སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞིང་པ་དཀྱུས་མ་ཞིག་ནས་སྦྱིན་བདག་ཆེན་པོར་གྱུར་པའི་སྒྲུང་།
སྤེལ་དུས། 2017-08-25   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་པ་པོ།  བསོད་ནམས།
—— བོད་ལྗོངས་རིན་སྤུངས་རྟ་ར་འོག་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྦྱིན་བདག་དབུ་ཆོས་འཕེལ་ཚེ་རིང་གི་སྐོར་བཀོད་པ།
གསར་འགོད་པ་བསོད་ནམས།

འདི་ནི་དབུ་ཆོས་འཕེལ་ཚེ་རིང་གིས་དཔེ་དེབ་ལྟ་བཞིན་པ།
          ལོ་སུམ་ཅུའི་གོང་རྟ་ར་འོག་ཅེས་པའི་ཁྱིམ་ཚང་གི་མིང་དེ་རིན་སྤུངས་རྫོང་ཁོངས་ཀྱི་ཤང་གྲོང་འགའ་ཞིག་གི་སྐྱེ་བོས་མ་གཏོགས་རྒྱུས་མངའ་མེད་པ་ཞིག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁྱིམ་ཚང་དེར་སྐད་གྲགས་ཆོད་པའི་དོན་གང་ཡང་མེད་པས་ཡིན། འོན་ཏེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནས་རྟ་ར་འོག་ཅེས་པའི་ཁྱིམ་ཚང་གི་མིང་དེ་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་ཡོད་ཅིང་། ཕྱུག་བདག་རྟ་ར་འོག་ཅེས་པའི་མཚན་སྙན་ཁྱབ་དོན་ནི། རྟ་ར་འོག་གི་སྦྱིན་བདག་དབུ་ཆོས་འཕེལ་ཚེ་རིང་གིས་གཙོ་བོ་བྱས་པའི་བུ་རྒན་གཞོན་དཔུང་ཤུགས་གཅིག་ཏུ་སྒྲིལ་ནས་ཁེ་གཉེར་ལེགས་པོ་བྱས་སྟབས། རིམ་གྱིས་གཙང་གི་ས་གཞི་ཆེན་པོའི་ཐོག་རིན་སྤུངས་རྟ་ར་འོག་གི་ཁ་ལོ་བའི་སློབ་གྲྭ་དང་། རྟ་ར་འོག་གི་གསོལ་མགྲོན་ཁང་། རྟ་ར་འོག་གི་ནས་ཆང་བཟོ་གྲྭ དེ་བཞིན་རྟ་ར་འོག་གི་ས་ཁང་ཐོན་ལས་ཀུང་སི་སོགས་ཚད་ལྡན་གྱི་ཁེ་གཉེར་རྣམ་གྲངས་ཆེན་པོ་འགའ་ཞིག་ཡོད་པས་སོ།
          རྟ་ར་འོག་ཅེས་པའི་ཁྱིམ་མིང་ཐོགས་དོན་ནི་སྔོན་ཆད་ཁོང་ཚང་གིས་རྟ་ར་ཞིག་གི་ནང་འཚོ་བ་སྐྱེལ་མྱོང་བས། གཟུགས་དང་གྲིབ་མ་བཞིན་དུས་ལ་འཕོ་འགྱུར་མང་པོ་བྱུང་ཡང་ཁྱིམ་མིང་རྙིང་པ་དེ་རང་འཇགས་སུ་ལུས་པ་ཞིག་ཡིན། ཁོ་བོ་གཞོན་ནུའི་དུས་སུ་རིན་སྤུངས་སུ་ལོ་ཁ་ཤས་སྡོད་མྱོང་ཞིང་། སྐབས་དེ་དུས་ན་མཉམ་ཙམ་ཡིན་པའི་ད་ལྟའི་སྦྱིན་བདག་ཆེན་པོ་དབུ་ཆོས་འཕེལ་ཚེ་རིང་གིས་ཀོ་བའི་རྟ་སྒྲོ་ཞིག་བསྣམས་ནས་རིན་སྤུངས་རྫོང་ལས་ཁུངས་ཀྱི་ལས་བྱེད་པའི་ཆ་སྒམ་དང་སྦག་ཅོག་སོགས་ནང་ཆས་བཟོ་བར་འགྲོ་གི་ཡོད་པས། སྐབས་དེ་དུས་གཉོམ་ཆུང་གི་ཤིང་བཟོ་བ་དེ་ད་ལྟའི་སྒོར་དུང་ཕྱུར་