན་ངྷུའི་འབབ་རྒྱུད་ཀྱི་གནའ་བོའི་རྒྱ་གར་གྱི་ཤེས་རིག་གསོ་སྐྱོང་བྱས་ལ། དེང་གི་དུས་ལ་བསླེབས་ནའང་མཐོ་གཞོངས་འདིས་ད་དུང་ཀྲུང་ཧྭ་མི་རིགས་ལས་གཞན། ཡ་གླིང་ལྷོ་མ་དང་ཡ་གླིང་ཤར་ལྷོའི་མི་དམངས་རྣམས་ཀྱང་འཚོ་གནས་དང་འཕེལ་རྒྱས་འབྱུང་བར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པར་བྱས་ཡོད། དེ་བས་མདོ་དབུས་མཐོ་གཞོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི“འབྱུང་གནས”ཡིན་པར་མ་ཟད། ཡ་གླིང་ལྷོ་མ་དང་ཡ་གླིང་ཤར་ལྷོའི་མི་དམངས་ཀྱི་ཚེ་སྲོག་གི“འབྱུང་གནས”ཀྱང་ཡིན་ཅེས་བརྗོད་ཆོག
          ﹙ལྔ་པ﹚ཤེས་རིག་གི་འབྱུང་གནས། ཚན་རིག་གི་དཔྱད་འབྲས་ལྟར་ན། མདོ་དབུས་མཐོ་གཞོངས་ཛ་དྲག་གིས་ཡར་འཕགས་མགོ་བརྩམས་པའི་དུས་ནི་དུས་རབས་གསར་བ་གོང་མའི﹙上新世ཕལ་ཆེར་ལོ་ཁྲི་ཚོ༥༠༠སྔོན﹚མགོ་ཡིན་པར་བཤད། སྐབས་དེར་མདོ་དབུས་མཐོ་གཞོངས་ཁུལ་དུ་རྒྱ་མཚོའི་ངོས་ལས་ཐོན་ཚད་སྨི༡༠༠༠ཡས་མས་ཡིན། གནམ་གཤིས་དྲོ་ཞིང་རླན་གཤེར་ལྡན་པས། མིའི་རིགས་འཚོ་གནས་བྱེད་པར་ཧ་ཅང་འཚམ་པའི་ཁོར་ཡུག་བཟང་བོ་ཞིག་ཡིན། ད་ལྟའི་བར་ལོ་ཁྲི༢༠༠---༣༠༠སོང་བའི་ནང་། གདོད་མའི་མདོ་དབུས་མཐོ་གཞོངས་རྒྱ་ཁྱོན་ཆེན་པོ་དང་བཅས་གཞི་ནས་ད་ལྟའི་མཐོ་ཚད་འདི་ལྟ་བུ་ཞིག་ལ་འཕགས་བྱུང་ལ། སྡོམ་རྩིས་བྱས་ཚེ་སྨི༣༥༠༠---༤༠༠༠ལྷག་མཐོ་རུ་ཕྱིན། ༡༩༥༦ལོའི་ཟླ་༨པའི་ཚེས་༨ཉིན། ཀྲུང་གོའི་ཚན་རིག་གླིང་གི་ས་གཤིས་ལས་ཀ་གཉེར་མཁན་ཚོས་མདོ་དབུས་མཐོ་གཞོངས་ཀྱི་འབྲི་ཆུའི་མགོ་ཁུངས་རྒྱུད་དུ་རྡོ་ཆས་བཟོས་མ་བཅུ་ཕྲག་ལྷག་ཅིག་རྙེད་ཅིང་། དེ་ཕལ་ཆེར་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རྡོ་ཆས་བཟོས་མ་འབའ་ཞིག་ཡིན་པར་ཐག་བཅད། ལྷག་དོན་མདོ་དབུས་མཐོ་གཞོངས་ཀྱི་ཁ་རུབ་དང་ཆུ་གོང་། བྱང་ཐང་གི་རྡོ་ཆས་སིལ་མ་སོགས་རྡོ་ཆས་རྙིང་མ་དང་། རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིག་གནས་རྗེས་ཤུལ་གསར་རྙེད་བྱུང་བ་དེས། ཐད་ཀར་མདོ་དབུས་མཐོ་གཞོངས་སུ་མིའི་རིགས་འགུལ་སྐྱོད་བྱས་མྱོང་བ་བླ་ལྷག་ཏུ་མཚོན་ནུས། ཀན་སུའུ་དང་མཚོ་སྔོན་ས་ཁུལ་དུ་གསར་རྙེད་བྱུང་བའི་ཁ་ཡོག་རིག་གནས་དང་། ཞིན་ཏེན་རིག་གནས། ནོ་མོ་ཧུང་རིག་གནས་སོགས་ལ་མཚོན་ན། དུས་ཚོད་ཀྱི་སྟེང་ངམ་ཡང་ན་ས་རྒྱུས་ཀྱི་ཁྱབ་སྟངས་ཐད་ནས་བལྟས་ཀྱང་། བོད་སྔ་རབས་པ་དག་གི་གསར་བཏོད་ཀྱི་རིག་གནས་ཡིན་པར་བདེན་དཔང་གསལ་བོར་བྱེད་ཐུབ། ཡིག་ཚགས་མང་བོ་རུ་བཀོད་པའི་དཔྱད་གཞི་ལྟར་ན། རང་རྒྱལ་གྱི་གནའ་བོའི་ཆཱང་རིགས་དང་ཧྭ་ཞཱ་མི་རིགས་གཉིས་དུས་མཉམ་དུ་བྱུང་བ་སྟེ། དེ་ནི་ཧྭ་ཞཱ་མི་རིགས་དང་ཆཱང་རིགས་བཅས་གྲངས་ཉུང་མི་རིགས་གཞན་དག་ཕན་ཚུན་འདྲེས་པ་ལས་གཞི་གྲུབ་བྱུང་བའི་ཐུན་མོང་གི་ཚོགས་པ་ཞིག་ཡིན་ལ། ཐུན་མོང་འདྲེས་སྡོད་ཁྲོད་མཉམ་གཅིག་ཏུ་འོད་སྟོང་འབར་བའི་ཧྭ་ཞཱའི་ཤེས་རིག་བསྐྲུན་པ་ལགས།
          གཉིས་པ། གནོད་སྲོན་ཆེ་རྒྱུ་མེད་པའི་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ཁོར་ཡུག