13.8ཀྱི་སྦྱིན་བདག་ཆེན་པོ་ཞིག་ཆགས་པ་ནི་ཧ་ཅང་ལྐོག་འགྱུར་ཆེ་བའི་མ་འོངས་པ་ཞིག་མ་རེད་དམ། རིན་སྤུངས་བས་སྐབས་དེ་དུས་ནས་ད་ལྟའི་བར་དབུ་ཆོས་འཕེལ་ཚེ་རིང་ཞེས་བརྗོད་ཀྱི་ཡོད་པ་དེའང་ཁོང་གི་ཤིང་བཟོའི་ལག་རྩལ་ལ་བལྟོས་ནས། ཚང་མས་མ་གྲོས་གཅིག་མཐུན་ངང་ལག་རྩལ་གོ་མིང་བཏགས་པ་ཞིག་ཏུ་གྱུར།
          རྗེས་སུ་སྤྱི་ལོ་2005ལོར་ཁོ་བོས་ཁོང་གི་སྐོར་ལ་བཅར་འདྲི་ཞུ་སྐབས། རྟ་ར་འོག་འཛུགས་སྐྲུན་ཀུང་སི་དེ་སྒོར་དུང་ཕྱུར་གཅིག་གི་བདག་པོ་ཡིན་པས། དེའི་སྐབས་ཀྱི་རྩོམ་ཡིག་གི་འགོ་བརྗོད་དུའང་། ཞིང་པའི་ཁེ་ལས་མཁས་ཅན། སྒོར་དུང་ཕྱུར་གྱི་སྦྱིན་བདག་ཅེས་བྲིས་ཡོད་མོད། འོན་ཀྱང་དེ་ནས་ད་བར་གྱི་ལོ་བཅུ་ཕྲག་ལྷག་ཙམ་གྱི་ནང་ཁོང་གི་ཀུང་སི་དེ་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་ཏེ། ཕྱུག་པོ་རྟ་ར་འོག་ཅེས་པའི་མཚན་སྙན་གྲགས་ཆེར་སོང་བས། སློབ་ཆུང་ལོ་རིམ་གསུམ་པའི་ཡོན་ཚད་ལས་མེད་པའི་ཁོང་གི་ཁེ་གཉེར་ལམ་ལྷོངས་ལ་ཡང་བསྐྱར་བསམ་བློ་གཏོང་དགོས་པ་དང་། ཡང་བསྐྱར་ཁོང་དང་བཅས་པའི་རྟ་ར་འོག་འཛུགས་སྐྲུན་ཀུང་སིའི་སྒྲུང་གཏམ་བསྐྱར་དུ་འགོད་དགོས་པར་མཐོང་།
          དབུ་ཆོས་འཕེལ་ཚེ་རིང་གིས་ཤིང་བཟོ་བྱེད་སྐབས་ཀྱི་འཚོ་བ།
          ལོ་སུམ་ཅུ་ལྷག་ཙམ་གྱི་གོང་ལ་དབུ་ཆོས་འཕེལ་ཚེ་རིང་ལགས་ནི་རིན་སྤུངས་ཤང་ཁོངས་ཀྱི་སོ་ནམ་པའི་སོ་ནམ་ལག་ཆ་དང་། ཁྱིམ་ཆས་ཙག་ཙིག་བཟོ་མཁན་ཞིག་ཡིན་པ་དང་། ཁོང་རང་ཉིད་སོ་ནམ་བྱེད་མྱོང་བ་ཞིག་ཡིན་པས། ཁོང་གིས་བཟོས་པའི་སོ་ནམ་ལག་ཆ་གང་ཡིན་ཡང་ལས་དུས་སུ་སྤྱོད་བདེ་པོ་ཡོད་སྟབས། མི་ཚང་མས་དགའ་པོ་བྱས་ཏེ་ཁོང་གི་ལག་རྩལ་དེ་འགྲོ་རྒྱུག་ཆེན་པོ་ཡོད་མོད། ཡིན་ནའང་སྐབས་དེ་དུས་ཞིང་ཁུལ་གྱི་འཚོ་བའི་ཆུ་ཚད་ཀྱང་ཧ་ཅང་དམའ་པོ་ཡིན་སྟབས། ཤིང་བཟོ་བྱས་པའི་ཉིན་རེའི་གླ་ཆ་དེ་སྒོར་གཉིས་ཙམ་དང་མཐོ་ཤོས་ལའང་སྒོར་གསུམ་ལས་མེད་པས། ཞོར་ལས་ཡོང་འབབ་དེ་འདྲ་ཞིག་གིས་ལྟོ་ཚེ་འཁྱོལ་འཁྱོལ་ཙམ་ལས་ཁྱིམ་ཚང་ལ་ལྷོཌ་ཆེ་བའི་ཡོང་འབབ་ག་ནས་ཡོད། ད་ལྟ་དབུ་ཆོས་འཕེལ་ཚེ་རིང་གིས་བློས་འགེལ་སའི་གཅུང་པོ་ནོར་བུའང་སྐབས་དེ་དུས་ཁོང་གིས་དགེ་ཕྲུག་ཏུ་ཁྲིད་ནས་རྫོང་ལས་ཁུངས་སུ་ལས་བྱེད་པའི་ནང་ཆས་བཟོ་བར་འགྲོ་གི་ཡོད་ཅིང་། ཁོང་གཅེན་གཅུང་གཉིས་པོས་ཉིན་གང་ཤིང་བཟོ་རྔུལ་ནག་འཚིར་འཚིར་བྱས་ཀྱང་ཉིན་རེའི་ཡོང་འབབ་སྒོར་ལྔ་ལས་བརྒལ་ཐབས་བྲལ།
          སོ་ནམ་ཡོ་བྱད་རྟག་པར་བཟོ་མཁན་མེད་པ་དང་ལས་བྱེད་པས་ཤིང་ཆས་ཀྱང་རྟག་པར་བཟོ་མཁན་མེད་སྟབས། དབུ་ཆོས་འཕེལ་ཚེ་རིང་གིས་ཕྱོགས་ལ་ཐོན་ནས་འབབ་ཁུངས་གསར་པ་ཞིག་འཚོལ་རྒྱུ་དེ་གལ་ཆེར་གཟིགས་ནས། རང་ལོ་བཅོ་བརྒྱད་ཀྱི་ཐོག་ལམ་གྲོན་ཟེར་ཡང་འདྲ། འཚོ་བའི་འགྲོ་གྲོན་ཟེར་ཡང་གང་ལྟར་ལག་སྣེ་སྒོར་140དང་ཤིང་བཟོའི་ལག་ཆ་རྣམས་བསྣམས་ཏེ་ལྕགས་འདམ་ས་ཁོངས་སུ་ཡོད་པའི་དམག་སྒར་གྱི་ཤིང་བཟོར་བསྐྱོད་ཅིང་། དེ་གར་ཤིང་བཟོ་བྱེད་་རིང་ཁོང་གིས་རང་ཉིད་ལ་སློབ་ཆུང་ལོ་རིམ་གསུམ་པའི་རིག་གནས་ཆུ་ཚད་ལས་མེད་ཀྱང་། བརྩོན་སེམས་ཆེན་པོས་དམག་སྒར་ལ་ཡོད་པའི་ཆིང་ཧྭ་སློབ་ཆེན་ཐོན་པའི་བཟོ་སྐྲུན་པ་ཞིག་གི་ས་ནས། དཔེ་རིས་འབྲི་སྟངས་སྦྱངས་པ་དང་ཕྱོགས་མཚུངས་རྒྱ་ལུགས་ཀྱི་ཤིང་བཟོའི་ལག་རྩལ་ཡང་སྦྱངས་པས། དམག་སྒར་ལ་ལོ་གཉིས་ཙམ་ཤིང་བཟོ་བྱེད་རྒྱུ་བྱུང་བ་དེ་ཁོང་གི་ངོས་ནས་བཤད་ན། ཤིང་བཟོའི་སྦྱོང་བརྡར་ཐེངས་གཅིག་བྱས་པ་དང་ཁྱད་མེད་བྱུང་ཡོད།
          དབུ་ཆོས་འཕེལ་ཚེ་རིང་ལ་བཅར་འདྲི་བྱེད་རིང་། ཁོང་གིས་ངོ་ལྐོག་མེད་པའི་བཀའ་མོལ་ཞིག་གསུངས་བྱུང་སྟེ་ཁོང་གིས། ང་ནི་མི་ཧ་ཅང་བཀྲེན་པོ་ཞིག་ཡིན། ངས་སེར་སྣ་ཆེན་པོ་བྱས་ཏེ་གཏོང་དགོས་ངེས་ལ་མ་གཏོགས་དངུལ་སྐར་ལི་གཅིག་ཀྱང་གློད་ཀྱི་མེད། ལྕགས་འདམ་དུ་ཤིང་བཟོ་ལོ་གཉིས་བྱས་ཏེ་ཁྱིམ་དུ་འཁོར་ཞག་ལ་ཡོང་ཐེངས་རེར་ཡུལ་མི་ཚོས་ཇ་ཆང་འཁྱེར་ནས་འཚམས་འདྲི་ཞུ་བར་ཕེབས་སྐབས། ཁོང་ཚོར་ལག་རྟགས་ལ་ཤིང་བཟོ་བྱེད་དུས་དམག་སྒར་ནས་སྤྲད་པའི་ལག་ཤུབས་དག་མ་གྱོན་པར་བསགས་ནས་ཇ་ཆང་ཞུ་བར་ཕེབས་མཁན་ལ་ལག་ཤུབས་ཆ་རེ་སྤྲད་མྱོང་། ཧེ་ཧེ། ང་དངོས་གནས་སེར་སྣ་ཅན་ཞིག་ཡིན་པ་འདྲ་ཞེས་གད་མོ་དགོད་ཀྱི་འདུག་པས། ཁོང་གི་གནང་ལུགས་དེས་སྐབས་དེ་དུས་ནས་ཁོང་ཚང་ཕྱུག་པོ་ཆགས་རྒྱུའི་སྔ་ལྟས་ཤིག་འཆར་གྱི་ཡོད་པ་རྟོགས་མོད། འོན་ཏེ་ཡང་སྐབས་དེར་ཁོ་བའི་ཡིད་ལ། ཕྱུག་པོས་ལྟོ་མི་ཟ། དབུལ་པོས་ལས་མི་བྱེད་ཅེས་པའི་གཏམ་དཔེ་དེ་ཡང་དྲན་བྱུང་།
          ཞིང་པའི་ཨར་ལས་རུ་ཁག་བཙུགས་ནས་ཨར་འདམ་ལྕགས་རྩིབས་མའི་ཐོག་ཁང་བརྒྱབ།