          བོད་རིགས་མང་ཚོགས་ཕལ་ཆེ་བ་རྒྱ་མཚོ་ངོས་ལས་སྨི༣༠༠༠ཡན་གྱི་གནས་སུ་འཚོ་བ་རོལ་ཞིང་མཆིས། ས་ཆ་དེ་དག་ནི་གྲང་ངར་ཆེ་ཞིང་། གསོ་རླུང་སྲབ་ལ། ནམ་ཟླ་མི་ལེགས་པས་ཕལ་ཆེར“མི་རིས་འཚོ་གནས་བྱེད་པར་མི་འཚམ་པའི་གནས”ཡིན། ཡིན་ནའང་ཁོ་ཚོས་རང་བྱུང་ཁམས་ལ་བཀུར་སྐྲག་ཉིས་ལྡན་གྱིས་སྲུང་སྐྱོང་བྱེད་པ་ལས་གཞན། དེ་དང་ཕན་ཚུན་མཉམ་གནས་སམ་འཆམ་མཐུན་ཡོང་ཅི་ཐུབ་བྱེད། བོད་རིགས་མི་དམངས་ཀྱིས་ད་དུང་རབ་བཏགས་ཀྱི་རྣམ་པས་རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་ཀུན་ལ་རྣམ་ཤེས་དང་ཚེ་སྲོག་ཡོད་པར་བསྒོམས་ཏེ། རི་བོ་དང་ཆུ་བོ་ཡོད་ཚད་ལ་མིང་འདོགས་པ་དང་། རིགས་རྒྱུད་དང་ཚོ་བ་དབྱེ་ནས་སྡོད་གནས་ཀྱང་བགོས་པར་མ་ཟད། དེ་རྣམས་ལ་དཔོན་པོ་བསྐོ་འཇོག་དང་རེ་སྐོང་ཁས་ལེན་བྱས་ཐོགཁོ་ཚོར་ཕན་གནོད་ལེགས་ཉེས་ཀྱི་འབྲེལ་བ་ངེས་ཅན་ཞིག་བཙུགས་པ་བརྒྱུད། དེ་དག་ཡོད་ཚད་གནས་རི་དང་ལྷ་མཚོ་རུ་བརྗོད་དེ། གསོལ་མཆོད་ཀྱི་རྒྱུན་སྲོལ་བཙུགས་ཏེ་མི་རྣམས་ཀྱིས་ལྗོན་ཤིང་ཅི་འདོད་དུ་གཅོད་པ་དང་། རི་སྐྱེས་སྲོག་ཆགས་གང་འདོད་དུ་གསོད་པ་སོགས་འགོག་སྡོམ་བྱེད་ཀྱིན་ཡོད་ཅིང་། རང་བྱུང་ཁམས་ལ་སྲུང་སྐྱོང་དང་རང་ཉིད་ཀྱི་རྟེན་གཞིར་སྲུང་སྐྱོང་གང་ལེགས་བྱེད་ཀྱིན་ཡོད། ཡིན་ནའང་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ཅུང་གཉོམ་པ་དང་། ལྷག་པར་གོ་ལ་རིལ་མོའི་ནམ་ཟླ་ཇེ་དྲོད་གྱུར་པའི་སྟེང་། ཉེ་བའི་ལོ་བཅུ་ཕྲག་འགའི་རིང་མིའི་རིགས་ཀྱིས་ཆུ་ཚད་དམའ་བ་དང་། ལུགས་མཐུན་མིན་པའི་ངང་རྒྱ་ཁྱོན་ཆེན་པོས་གསར་སྤེལ་གང་འདོད་བྱས་པ་དེས། མཐོ་གཞོངས་ཀྱི་སྐྱེ་ཁམས་ཉེན་ཚབས་ཆེས་ཆེ་བའི་གནས་སུ་བསྐྱལ་པས། གོ་ལ་རིལ་མོའི་སྐྱེ་ཁམས་སྤྱི་ལ་ཉེན་བརྡ་གསལ་བོ་བཏང་བ་ཡིན་འདུག
          ﹙དང་པོ﹚ཆུའི་སྐྱེ་ཁམས་ཤུགས་དྲག་གིས་ཇེ་ངན་དུ་གྱུར་པ། མིག་སྔར། མདོ་དབུས་མཐོ་གཞོངས་ཀྱི་ཆུའི་སྐྱེ་ཁམས་ཀྱི་གནས་ཚུལ་འདི་ལྟར་སྣང་སྟེ། འཁྱག་ཀླུང་ཞུ་སྟེ་གངས་མཚམས་སྟོད་དུ་ལོག་ཅིང་། མཚེའུ་འཐག་ཅིང་བསྐམས་པའི་ཁར། འབབ་ཆུའི་བཞུར་རྒྱུག་གི་ཚད་ཇེ་ཆུང་དུ་འགྲོ་བའམ་ཡང་ན་ཆད་པ་དང་བསྐམས་པ། ན་འདམ་ཡང་གཅིག་འཕྲོར་གཅིག་མཐུད་ནས་མི་སྣང་བར་འགྲོ་བ་སོགས་སོ།། དེ་སྔ་མཚོ་སྔོན་པོའི་མཚོ་ངོས་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི༣༡༩༣.༦༩ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༤༢༨༢.༣མཆིས་ཏེ། མདོ་དབུས་མཐོ་གཞོངས་ཀྱི་འདབ་ཆགས་སྣ་ཚོགས་སྐྱེ་འཕེལ་འཚོ་གནས་བྱ་ཡུལ་གལ་ཆེན་དུ་གྲུབ་ཡོད། ཡིན་ནའང་། ཉེ་བའི་ལོ་ཤས་རིང་ལ་མཚེའུ་ཆུ་ལོ་རེར་ལི་སྨི༡༠.༤༢འཐག་པ་ལས་གཞན། སྔོན་ཆད་མཚེའུ་ནང་དུ་འབབ་པའི་ལྟག་ཆུ་ཆེ་ཆུང་༧༠ལྷག་ལས་ད་ལྟ༤༠ལྷག་མ་གཏོགས་གཞན་རྣམས་བསྐམས་པར་གྱུར། སྤྱི་ལོ༡༩༥༩ལོ་ནས་༡༩༨༨ལོའི་བར་དུ། ཆུའི་མང་ཉུང་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༡༣༩.༢ཙམ་འཕྲོ་བརླག་ཏུ་ཕྱིན་ཅིང་། བརྒྱ་ཆའི་༦༠ཇེ་ཉུང་དུ་གྱུར། ཉ་རིགས་ཀྱི་ཐོན་ཁུངས་ཀྱང་མངོན་གསལ་ཉུང་ངུར་གྱུར་པར་མ་ཟད། མཚོའི་མཚེར་བའང་གླེ་ནས་ཕྱེད་གླིང་དུ་གྲུབ་འདུག རྨ་ཆུའི་མགོ་ཁུངས་ལ་དཔེར་བཞག་ནས་བཤད་ན། རྒྱལ་ཡོངས་སུ་རྫོང་མིང་ལ་རྨ་ཆུའི་མིང་གིས་བཏགས་པ་ཅན་གཉིས་ཡོད་དེ། གཅིག་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་སྟོད་རྫོང་ཡིན། དེ་ནི་རྨ་ཆུ་འབབ་པའི་རྫོང་ཁག་དང་པོ་སྟེ། དེའི་ཁོངས་སུ་རྨ་ཆུའི་བཞུར་རྒྱུན་ལ་སྤྱི་ལེ་༣༥༠ལྷག་མཆིས། རྫོང་ཁོངས་སུ་མཚེའུ་དང་རྫོང་བུ༤༠༧༧ཡོད་པས་ན། “མཚེའུ་སྟོང་ལྡན་གྱི་རྫོང་ཁག”ཅེས་ཀྱང་བསྔགས་མོད། མིག་སྔར་དེ་དག་ལས་ཕྱེད་ལྷག་ཡོངས་སུ་འཐག་ཅིང་བསྐམས་ལ། ཉེ་འཁོར་གྱི་ཆུ་ཕྲན་སྟོང་ཕྲག་ལྷག་ཕལ་ཆེར་མི་སྣང་བར་གྱུར་འདུག མཚོ་སྐྱ་རེངས་དང་སྔོ་རེངས་ཞེས་པའི་མཚེའུ་གཉིས་ནི་རྨ་ཆུའི་བརྒྱུད་ལམ་དུ་གྱུར་པའི་“མཚེའུ་སྤུན་གཉིས”ཏེ། ༡༩༩༦ལོར“མཚེའུ་སྤུན་གཉིས”བར་དུ་རྨ་ཆུའི་བཞུར་རྒྱུན་ཐོག་དང་པོར་ཆད་ཅིང་། ཕྱིས་སུ་གནས་ཚུལ་རིམ་བཞིན་ཛ་དྲག་ཏུ་གྱུར་པར་མངོན། ད་ལྟ་མཚོ་སྔོ་རེངས་ཀྱང་སྨི༤༠༠ལྷག་གིས་ཇེ་ཆུང་དང་སྨི༣ལྷག་གིས་ཇེ་དམའ་རུ་སོང་ཡོད་དོ།། རྫོང་མིང་རྨ་ཆུས་མཚན་པ་ཅན་གཞན་ཞིག་ནི་ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་སྟེ། གནས་དེར་རྨ་ཆུའི་བཞུར་རྒྱུན་སྤྱི་ལེ༤༣༣ལྷག་ཡོད་ལ། རྨ་ཆུའི“ཆུ་མཛོད”ཅེས་པའི་མཚན་སྙན་ཡང་རྒྱས་ཡོད། འབབ་ཆུ་ཆེ་ཆུང་༡༢༠ལྷག་མཚམས་མེད་དུ་རྨ་ཆུར་འབབ་པ་དེས། ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༦༥.༩ཁ་སྣོན་བྱས་པས་ན། རྨ་ཆུའི་མགོ་ཁུངས་ས་ཁུལ་གྱི་ལོ་རེའི་བཞུར་ཚད་ཀྱི་བརྒྱ་ཆའི༣༥.༨﹪ཟིན་འདུག འོན་ཀྱང་ཉེ་བའི་ལོ་འགར། རྨ་ཆུ་རྫོང་ཁོངས་ཀྱི་ཆུ་མིག་སྟོང་ལྷག་བསྐམས་པར་གྱུར་ལ། རྨ་ཆུར་འབབ་པའི་ཆུ་ལག་གལ་ཆེན༢༨ཡོད་པ་ལས་༡༡བསྐམས་ཟིན། དུས་རབས་༢༠པའི་ལོ་རབས་༩༠པ་ནས་བཟུང་། རྨ་ཆུ་རྫོང་ཁངོས་སུ་རྨ་ཆུའི་ཆུ་ལག་གི་ཁ་སྣོན་གྱི་ཆུ་བརྒྱ་ཆའི་༢༥.༣ཇེ་ཉུང་དུ་ཕྱིན་ཅིང་། ༡༩༩༧ལོར་རྨ་ཆུའི་འབབ་རྒྱུན་ཆད་ཐེངས་༣༡ལ་བྱུང་ཞིང་། དེའི་དུས་ཡུན་ཉིན་གྲངས་༢༢༦སོང་བས། རྨ་ཆུའི་བར་སྨད་རྒྱུད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི༣༠༠ཆག་པར་གྱུར། ཏག་ཏག་ལ་འབྲུ་རིགས་དེ་ཙམ་གྱིས་མདོ་དབུས་མཐོ་གཞོངས་ཀྱི་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་སྟེ། རྒྱུ་མཚན་ནི་ལོ་དེར་བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱི་འབྲུ་རིགས་ཐོན་འབབ་ཡོངས་རྫོགས་བསྡོམས་ན་ཏུན་ཁྲི༢༧༠ལས་མི་འདུག་པས་སོ།། དེ་ལས་ཀྱང་ཚབས་ཆེ་བ་ནི་རྨ་ཆུའི་འབབ་རྒྱུན་ཆད་པ་དེས་བཟོ་ལས་ཀྱི་གྱོང་གུད་ཞིང་ལས་ལས་ལྡབ་༡༠ཡས་མས་ཡོད་པ་དེ་ཡིན། ཡང་དཔེར་ན། འབྲི་ཆུའི་སྟོད་རྒྱུད་ཀྱི་དཀར་མཛེས་དང་རྔ་བ། མཚོ་སྔོན་གྱི་པད་མ་རྫོང་སོགས་ཀྱིས་ལོ་གང་མང་ལ་མཚམས་ཚོད་མེད་པར་གདོད་མའི་ནགས་ཚལ་ལས་སྡོང་བོ་བཅད་པས། ལོ་རེར་འབྲི་ཆུའི་ནང་དུ་བྱེ་མ་ཏུན་ཁྲི༡༢༠༠ལྷག་འདྲེས་ཤིང་། སྤྱི་ལོ་༡༩༩༨ལོར་ཀྲུང་གོའི་ལྷོ་ཕྱོགས་ཀྱི་ཆུ་ལོག་དེར་མཚོན་ན། འབྲི་ཆུའི་འབབ་རྒྱུད་ལ་དཔལ་འབྱོར་གྱི་གྱོང་གུད་སྒོར་དུང་ཕྱུར་༣༠༠༠ལྷག་རེག་ཏུ་བཅུག་མོད། འོན་ཀྱང་གོང་སྨྲས་ཀྱི་ས་ཁུལ་དེ་གསུམ་གའི་ལོ་དེའི་རྒྱལ་དམངས་ཐོན་སྐྱེད་ཀྱི་ཡོང་སྒོ(GDP﹚སྒོར་དུང་ཕྱུར༡༠༠ཙམ་ཡང་མི་འདུག དེ་ལས་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་གནོད་སྐྱོན་ནི་བློ་ཡུལ་ལས་འགོངས་པ་རྟོགས་འོང་སྟེ། སྨད་རྒྱུད་ཀྱི་གཞུང་ཆུ་གཙོ་བོའི་གྲམ་གཞུང་བྱེ་འདམ་གྱིས་ཟིན་པ་ཚབས་ཆེ་ཞིང་། ཆུ་ལོག་འགོག་པའི་ནུས་པ་ཆེས་ཆར་ཉམས་པས་ན། རྨ་ཆུའི་ཟུར་གསུམ་གླིང﹙黄河三角洲﹚ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་འདུག་གོ།
          ﹙གཉིས་པ﹚རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཉམས་རྒུད་ཀྱི་ཚད་ཉིན་བཞིན་ཇེ་ཐུར་འགྲོ་བ། ན་འདམ་དང་འབབ་ཆུ། སྐྱེ་དངོས་བཅས་ཀྱིས་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་མ་ལག་གྲུབ་པ་ཡིན། ཉེ་བའི་ལོ༢༠རིང་ལ། མདོ་དབུས་མཐོ་གཞོངས་ཀྱི་དྲོས་མེད་ས་ཁེངས་རིམ་པ་སྨི༥ནས་༧བར་ཇེ་སྲབ་ཏུ་གྱུར་པས། སྤང་ཤ་ལེབ་མོ་མུ་ནས་སྐམ་རྙིད་དུ་འགྲོ་བཞིན་འདུག བོད་ལྗོངས་ནག་ཆུ་ལ་མཚོན་ན། དྲོས་མེད་ས་ཁེངས་རིམ་པ་ཉམས་དམས་སུ་གྱུར་པ་དེས། སྤྱི་ཆིང་ཁྲི་ཚོ༨༠༠༠ལྷག་གི་རྩྭ་ཐང་ཉམས་དམས་སྤུས་ཞན་དུ་གྱུར་ཅིང་། དེས་རྩྭ་ཐང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་༢༥ཟིན་འདུག མཚོ་སྔོན་གྱི་རང་བྱུང་རྩྭ་ཐང་དག་ལ་མཚོན་ན། རྩྭའི་སྐྱེ་ཚད་ནི་དུས་རབས་༢༠པའི་ལོ་རབས་༥༠དང་བསྡུར་ཚེ་བརྒྱ་ཆའི༣༠---༦༠མར་ཆག་ཅིང་། ཚབས་ཆེ་ས་དག་ཏུ་བརྒྱ་ཆའི་༧༠ཡིན་ཟིན་ཡོད་དེ། ས་ཁུལ་ཁ་ཤས་གཞི་ནས་ས་ནག་ཐང་དུ་གྱུར་ཚར། མཚོ་སྔོན་པོ་མཐའ་འཁོར་གྱི་རྩྭ་ས་མུའུ་ཁྲི༡༠༣༥ཇེ་ཞན་དུ་གྱུར་པར་མ་ཟད། ལོ་རེར་བརྒྱ་ཆའི་༠.