          སྤྱི་ལོ་1982ལོར་རིན་སྤུངས་རྫོང་གི་ཞིང་ཁུལ་ལ་ས་གནས་གཞན་དང་འདྲ་བར་ཐོན་སྐྱེད་དུད་ཚང་ལ་འགན་གཙང་སྤྲད་ཅིང་། ངལ་རྩོལ་ནུས་ཤུགས་ཡོད་པའི་ཁྱིམ་ཚང་གིས་ཞིང་ལས་བྱེད་མཁན་ནང་མི་ཁག་གཅིག་བཞག་པ་ཕུད། ལག་རྩལ་ཡོད་པས་ཕྱོགས་ལ་ཐོན་ནས་ལག་རྩལ་འདོན་པའི་འགོ་ཐོག་མར་ཚུགས། དབུ་ཆོས་འཕེལ་ཚེ་རིང་གིས་གྲོང་ཚོའི་ནང་གི་མི་བཅུ་གཅིག་ལས་གྲུབ་པའི་ཨར་ལས་རུ་ཁག་ཆུང་ཆུང་ཞིག་སྒྲིག་འཛུགས་བྱས་ཏེ་གཞན་གྱི་ཨར་ལས་འགན་གཙང་ལེན་རྩིས་བྱས། ཡིན་ནའང་རྡོ་ཤིང་གཙོས་ལས་མི་དེ་དག་གིས་ས་ཕག་གི་ཁང་པ་རྒྱག་རྒྱུ་ཙམ་ལས་སྤུས་ཚད་མཐོ་བའི་ཨར་ལས་ཤེས་ཀྱི་མེད་སྟབས། ཨར་འདམ་ལས་གྲུབ་པའི་དེང་རབས་ཅན་གྱི་ཁང་པ་རྒྱག་པར་ལག་རྩལ་གྱི་དཀའ་གནད་མང་པོ་འཕྲད།
          ཞིང་པ་ལས་མི་ཁག་གཅིག་གིས། དབུ་ལགས། ཨར་འདམ་གྱི་ཨར་པོ་དེ་ང་ཚོས་འཇོན་ས་མ་རེད། ཨར་ལས་ཞལ་མ་བཞེས་རོགས་གནང་ཞེས་ཤོད་ཀྱི་ཡོད་མོད། ཁོང་གིས་བློ་ཐག་ཆོད་པོས། མ་ཤེས་པ་དེ་སྦྱངས་དགོས་རེད། ཤེས་ཀྱི་མེད་ཅེས་བསྡད་ཚེ། རྗེས་ལུས་ནས་རྗེས་ལུས་སུ་འགྱུར་གྱི་རེད་ཅེས་ལས་མིའི་བློ་སྒོ་ཕྱེ་བ་དང་སྦྲགས་རང་ཉིད་སྦྱིན་བདག་ཆུང་ཆུང་ཞིག་ཡིན་པའི་ངོས་ནས། སྤྱི་ལོ་1984ལོར་ཐེངས་དང་པོར་རིན་སྤུངས་རྫོང་སློབ་འབྲིང་གི་སློབ་ཁྲིད་ཐོག་བརྩེགས་ཁང་བསྐྲུན་རྒྱུའི་ལས་གྲྭ་ཁོང་གིས་འགན་གཙང་བླངས།
          ཐེངས་དེའི་སློབ་གྲྭའི་ཨར་ལས་དེས་འགྲོ་གྲོན་སྣ་ཚོགས་ཕུད། ཁོང་རང་ཉིད་ལ་ཁེ་བཟང་སྒོར་ཁྲི་3བྱུང་ཞིང་། ཡོང་འབབ་དེ་ནི་ཁོང་གིས་ཤིང་བཟོ་དང་ཨར་ལས་སོགས་སྣ་ཚོགས་བྱས་ནས་ལོ་མང་སོང་བའི་ནང་གི་ཡོང་འབབ་མཐོ་ཤོས་དེ་རེད།
          སྒོར་ཁྲི་གསུམ་ལག་ཏུ་སོན་རྗེས་ཁོང་གི་སེམས་ལ་ཨར་ལས་རུ་ཁག་ལ་ས་རྡོ་སྐྱེལ་འདྲེན་གྱི་རླངས་འཁོར་ཞིག་མ་བྱུང་ཐབས་མེད་རེད་སྙམ་སྟེ། རྒྱུ་ཆ་དབོར་འདྲེན་ལ་མཁོ་བའི་རླངས་འཁོར་ཞིག་ཉོ་རྒྱུའི་སེམས་ཐག་བཅད། དེ་ལྟར་ཡང་སྒོར་ཁྲི་གསུམ་ཁོ་ནས་རླངས་འཁོར་མི་ཁུག་པས། ཁོང་གིས་བློ་ཁོག་ཆེན་པོས་དངུལ་ཁང་ནས་བུ་ལོན་སྒོར་9400གཡར་ཏེ། མཐར་མིག་ལམ་དུ་འཁོར་བཞིན་པའི་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་དེ་ལག་ཏུ་སོན། ལོ་རབས་བརྒྱད་ཅུ་པའི་ནང་རིན་སྤུངས་རྫོང་དུ་ཞིང་པ་མི་སྒེར་ལ་རླངས་འཁོར་ཡོད་པ་ཧ་ལམ་དབུ་ཆོས་འཕེལ་ཚེ་རིང་ཙམ་ཡིན་པས། ཚང་མས་ཁོང་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཁོང་རང་ཉིད་ཀྱི་སེམས་ལའང་སྔོན་ཆད་ཐེར་གེ་ཞིག་ཀྱང་ཉོ་མི་ཐུབ་པའི་རང་ཉིད་ཀྱི་ཁྱིམ་དུ་རླངས་འཁོར་ཡོད་པ་དེས། རང་ཉིད་ཀྱི་རྫིག་ཉམས་མངོན་གྱི་ཡོད་པ་དང་ཡང་སེམས་ལ་བློ་མི་བདེ་བ་ཞིག་ཡོད་པ་ནི་རྗེས་སུ་ལས་གྲྭ་རག་ཚེ། སྔར་བཞིན་ལག་རྩལ་གྱི་དཀའ་གནད་དེ་དག་འཕྲད་རྒྱུ་རེད་སྙམ་པ་དེའོ།