༣གྱི་མགྱོགས་ཚད་ཀྱིས་འཕེལ་བཞིན་འདུག ༢༠༠༦ལོའི་ཟླ༥པའི་ཚེས་༨ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》གྱི་པར་ངོས་༦པའི་སྟེང་བཀོད་པའི་རྩོམ་ཡིག་ཅིག་ཏུ། རང་རྒྱལ་གྱི་རྩྭ་ཐང་ལས་དོན་རྒྱུན་མཐུད་འཕེལ་རྒྱས་འཐབ་ཇུས་སྐོར་གྱི་ཞིབ་འཇུག་འབྲས་བུ་ན་གསལ་བ་ལྟར་ན། རང་རྒྱལ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྔར་བཞིན་ཚབས་ཆེན་ཡིན་འདུག་སྟེ། “ཆ་ཤས་ལེགས་བཅོས་བྱུང་ཡོད་ནའང་སྤྱིའི་ཆ་ཇེ་ཐུར་འགྲོ་བའི”གནད་དོན་ད་དུང་ཐག་གཅོད་ལེགས་པོ་བྱེད་ཐུབ་མེད། རྒྱལ་ཡོངས་ཀྱི་བརྒྱ་ཆའི༩༠ཡན་གྱི་སྤྱོད་རུང་གི་རྩྭ་ཐང་དག་ཚད་མི་འདྲ་བའི་སྒོ་ནས་བྱེ་ས་ཅན་དང་། བ་ཚྭ་ཅན། བྱེ་ཟེགས་ཅན་དུ་འགྱུར་བཞིན་མཆིས། བྱང་ཕྱོགས་རྩྭ་ཐང་གི་སྒོ་ཟོག་དེ་རྩྭ་ས་རང་གིས་འདང་ཚད་ལས་བརྒྱ་ཆའི༣༦འཕར་འདུག་ལ། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་མར་འཆག་བཞིན་ཡོད་པར་མ་ཟད། རྩྭའི་སྐྱེ་ཚད་མུ་ནས་མུར་སྡུག་པོར་འགྲོ་བཞིན་གདའ་འོ།།
          ﹙གསུམ་པ﹚ས་ཞིང་མྱ་ངམ་ཐང་དུ་འགྱུར་བའི་ཚད་ཇེ་ཆེར་འགྲོ་བ། ༢༠༠༥ལོའི《ཀྲུང་གོའི་མྱ་ངམ་ཐང་གི་གནས་ཚུལ་གསལ་བསྒྲགས》ཞེས་པའི་ནང་། ༢༠༠༤ལོའི་ལོ་མཇུག་བར། རང་རྒྱལ་གྱི་མྱ་ངམ་ཐང་དུ་གྱུར་པའི་ས་ཡི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ༢༦༣.༦༢ཡིན་ཅིང་། དེ་ཡིས་རང་རྒྱལ་མངའ་ཁོངས་ཧྲིལ་བོའི་བརྒྱ་ཆའི༢༧.༤༦ཟིན་འདུག དེའི་ནང་བྱེ་ཐང་དུ་གྱུར་པའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ༡༧༣.༩༧ཡིན་ལ། རང་རྒྱལ་མངའ་ཁོངས་ཡོངས་ཀྱི་བརྒྱ་ཆའི༡༨.༡༢ཟིན་པའོ།། དེ་ཡང་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ནི་ཧ་ཅང་གཉོམ་པོ་ཡིན་པར་མ་ཟད། བཅོས་སྐྱོང་བྱས་པའི་ཚད་ཞན་པར་བརྟེན། ཆུ་ཡི་བཤལ་པ་དང་། ས་སྙིང་འཐེན་ཤུགས་ཀྱིས་རང་ཟད་དུ་གྱུར་པ་སོགས་ངན་གཤིས་ཁྱུད་མོར་འཁོར་ནས་འོང་བ་ཚབས་ཆེ་སྟེ། ཆུ་ཤོར་ས་ཁྱེར་གྱི་རྗེས་ཤུལ་ཟབ་པོར་ཐོད་བཞིན་འདུག རྡོ་ཟེགས་དང་འདམ་མྱགས་མཚམས་མེད་དུ་ཉིལ་ཅིང་བཞུར་ཐོག འབབ་ཆུ་དང་གནམ་ཆུ་དག་གིས་རྒྱུན་པར་བྲན་ཅིང་བཤལ་པས་ན། ཆུ་ངོས་ཀྱི་ས་སྙི་མོ་དག་ཉིལ་རྡིབ་གང་རུང་བྱུང་སྟེ། རྩྭ་ས་དང་ན་འདམ་བརླགས་པར་གྱུར་ཅིང་། གཙང་ཆུའི་བྱེ་འདམ་ཇེ་མང་དུ་སོང་བ་དང་ཆབས་གཅིག རིང་ཀླུང་ཐང་གསུམ་རླན་བྲལ་ཤུན་མེད་དུ་འགྱུར་བའི་ཚད་ཀྱང་ཇེ་མགྱོགས་སུ་འགྲོ་ཞིང་མཆིས།
          ﹙བཞི་པ﹚ཆུ་ཤོར་ས་ཁྱེར་གྱི་གནས་ཚུལ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ། མཚོ་སྔོན་མཐོ་གཞོངས་ཀྱི་ཆུ་ཤོས་ས་ཁྱེར་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ༣༣ལ་བསླེབས་ཡོད་དེ། ལོ་རེར་ཚལ་རྔ་འགག་ཆུ་མཛོད་དུ་འཕུངས་ཤིང་སོགས་པའི་བྱེ་འདམ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་ཚོ༣༡༣༡ཡིན་པ་དང་། མཚོ་སྔོན་པོར་ཏུན་ཁྲི་ཚོ༩༨༧ལྷག་འཕུངས་ཤིང་སོགས་བཞིན་མཆིས། འབྲི་ཆུས་ལོ་རེར་འདམ་ཟེགས་ཏུན་དུང་ཕྱུར༥ལྷག་འཁུར་གྱིན་ཡོད་པ་ནི། འཛམ་གླིང་གཙང་བོ་ཆེན་པོ་གསུམ﹙ གཙང་ཆེན་ཨའེ་མ་སིན་དང་ཉི་ལོ་གཙང་བོ། མུ་སཱེ་སཱེ་པེ་གཙང་བོ﹚གྱི་བསྡོམས་གྲངས་དང་ཕལ་ཆེར་འདྲ་བར་འདུག
          ﹙ལྔ་པ﹚སྐྱེ་དངོས་སྣ་མང་ཅན་ལས་རབ་ཅིག་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ། རྩྭ་ཐང་གི་སྤང་ཤུན་གྱི་རྒྱ་ཁྱོན་ཇེ་ཆུང་དུ་སོང་བ་དང་བསྟུན། རི་སྐྱེས་སྲོག་ཆགས་ཀྱང་ཉུང་ནས་ཉུང་དུ་འགྲོ་བཞིན་མཆིས། ཀན་སུའུ་རྨ་ཆུ་རྫོང་ལ་ཆ་བཞག་ནས་བཤད་ན། དུས་རབས་༢༠པའི་ལོ་རབས་༦༠པར་རྩ་ཆེའི་སྲོག་ཆགས་རིགས་༢༣༠ལྷག་ཡོད་མོད། མིག་སྔར་གྱི་སྡོམ་རྩིས་ལྟར་ན། རྒྱལ་ཁབ་ཀྱི་སྲུང་སྐྱོང་ཐོབ་འོས་པའི་རིགས༡༠༤ཙམ་མཆིས་ཏེ། སྔོན་ཆད་ལས་༩༠ལྷག་ཇེ་ཉུང་དུ་ཕྱིན་འདུག
          གསུམ་པ། འགྲོ་བ་མི་རྩ་བར་བཟུང་སྟེ། མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས།
          ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་དབུས་མཐོ་གཞོངས་ཀྱི་ཁོར་ཡུག་གི་གནས་དོན་ཐད་ལ་ཧ་ཅང་མཐོང་ཆེན་གནང་ཡོད་དེ། བོད་རང་སྐྱོང་ལྗོངས་ཀྱིས་གཏན་དུ་ཁེལ་ཟིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དེས། བོད་ལྗོངས་ས་ཁོངས་སྤྱིའི་སུམ་ཆའི་གཅིག་བཟུང་འདུག་སྟེ། དེར་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར༢༠༠ལྷག་གི་འགྲོ་གྲོན་བཏང་ཡོད། དེ་ལས་གཞན། མཚོ་སྔོན་གྱི་གཙང་གསུམ་འབྱུང་ཁུངས་སྲུང་སྐྱོང་ཁུལ་ལ་སྐོར་དུང་ཕྱུར་༢༥དང་། ཀན་ལྷོའི་རྨ་ཆུ་འབབ་རྒྱུད་ཀྱི་ཆུ་ཁུངས་གཙོ་ཆེ་ས་དག་གི་གནས་སུ་སྒོར་དུང་ཕྱུར༤༥ཡི་མ་དངུལ་བཏང་ཡོད།
          ང་ཚོ་མི་རིས་ནི་རང་བྱུང་ཁམས་ཆེན་པོ་ཡུན་རིང་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་འབྲས་བུ་ཡིན་ལ། ཡང་གཅིག་བཤད་ན་ཁོར་ཡུག་འཕོ་འགྱུར་གྱི་ཐོན་དངོས་ཀྱང་ཡིན། གང་ལྟར། མི་རིས་བྱུང་ཉིན་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཁོར་ཡུག་དང་འབྲེལ་བ་དམ་ཟབ་འབྱུང་གི་ཡོད། ལྷག་པར་མིའི་རིགས་ཀྱི་འཕེལ་འགྱུར་དང་བསྟུན་ནས། མི་རིས་དང་ཁོར་ཡུག་གི་འབྲེལ་བ་དེ་སྔར་བས་གཏིང་ཇེ་ཟབ་དང་སྣ་མང་ཉོག་འཛིངས་སུ་འགྱུར་ཞིང་མཆིས། ཁོར་ཡུག་གྲུབ་ཚུལ་གྱི་ངོས་ཐད་ནས་བཤད་ན། མི་རིས་དང་ཁོར་ཡུག་བར་གྱི་འབྲེལ་བ་དེ་ཕྱོགས་གཉིས་སུ་འདུ་སྟེ། གཅིན་ནི་མིའི་རིགས་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ་དང་། གཞན་ཞིག་ནི་མིའི་རིགས་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འབྲེལ་བའོ།། ཡང་མིའི་རིགས་དང་ཁོར་ཡུག་གཉིས་བར་ཕན་ཚུན་རྟེན་ཅིང་འབྲེལ་བའི་ངོས་ཐད་ནས་གླེང་ན། དེ་གཉིས་བར་གྱི་འབྲེལ་བའི་ནང་ཁོར་ཡུག་གི་མི་ལ་ཚོད་འཛིན་བྱེད་པ་དང་། མིས་ནི་ཁོར་ཡུག་བེད་སྤྱོད་བྱེད་པའི་འབྲེལ་བའང་མཆིས་ཏེ། མིག་སྔར། ང་ཚོས་མཐོང་ཆེན་བྱེད་དགོས་པ་ནི་འབྲེལ་བ་ཕྱི་མི་དེ་ཡིན། ཁོར་ཡུག་ནི་ང་ཚོ་མིའི་རིགས་འཚོ་གནས་དང་འཕེལ་འགྱུར་འབྱུང་བའི་གཞི་མ་དང་སྔོན་འགྲོའི་ཆ་རྐྱེན་ཏེ། ང་ཚོས་ཁོར་ཡུག་ནས་དངོས་པོ་དང་། ཆ་འཕྲིན་བཅས་ལེན་བཞིན་ཡོད་ལ། ཁོར་ཡུག་གིས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་འགྱུར་ལ་ཚོད་འཛིན་དང་། ཐ་ན་དེའི་ལས་དབང་ཐག་གིས་གཅོད་བཞིན་འདུག