          སྐྱིད་གྲོང་གྲོང་རྡལ་འཛུགས་སྐྲུན་གྱི་ལས་གྲྭ་ནས་ཨར་ལས་རུ་ཁག་སྟོབས་ཆེར་སོང་བ།
          རིན་སྤུངས་རྫོང་སློབ་འབྲིང་གི་ཐོག་བརྩེགས་ཁང་ཨར་ལས་བྱེད་རིང་། དེང་རབས་ཨར་ལས་ལག་རྩལ་མ་འདང་བའི་རྐྱེན་གྱིས་རྒྱུ་གྲོན་ཆེན་པོ་སོང་སྟེ། ཁེ་སྤོགས་ཆེན་པོ་ཞིག་མ་བྱུང་མོད། སྒོར་ཁྲི་གསུམ་ལྷག་ཙམ་གྱིས་ཁོང་བློ་ཡིད་ཚིམས་མྱོང་ལ། དེ་བས་ཀྱང་ཁོང་གི་ལས་མི་ཁག་གཅིག་གིས་དེང་རབས་ཨར་ལས་ཀྱི་ལྕགས་ཧྲེང་སླ་སྟངས་དང་ཨར་འདམ་བསྲེ་སྐབས་ཀྱི་ཚད་གཞི་སོགས་གང་ཙམ་ཞིག་ཤེས་པས་དེ་ནི་ཨར་ལས་ཀུང་སིའི་ལག་རྩལ་གྱི་རྨང་རྡོ་བཏིངས་པ་ལྟ་བུར་གྱུར།
          དབུ་ཆོས་འཕེལ་ཚེ་རིང་གིས་ད་དུང་ཨར་ལས་འཛུགས་སྐྲུན་ལས་གྲྭ་ཞིག་འགན་གཙང་ལེན་རྒྱུ་བྱུང་ན་སྙམ་པའི་སྐབས་ཏེ། སྤྱི་ལོ་1985ལོའི་ལོ་སྟོད་དུ་གོང་རིམ་སྲིད་གཞུང་ནས་སྐྱིད་གྲོང་གྲོང་རྡལ་གསར་སྐྲུན་བྱ་རྒྱུའི་ལས་གྲྭ་ཞིག་ཁོང་ལ་འགན་བཀུར། སྐྱིད་གྲོང་གྲོང་རྡལ་ནི་བོད་དང་བལ་ཡུལ་ས་མཚམས་ཀྱི་ཚོང་འབྲེལ་བྱེད་སའི་གྲོང་རྡལ་ཞིག་ཡིན་ལ། གནའ་སྔ་མོ་ནས་བོད་དང་བལ་ཡུལ། དེ་བཞིན་ཨེ་ཤེ་ཡ་ལྷོ་ཕྱོགས་ཀྱི་ཚོང་འབྲེལ་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། དེ་གའི་གྲོང་རྡལ་འཛུགས་སྐྲུན་ལེགས་པོ་ཞིག་བྱ་རྒྱུའི་བླང་བྱ་གཞན་ལས་མཐོ་བ་ཡོད་སྟབས། ཁོང་ལ་དགའ་ཚོར་དང་སེམས་ཁྲལ་གཉིས་དུས་ཅིག་ཅར་དུ་བྱུང་མྱོང་སྟེ། དགའ་ཚོར་ཡོང་དོན་ནི་ཨར་ལས་ཀྱི་རྒྱུ་ཆ་ཆ་ཚང་གཞུང་ནས་འགན་ལེན་བྱས་པས་མ་ཚད། ད་དུང་ཁོང་ལ་འཛུགས་སྐྲུན་ལས་མིའི་འགྲོ་གྲོན་སྒོར་ཁྲི་ཚོ་40ཁེར་གཙང་དུ་སྤྲད་པས་ཡིན་པ་དང་། སེམས་ཁྲལ་ཡོང་དོན་ནི་དེང་རབས་ཨར་ལས་ཀྱི་ཉམས་མྱོང་དེ་ཙམ་མེད་པའི་ཞིང་པའི་ཨར་ལས་རུ་ཁག་ཅིག་གིས་གོང་རིམ་གྱི་ཨར་ལས་བླང་བྱ་སྒྲུབ་ཐུབ་ཨེ་ཡོང་ངམ་སྙམ་པ་དེའོ།