རང་རྒྱལ་གྱི་རྒྱ་ཆེ་བའི་བཟོ་ལས་ཅན་དེར་དུས་རབས་ཕྱེད་ཙམ་གྱི་ལོ་རྒྱུས་ལས་མེད་ན་འང་། ཁོར་ཡུག་དང་ཐོན་ཁུངས་ཀྱི་གནད་དོན་དེ་ཧ་ཅང་མངོན་གསལ་དུ་མཆིས། བྱེ་བྲག་ཏུ་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཉིས་ཀྱི་འབྲེལ་བ་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་ཟེར་ན། དོན་དུ“གཅིག་གྱུར་འཆར་འགོད་ལྔ”རྒྱུན་འཛིན་བྱེད་པ་སྟེ། གྲོང་དང་གྲོང་ཁྱེར་གྱི་འཕེལ་རྒྱས་གཅིག་གྱུར་ཡོང་བ་དང་། ས་ཁུལ་བར་གྱི་འཕེལ་རྒྱས་གཅིག་གྱུར་ཡོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཅིག་གྱུར་ཡོང་བ། མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་འཕེལ་རྒྱས་གཅིག་གྱུར་ཡོང་བ། རྒྱལ་ནང་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་བར་གཅིག་གྱུར་ཡོང་བ་བཅས། མཐར་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་པ་བཅས་སོ།། དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། བསྟུན་ནས། མདོ་དབུས་མཐོ་གཞོངས་ཀྱི་མི་གྲངས་དང་ཐོན་ཁུངས། ཁོར་ཡུག་བཅས་བར་གྱི་འགལ་བའང་ཉིན་རེར་ཛ་དྲག་ཏུ་འགྲོ་བས་ན། ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་འོས་འཚམ་གྱིས་བེད་སྤྱོད་གཏོང་རྒྱུ་ནི། རྒྱུན་རིང་ཞིང་འགན་ལྕི་བའི་བྱ་བ་གལ་ཆེན་ཞིག་ཡིན་པ་ནི་སྨོས་ཅི་དགོས།
          ﹙དང་པོ﹚“ཆུའི་བྱ་བ”ལེགས་པོར་སྒྲུབ་དགོས། མདོ་དབུས་མཐོ་གཞོངས་ཀྱི་ཆུའི་ཐོན་ཁུངས་ལ་ཚད་ཡོད་པ་དང། དེ་བག་མེད་དུ་ལོངས་སུ་སྤྱད་ན། སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་པར་ངོས་ཟིན་ཟབ་མོ་དགོས་ཏེ། དཔེར་ན། གངས་མཚམས་སྟོད་དུ་ནུར་བ་དང་། ཆུ་རྒྱུན་ཆད་པ། མཚེའུ་རྫིང་འཐག་པ། རྩྭ་ཐང་ཉམས་པ། སྤང་ས་མྱ་ངམ་ཐང་དུ་འགྱུར་བ་དང་བྱེ་ཐང་དུ་འགྱུར་བ་སོགས་ལས་གཞན། ལྷག་པར་གནད་དོན་དེ་དག་ཡུན་རིང་བོར་བསགས་པ་དང་། བསགས་ནས་ཀྱང་ཚན་ངེས་ཅན་ཞིག་ལ་བསླེབ་ཚེ། བཟློག་པར་དཀའ་བའི་རང་བཞིན་ལ་ངེས་ཤེས་ཟབ་མོ་འདྲོངས་དགོས་པ་ཡིན། ད་ལྟ། ང་ཚོས་སྔོན་ཆད་ཀྱི་“མི་མདུན་དུ་བསྐྱོད་ན་བྱེ་ཐང་ཕྱིར་བཀྱེད”པའི་ལྟ་བ་ནོར་འཁྲུལ་ཅན་དེ་ཡོ་བསྲང་བྱེད་ཐུབ་པ་བྱུང་ལ། “མི་ཉིད་ཕྱིར་ནུར་ཚེ་བྱེ་མའང་ཕྱིར་བཀྱེད་འགྲོ་བ་དང་། རང་སོས་བྱུང་ནས་སོར་ཆུད་པར་འགྱུར”བའི་ལྟ་བའང་ཆགས་ཟིན། གངས་རི་དང་འཁྱག་ཀླུང་། ཆུ་ཁུངས་བཅས་ལ་མཚོན་ནའང་དེའི་རང་བཞིན་ཏེ། མི་མང་བོ་དེ་ལ་བཅར་ཅིང་བཏུད་ན་གངས་མཚམས་སྟོད་དུ་ནུར་འགྲོ་བ་དང་འཁྱག་ཀླུང་གི་ཞུ་ཚད་མགྱོགས་པ། ཆུ་རྒྱུན་རྦད་དེ་ཆད་པ་སོགས་ཀྱི་གནས་ཚུལ་འབྱུང་སླ་བས། ང་ཚོས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་ཤེས་དགོས་པའི་མཚུངས་སུ། དེ་འོས་འཚམ་གྱི་སྒོ་ནས་ཡུན་རིང་བོར་སྤྱོད་ཐུབ་པ་བྱུང་ན་འགྲིག་ནས་ཡོད། དེའི་ནང་དོན་ནི་ང་ཚོ་ཕྱིར་གདོད་མའི་དུས་སུ་ལོག་ཅིང་ཚད་དམའ་མོར་བེད་སྤྱོད་དགོས་ཞེས་པ་མིན་པར། རང་བྱུང་ཆོས་ཉིད་ལ་ལེགས་པར་བསྟུན་པ་དང་། མིའི་བློ་གྲོས་ཀྱི་རྩལ་ཡོངས་སུ་སྤྲུགས་ནས། སྐྱེ་ཁམས་མ་ལག་ཉམས་བྱེད་ཀྱི་ལས་དགྲ་སྣ་ཚོགས་དང་། མ་ལག་རང་ཉིད་རང་སོས་སོར་ཆུད་ཀྱི་ནུས་པ་ལེགས་པར་བེད་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་བཅོས་ཡོང་བ་བཅས་བྱས་ཐོག་ཆུའི་ཐོན་ཁུངས་བསྟུན་མུར་བེད་སྤྱོད་ཐུབ་པ་མངོན་འགྱུར་བྱེད་པ་དེ་རང་ངོ་།།
          ﹙གཉིས་པ﹚ཐོན་ལས་སྒྲིག་གཞི་སྔར་བས་ལེགས་བཅོས་ཡོང་དགོས། སྐྱེ་ཁམས་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་ཏེ། དེར་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་དང་འདྲ་ལ། སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་བྱུང་ཚེ་ཐོན་སྐྱེད་ནུས་ཤུགས་མཐོ་རུ་བཏང་བ་དང་གཉིས་སུ་མ་མཆིས། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་བསྟུན་མུར་འཕེལ་རྒྱས་སུ་འགྲོ་བའི་དངོས་པོའི་རྨང་གཞི་སྟེ། མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པ་དེ། རང་ས་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་བའི་མཐོ་ཚད་ཅིག་ཏུ་བཟུང་ནས་མཐོང་ཆེན་བྱེད་དགོས་ལ། དེ་གཉིས་ཀྱི་འབྲེལ་བ་ནི་དུས་ནམ་ཡང་དམ་ལྷོད་དུ་གཏོང་མི་རུང་། བཟོ་ལས་ཀྱི་ཕྱོགས་ནས་སྐྱེ་ཁམས་དཔལ་འབྱོར་དང་དྭངས་གཙང་གི་ཐོན་སྐྱེད། འཁོར་སྐྱོད་དཔལ་འབྱོར་བཅས་འཕེལ་རྒྱས་སུ་གཏོང་དགོས་ལ། ཞིང་ལས་ཀྱི་ཐད་ནས་གཙོ་བོ་ཞིང་ལས་ནི་རྨོ་འདེབས་ཁོ་ན་ཡིན་པའི་ལྟ་བ་སྒྱུར་བ་དང་། ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་གཞི་ནན་ཏན་གྱིས་ལེགས་བཅོས་བྱེད་དགོས་པ་ཡིན། གཞན་ཡང་སྐྱེ་ཁམས་གནས་སྐོར་སོགས་ཐོན་ལས་གསུམ་པའི་རིགས་ཀྱང་དར་སྤེལ་དུ་བཏང་སྟེ། ལས་ཞུགས་ཀྱི་གནད་དོན་དང་ངལ་རྩོལ་ནུས་ཤུགས་གཞན་ཕྱོགས་སུ་སྤོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། དེ་མིན་རྩོལ་ལས་དཔལ་འབྱོར་སྤེལ་པ་དང་། སྲོལ་རྒྱུན་གྱི“སྐྱེ་ཁམས་འཛུགས་སྐྲུན”དེ་“སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན”དུ་བསྒྱུར་བ་སོགས་ཀྱང་བགྲོད་ལམ་བཟང་བོ་ཞིག་ཏུ་འདོད་དོ།།
          ﹙གསུམ་པ﹚སྐྱེ་ཁམས་སྡོད་དམངས་གཞིས་སྤོར་གྱི་ལས་དོན་དེ་དོན་འཁྱོལ་ཡོང་བ་བྱེད་དགོས། ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བའི་ལྟ་བ་ལག་བསྟར་བྱེད་པ་དང་། ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བའི་མཐོ་ཚད་ཅིག་ནས་མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ། རྒྱལ་ཁབ་དང་ཐ་ན་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཡང་འདྲ་བའི་ལྟ་ཚུལ་འཛིན་དགོས། སྡོད་དམངས་གཞིས་ཁྱིམ་སྤོར་བའི་ཚུལ་དེ་རྒྱལ་ཡོངས་སུ་ཁྱབ་པར་བྱས་ཀྱང་ཆོག་ཆོག་ཏུ་སྣང་། མིའི་རིགས་འཚོ་སྡོད་བྱེད་དཀའ་བའི་གནས་དང་། ཡང་ན་མིའི་རིགས་འཚོ་སྡོད་བྱེད་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་འགྱུར་གྱི་ས་ཁུལ་དེའི་མང་ཚོགས་གནས་སྤོར་བ་དང་། ཡང་ན་གཞན་དུ་བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག རྨོ་འདེབས་བྱེད་པ་དང་ཕྱུགས་འཚོ་བ། ཉ་འཛིན་པ། རི་དྭགས་རྔོན་པ། སྡོང་བོ་གཅོད་པ། འཐུ་འཐོག་གི་ལས་བཅས་རྩ་བ་ནས་དོར་བ་བརྒྱུད། རྨོ་བསྐྱུར་སྡོང་འཛུགས་དང་། རྨོ་བསྐྱུར་རྩྭ་འདེབས། རྨོ་བསྐྱུར་རླན་འགུགས། རྨོ་བསྐྱུར་ཆུ་སྐྱིལ་གྱི་བྱ་བྱེད་ལེགས་པར་སྤེལ་ཏེ། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་ཡོང་བའི་དམིགས་ཡུལ་མངོན་དུ་འགྱུར་བ་བྱེད་དགོས། དུས་མཚུངས་སུ་གནས་སྤར་ཡུལ་གྱི་གནས་ཚུལ་དངོས་དང་སྤར་ནས་ཡོང་སའི་དེ་སྔོན་གྱི་ཐོན་སྐྱེད་ལག་ལེན་གཉིས་ཀ་ཟུང་སྦྲེལ་བྱས་ཏེ། ཁྱད་ཆོས་ལྡན་པའི་དཔལ་འབྱོར་སྤེལ་བ་དང་། ཞིང་ཕྱུགས་ལས་རིགས་ཐོན་ལས་ཅན་དུ་གཉེར་བ། གྲོང་རྡལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ལས་ཞུགས་ཀྱི་ཤོང་རྒྱ་ཇེ་ཆེར་བཏང་བ་དང་བསྟུན་ནས། གནས་སྤར་ཟིན་གྱི་མི་དག་གཞིས་གསར་དུ་བསླེབས་རྗེས་ལས་ཀ་བསྒྲུབ་རྒྱུ་ཡོད་ཐོག