          འགྲོ་གྲོན་སྒོར་ཁྲི་40དེ་སྐབས་དེའི་དངུལ་གྱི་རྫ་ཐང་ལ་བརྩིས་ན་ཉུང་ཉུང་མིན་མོད། འོན་ཀྱང་ལས་ཡུན་ཅུང་རིང་པོ་འགོར་བས་མཐར་ཨར་ལས་རུ་ཁག་གི་ལས་མི་དང་ཁོང་རང་ཉིད་ལ་ཡང་སྙིང་ཡོང་འབབ་ཇི་ཙམ་ཡོང་མིན་དེ་ཚོད་དཔག་བྱེད་དཀའ་བར་གྱུར་པས། དེའི་དོན་དུ་ཁོང་ལ་ཟས་བརྗེད་གཉིད་ཆག་གི་སེམས་ནད་བྱུང་མྱོང་བ་རེད། གྲོང་རྡལ་གསར་སྐྲུན་གྱི་ལས་ཡུན་ལོ་ལྔ་ལྷག་ཙམ་སོང་རིང་། རྟ་ར་འོག་ཨར་ལས་རུ་ཁག་གི་ལས་མི་རིམ་གྱིས་མང་དུ་སོང་སྟེ་རྡོ་ཤིང་དང་། ལས་མི་དཀྱུས་མ། དེ་བཞིན་རླངས་འཁོར་ཁ་ལོ་བ་སོགས་བསྡོམས་མི་གྲངས་160བར་ཟིན་ནས། རིན་སྤུངས་རྫོང་ཁོངས་ཀྱི་ཞིང་པའི་ཨར་ལས་རུ་ཁག་ཆེ་ཤོས་སུ་གྱུར་ཞིང་། དབུ་ཆོས་འཕེལ་ཚེ་རིང་ལ་དམིགས་བསལ་དུ་གྱུར་པའི་རིག་གནས་ཆུ་ཚད་མ་ལྡན་ཡང་། བློ་གཤོགས་ཤིན་ཏུ་ཡངས་པོ་ཡོད་སྟབས། ཁོང་གིས་སྐྱིད་གྲོང་གྲོང་རྡལ་འཛུགས་སྐྲུན་བྱེད་རིང་། དེ་ཁོ་ནར་མགོ་མ་འཁོར་བར་རིན་སྤུངས་རྫོང་ཁོངས་ཀྱི་ལས་གྲྭ་གཞན་དག་ཀྱང་བློས་མ་བཏང་བར་དུས་གཅིག་ཏུ་དམ་འཛིན་བྱས་ཡོད་པ་རེད།
          སྤྱི་ལོ་1992ལོར་ཨར་ལས་རུ་ཁག་ལ་མ་དངུལ་གང་ཙམ་ཡོད་པས་དབུ་ཆོས་འཕེལ་ཚེ་རིང་གིས་འགྲོ་ལུགས་སྣ་ཚོགས་གཉེར་ནས་ཨར་ལས་རུ་ཁག་དེ་བོད་ལྗོངས་རིན་སྤུངས་རྫོང་རྟ་ར་འོག་ལས་གྲྭ་འཛུགས་སྐྲུན་ཀུང་སི་ཞེས་པར་མིང་བསྒྱུར་བ་དང་། རིམ་བཞིན་བོད་ལྗོངས་རིན་སྤུངས་རྟ་ར་འོག་གཞུང་ལམ་ལས་གྲྭ་ཚད་ཡོད་ཀུང་སི་གསར་འཛུགས་བྱས་པ་མ་ཟད། ཁོང་རང་ཉིད་ཀྱིས་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་པ་གནང་ཞིང་། ཡང་དེའི་རྗེས་ཁོང་གིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་ལ་གཞིགས་ནས་ས་ཁང་ཐོན་ལས་གཉེར་འགོ་བརྩམས་གནང་ནས་ལེགས་གྲུབ་བྱུང་ཡོད་པ་རེད།
          དབུ་ཆོས་འཕེལ་ཚེ་རིང་ལོ་མཐོ་རུ་མཐོ་རུ་དང་རྟ་ར་འོག་སྟོབས་ཇེ་རྒྱས་སུ་སོང་བ།
          ད་ལྟ་དབུ་ཆོས་འཕེལ་ཚེ་རིང་ལོ་དྲུག་ཅུར་ཉེ་བས། ཁོང་གིས་རྟ་ར་འོག་གི་བྱ་གཞག་སྤྱིར་ན་རང་ཉིད་ཀྱི་གཅུང་པོ་ནོར་བུ་དང་སྤེལ་ལགས་སུ་རྩིས་སྤྲད་དེ་རང་ཉིད་ཇུས་དཔོན་ཆེན་པོའི་གནས་ལ་བཞུགས་ཡོད་པ་དང་། རྣམ་གྲངས་ཆེ་གྲས་ཡིན་ཕྱིན་ཁོང་རང་ཉིད་ཀྱིས་འགན་ཁུར་ནས་དོན་ཆེན་ལམ་ལྷོངས་ཡོང་བར་རྟ་ར་འོག་ཀུང་སིའི་མི་སྣ་སུས་ཀྱང་འདོན་མི་ཐུབ་པའི་འགན་ནུས་འདོན་གྱི་ཡོད་པ་རེད།
          སྤྱི་ལོ་2005ལོར་སླེབས་སྐབས་དབུ་ཆོས་འཕེལ་ཚེ་རིང་གི་རྟ་ར་འོག་ལས་གྲྭ་འཛུགས་སྐྲུན་ཀུང་སིའི་སྤྱིའི་རྒྱུ་ནོར་དངུལ་ལ་ཕབ་ན། སྒོར་དུང་ཕྱུར་གཅིག་ལས་བརྒལ་ཡོད་པས་སྐབས་དེར་བོད་ཀྱི་ས་ཕྱོགས་གང་སར་ཁོང་ཚང་ཕྱུག་བདག་དངོས་རེད་ཅེས་པའི་སྐད་གྲགས་ཆོད་མྱོང་བ་དང་། མིག་སྔར་རྟ་ར་འོག་གི་རྒྱུ་ནོར་སྤྱིའི་རིན་ཐང་དངུལ་ལ་ཕབ་ན། སྒོར་དུང་ཕྱུར་13.8ལས་བརྒལ་ཡོད་པས་ལོ་བཅུ་ལྷག་ཙམ་རིང་དུང་ཕྱུར་ཁ་ཤས་ཀྱི་ལྡབ་འཕར་གྲངས་ཚད་ཐོན་པས། རྟ་ར་འོག་རྒྱུ་སྟོབས་ཇེ་ཆེར་འགྲོ་བའི་སྙན་གྲགས་སླར་ཡང་བོད་ས་མཐོ་གང་སར་ཁྱབ་ཡོད་པ་རེད།
          གསར་འགོད་པས་ཁོང་ལ་ཁྱེད་རང་ཕྱུག་པོ་དེ་འདྲ་ཆགས་དུས་སྤྱི་ཕན་བྱ་གཞག་ལ་དོ་ཁུར་གནང་བའི་སྐོར་གསུང་རྒྱུ་ཡོད་ངེས་ཞེས་ཞུ་སྐབས་ཁོང་གིས། ངེད་རྟ་ར་འོག་སྔོན་ཆད་འཚོ་བ་སྐྱོ་པོའི་བྲོ་བ་མྱངས་མྱོང་བ་ཞིག་ཡིན་པས། དཀའ་ངལ་ཡོད་མཁན་ལ་རོགས་རམ་བྱ་རྒྱུ་དེ་གཏན་ནས་བརྗེད་ཀྱི་མེད་ཅེས་གསུངས་ཀྱི་འདུག་ཅིང་། དོན་གྱི་རྡོ་ཁར། ཁོང་ཀུང་སིས་ད་བར་ལྗོངས་ཕྱི་ནང་གི་ས་གཡོ་དང་། གངས་སྐྱོན། ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེ་ཕོག་ཁུལ་དང་། དེ་བཞིན་སློབ་གསོ་དང་དབུལ་སྐྱོར་སོགས་ལ་དམིགས་ཏེ་བཏང་བའི་ཞལ་འདེབས་དངུལ་དེ་སྒོར་ཁྲི་ཚོ་2.200ཟིན་གྱི་ཡོད་པ་རེད།
          ལྕགས་འདམ་གྲོང་ཚོ་དང་དབུ་ཆོས་འཕེལ་ཚེ་རིང་གི་ལས་འབྲེལ།
          རྟ་ར་འོག་གི་མིག་སྔའི་ཁེ་གཉེར་བྱ་གཞག་ཆེ་གྲས་ཀྱི་སྐོར་གླེང་སྐབས། ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། ལྕགས་འདམ་གྲོང་ཚོའི་ཁུལ་དུ་ཐོན་ལས་ཁུལ་གསར་ཞིག་གསར་སྤེལ་བྱས་ནས། གཞིས་རྩེ་གྲོང་ཁྱེར་ཁོངས་ཀྱི་ལུང་ཁུག་ཏུ་གནས་ཤིང་། ཆ་རྐྱེན་ཞན་པའི་མང་ཚོགས་དབུལ་པོ་མི་གྲངས་ཁྲི་གཅིག་ལྷག་ཙམ་ལ་ཁྱིམ་གཞིས་གསར་སྐྲུན་བྱ་རྒྱུ་ཡིན་པ་དང་། ཁོང་གིས་གསར་སྤེལ་ཁུལ་གྱི་ས་བཀྲ་ཞིག་བསྟན་གནང་སྟེ། རྒྱ་ཁྱོན་སོན་ཁལ་14000ཡོད་པའི་སར་ཞིང་པའི་སྤྲོ་སྐྱིད་ཁང་གི་ཤིང་འབྲས་འཐུ་ཁུལ་དང་། སྤུས་ལེགས་ཀྱི་གཟན་རྩྭ་དང་ལས་ཆོད་ཆེ་བའི་གསོ་ཚགས་དཔེ་སྟོན་ཁུལ། ལས་སྣོན་ལས་རིགས། འབྱུང་ཁམས་ཤིང་སོན་གསོ་སྤེལ་དཔེ་སྟོན་ཁུལ་སོགས་རིམ་པ་སྟར་ཆགས་སུ་གྲུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་། ཞིབ་ཕྲ་ཤེས་རྟོགས་བྱེད་སྐབས་གསར་སྤེལ་ཁུལ་དེའི་རྣམ་གྲངས་ལེགས་གྲུབ་བྱུང་རྗེས། ཞིང་པ་མི་གྲངས་12000ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་འདུག