འཚོ་བ་ཇེ་བཟང་དུ་སོང་སྟེ། གནས་སྤོར་ལས་དོན་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ། གནས་ཡུལ་གསར་བའི་འགྲིམ་འགྲུལ་གཞུང་ལམ་དང་། གློག་དང་ཆུ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་དང་། རིག་གནས། སློབ་གསོ། ཚན་རྩལ། འཕྲོད་བསྟེན། སྤྱི་ཚོགས་འགན་ལེན་བཅས་ཞབས་ཞུའི་དགོས་ཆས་དག་ཀྱང་འཐུས་ཚང་དུ་བཏང་ནས། གནས་སྤོར་མཁན་དག་ལ“ཕ་ཡུལ་རྒྱབ་བསྐྱུར”གྱི་སྣང་བ་མེད་པར་བྱས་པ་དང་ཡུལ་དུ་ལོག་པ་ལྟ་བུའི་བདེ་དྲོད་སྦྱིན་ཐུབ་པ་བྱེད་དགོས། གནས་སྤར་རྗེས་ཀྱི་གཞིས་ཤུལ་དག་ཏུ“སྐྱེ་ཁམས་མི་མེད་ས་ཁུལ”བཙུགས་ཏེ། རང་བྱུང་ནུས་པ་བླ་ལྷག་གིས་འདོན་སྤེལ་བྱ་བ་ནི་ལག་རྩལ་གྱི་ཐོག་ནས་དང་དཔལ་འབྱོར་གྱི་ཕྱོགས་གང་ཐད་ནས་བཤད་ཀྱང་ནུས་པ་ཞིག་རེད། “སྐྱེ་ཁམས་མི་མེད་ས་ཁུལ”ཞེས་པར་གོ་བ་གང་བདེ་གང་འཚམ་དུ་བླངས་ཀྱང་ཆོག་སྟེ། ཆེ་བ་སྤྱི་ལེ་གྲུ་བཞི་མ་ཁྲི་ཕྲག་ལྷག་གི་རི་ཀླུང་དང་། ཆུང་བ་སྒང་རྒྱུད་ཆུང་ཆུང་ཞིག་གམ་གྲམ་གཞུང་གཅིག ཡང་ན་ནགས་ཚུལ་ཆུང་ཆུང་གཅིག་གང་ཡང་རུང་ལ། མིའི་སྟོབས་ཤུགས་ཀྱིས་གནས་སྐབས་སུ་གསོ་སྐྱོང་མི་ཐུབ་པའི་ས་ཁུལ་དག“སྐྱེ་ཁམས་མི་མེད་ས་ཁུལ”དུ་བསྐྱུར་པ་དེའི་མཚུངས་སུ། མིའི་རིགས་ཀྱིས་སྐྱེ་ཁམས་གཉོམ་པའི་གནས་དག་ཏུ་གསར་སྦོལ་གང་ཡང་མི་བྱེད་པར། རང་བྱུང་ཁམས་རང་ཉིད་སོར་ཆུད་ཀྱི་ནུས་པར་བརྟེན་པ་དང་། ཆར་ཆུ་འོས་འཚམ་ལྡན་པར་གྱུར་པ་ལ་བརྟེན་ནས། སྔོན་དུ་རྩྭ་ཡི་རིགས་སྐྱེས་ཤིང་རིམ་བཞིན་ལྗང་མདོག་ཅན་དུ་གྱུར་ཏེ། ས་གཞི་སྒྲེན་པོར་མི་གནས་པ་དང་རླུང་གཡུགས་ན་ས་རྡུལ་མི་འཁྲིགས་པ། ཆུ་ཤོར་ས་ཁུལ་གྱི་ཚད་ཆུང་བར་གྱུར་པ་བཅས་སྐྱེ་ཁམས་ཉམས་རྒུད་དུ་འགྲོ་བ་རེ་ཞིག་འགོག་ཐུབ་པ་བྱུང་ནས་འཐུས་སོ།། དེ་མིན། རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཐོག དེ་ལས་མཛེས་སྡུག་གི་རི་ཆུ་དང་ཁོར་ཡུག་ཉམས་དགའ་བ་ཡོད་པ་དག་ཏུ་ཡུལ་སྐོར་ལྟད་མོའི་གནས་བསྐྲུན་ཏེ། སྐྱེ་ཁམས་གནས་སྐོར་དར་སྤེལ་དུ་བཏང་ཡང་མི་ཆོག་པ་ཅང་མེད་དོ།།
          ﹙བཞི་པ﹚ས་ཁོངས་སྐྱེ་ཁམས་ཁོར་ཡུག་གི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པ། སྐྱེ་ཁམས་མ་ལག་དོ་མཉམ་པའི་ངང་འཕེལ་རྒྱས་འགྲོ་བ་ལ་རང་སྟེང་གི་འཕེལ་རྒྱས་ཆོས་ཉིད་ཅིག་ཡོད་དེ། གལ་སྲིད་རང་བྱུང་ཆོས་དེ་དམ་མ་བསྟུན་པར། མིའི་འདོད་པ་ལྟར་ས་གནས་དེའི་རང་བྱུང་ཆ་རྐྱེན་དང་མི་འཚམ་པའི་སྐྱེ་ཁམས་མ་ལག་ཅིག་གསར་དུ་བཙུགས་ཚེ། ལྡོག་ཕྱོགས་ཀྱི་འབྲས་བུ་འབྱུང་སླ་བར་མ་ཟད། ཡུན་རིང་མི་འགོར་བར་མ་ལག་དེ་རྩ་བ་ནས་རྒུད་འགྲོ་ངེས། དེ་བས་གཅིག་ནས་སྐྱེ་ཁམས་འཛུགས་སྐྲུན་གྱི་གནད་འགག་སྟེ། ཚན་རྩལ་གནད་དོན་ཐག་ཆོད་ཡོང་བར་མཐོང་ཆེན་དང་རམ་འདེགས་བྱས་འོག སྐྱེ་ཁམས་འཛུགས་སྐྲུན་ཐད་ཚན་རྩལ་གྱི་རྒྱབ་སྐྱོར་མ་ལག་ཡོད་དགོས། གཉིས་སུ་ས་ཁོངས་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་དཔལ་འབྱོར་དཔྱད་འཇོག་གི་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ཇུས་གཏན་ལ་དབབ་དགོས། གསུམ་དུ་སྐྱེ་ཁམས་ཀྱི་དོན་སྙིང་ཁྱད་པར་ལྡན་པའི་ས་གནས་གཏན་ལ་ཕབ་རྗེས། རིམ་པ་བཞིན་དུ་ཡར་ཞུ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་བྱེད་ནུས་ཁུལ་འཛུགས་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། དེའི་བྱེད་ཐབས་དང་ཉམས་མྱོང་འཚོལ་རྟོག་བྱས་པ་བརྒྱུད། ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་བཅས་སོ།།
རྩོམ་པ་པོ། བློ་བཟང་ལྷུན་གྲུབ་རྡོ་རྗེ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716