          ལྕགས་འདམ་གྲོང་ཚོའི་འདབས་ཀྱི་རྣམ་གྲངས་དེ་ནི་ཁོང་གིས་ད་བར་གྱི་མ་འཇོག་ཆེ་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་འདུག་ཅིང་། གསར་འགོད་པས་ཁྱེད་རང་ན་གཞོན་གྱི་དུས་སུ་ལྕགས་འདམ་ཁུལ་གྱི་དཔུང་སྡེར་ཤིང་བཟོ་གནང་བར་ཕེབས་པ་དང་། ད་ཆ་སྐྲ་དཀར་པོ་ཆགས་རྗེས་སླར་ཡང་ལྕགས་འདམ་གྲོང་ཚོའི་འདབས་སུ་རྣམ་གྲངས་ཆེན་པོ་ཞིག་གཉེར་བ་དེ་དངོས་གནས་ཡུལ་ལྕགས་འདམ་དང་ཁྱེད་རང་ལས་འབྲེལ་ཡོད་པ་ཞིག་འདྲ་པོ་འདུག་ཅེས་ཞུ་སྐབས་ཁོང་གིས། དེ་དངོས་གནས་འདྲ་པོ་འདུག མི་ཁ་ཤས་ཀྱིས་ལྕགས་འདམ་ཁུལ་གྱི་སྐོར་གླེང་མ་ཐག་སྐམ་པོ་ལྕགས་འདམ་ལ་སྤུ་ཞིག་སྐྱེ་གི་རེད་དམ་ཟེར་གྱི་འདུག་ཀྱང་། བདག་གིས་ལྕགས་འདམ་གྱི་བསྐྱི་གཡའ་བའི་ཐང་གཤོངས་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་མཐོང་གི་འདུག་ཅེས་བརྗོད།
          ཞིང་པ་ལས་མིར་ལག་རྩལ་སྦྱོང་བརྡར་དང་ཁོང་ཚོར་ལོ་ལྟར་ཡོང་འབབ་ཇི་བྱུང་སྐོར་གླེང་སྐབས། དབུ་ཆོས་འཕེལ་ཚེ་རིང་གིས། བདག་ཚོ་རྟ་ར་འོག་འཛུགས་སྐྲུན་ཀུང་སི་ཐོག་མར་འཛུགས་སྐབས་ཨར་འདམ་ལྕགས་རྩིབས་མའི་ཨར་ལས་ཀྱི་ལྕགས་ཧྲེང་སླ་ཤེས་མཁན་ཞིང་པ་གཅིག་ཀྱང་མེད་པ་ནས་ད་ཆ་          ཨར་ལས་ལག་རྩལ་གྱི་འགན་ནུས་འདོན་མཁན་རྐང་འཛིན་པ་ཞིང་པ་མི་གྲངས་བརྒྱ་སྐོར་ཡོད་པས། ཨར་ལས་ལག་རྩལ་གཞན་རྟེན་གཙོ་བོ་བྱེད་པ་དེ་རང་རྟེན་དུ་གྱུར་ཟིན་ཡོད། ངེད་ཀུང་སིས་ལོ་རེ་མ་རྩ་སྒོར་དུང་ཕྱུར་བདུན་ཙམ་གྱི་ལས་གྲྭ་སྣ་ཚོགས་འགན་ལེན་བྱེད་ཀྱི་ཡོད་ལ། ལོ་རེ་ཞིང་པ་ལས་མི་གཙོ་བོ་བྱས་པའི་ལས་མི་ཡོངས་ལ་སྤྲད་པའི་གླ་ཆ་ཡང་བོད་ཀྱི་ས་ཁང་ཐོན་ལས་ཁྱབ་ཁོངས་ཀྱི་མི་སྒེར་གྱི་ཀུང་སི་མང་པོའི་ཁྲོད་ནས་ངེད་འཛུགས་སྐྲུན་ཀུང་སིས་སྤྲད་པའི་ལོ་རེའི་ལས་མིའི་གླ་ཆའི་དངུལ་གྲངས་མཐོ་ཤོས་སུ་སླེབས་ཀྱི་ཡོད། དཔེར་ན། སྤྱི་ལོ་2015ལོ་དང་། སྤྱི་ལོ་2016ལོར་ཀུང་སིས་ལས་མིར་སྤྲད་པའི་དངུལ་འབོར་སྒོར་དུང་ཕྱུར་3.2000ལས་བརྒལ་ཡོད། དེ་བཞིན་ཀུང་སིས་ལོ་དེ་གཉིས་ཁོ་ནར་རྒྱལ་ཁབ་ལ་འཇལ་བའི་དཔྱ་ཁྲལ་སྒོར་ཁྲི་9000ལྷག་ཙམ་ཟིན་ཡོད་ཅེས་བརྗོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716