སྒྲོལ་མ་ཚེ་རིང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་རང་སྐྱོང་ཁུལ་གྱི་མི་ཡིན་ལ། ༡༩༩༦ལོར་དབུས་ལྡན་ལྷ་སར་སླེབས་པ་ནས་བཟུང་ཁོང་གི་འགྱུར་མེད་བརྩོན་པ་དང་ལྷག་བསམ་གྱི་འདུན་པར་བརྟེན་ནས་བོད་རང་གི་རྒྱུ་དངོས་ལས་གྲུབ་པའི་ཐོན་རྫས་བཟོ་སྐྲུན་བྱེད་མགོ་བརྩམས། ལོ་དུ་མའི་དཀའ་ལས་འབད་བརྩོན་བརྒྱུད་དེ་ཁོ་མོས་ཆེས་ཐོག་མའི་ཐོན་རྫས་ཇོ་མོ་ལྷ་རིའི་བོད་ཇ་ཞེས་པ་ཚོང་རར་བཀྲམ། ཐོན་རྫས་དེ་རྨང་གཞིར་བྱས་ཐོག་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བོད་སྤོས་ཡང་བཟོ་སྐྲུན་བྱས། རང་བྱུང་སྨན་རྫས་ལས་གྲུབ་པའི་བོད་སྤོས་ལ་མི་མང་པོའི་དགའ་བསུ་ཆེན་པོ་ཐོབ་ནས་རང་རྒྱལ་དུ་ཞིང་ཆེན་བཅོ་བརྒྱད་དང་དེ་མིན་ཕྱིའི་རྒྱལ་ཁབ་ཏུའང་ཕྱིར་འདྲེན་བྱས་པ་རེད། ཁོང་གིས་བཟོས་པའི་པོ་ཏ་ལའི་གཟིམ་སྤོས་དང་ཇོ་མོ་བླ་རིའི་བོད་སྤོས་གཉིས་ལ་ཁེ་དབང་ཐོབ་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར་བཞི་བཅུ་ལོན་པའི་སྤྲོ་ཚོགས་ཀྱི་ཆེད་སྤྱོད་བོད་སྤོས་སུའང་བདམས་པ་རེད། ༢༠༠༣ལོར་ཁོང་གིས་ཇོ་མོ་ལྷ་རིའི་ཚོང་དོན་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ལ། ཀུང་སི་འདི་ལ་ལས་མི་བརྒྱ་དང་ལྔ་བཅུ་ལྷག་ཡོད་པའི་ནང་མང་ཆེ་ཤོས་ཞིང་འབྲོག་མང་ཚོགས་ཡིན་པས། ཁོང་གིས་ཞིང་འབྲོག་མང་ཚོགས་ཀྱིས་རང་གི་ངལ་རྩོལ་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་པའི་ཁོར་ཡུག་གལ་ཆེན་ཞིག་བསྐྲུན་པ་རེད། ཁོང་གི་ཐོན་རྫས་ཡོངས་ལ་མཚོན་ན་བོད་རང་གི་རང་རྒྱུ་ལས་གྲུབ་པ་ཡིན་ལ། ལྷག་པར་ཐོན་རྫས་རྨོ་ལགས་རྟགས་ཅན་གྱི་བཟའ་བཅའ་འདི་ལ་མཚོན་ན་བོད་རང་གི་ཁ་ཟས་གཙོ་བོ་རྩམ་པ་ལས་གྲུབ་པ་ཡིན་ལ། ཐོན་རྫས་འདི་ལ་སྣ་མང་ཞིང་རང་བྱུང་གི་བཅུད་ལྡན་པ། དེ་མིན་མངར་ཆའི་རིགས་ཉུང་བས་མིའི་བདེ་ཐང་ལ་ཡང་ཕན་པ་ཆེན་པོ་ཡོད། 
རྨོ་ལགས་རྟགས་ཅན་གྱི་བཟའ་བཅའ། བཅར་འདྲི་བ། ཨ་ཁུ་བདེ་མོ། ཐོག་མར་ངས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཚབ་བྱས་ནས་ཁྱེད་ཀྱིས་ཕྲན་ལ་ཐེངས་འདིར་བཅར་འདྲིའི་གོ་སྐབས་སྤྲད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།ཐོག་མར་ཁྱེད་ཀྱིས་ཅིའི་ཕྱིར་དུ་རྩམ་པ་རྒྱུ་ཆར་བྱས་ནས་ཐོན་རྫས་འདི་དག་བཟོས་པའི་སྐོར་ཅུང་བརྗོད་པར་ཞུ། སྒྲོལ་མ་ཚེ་རིང་ལགས། ༢༠༠༣ལོ་ནས་བཟུང་ང་ཚོས་ཚོང་རར་རྒྱུས་ལོན་བྱས་པ་ན་རྒྱལ་ནང་གི་མི་མང་ཆེ་བ་བོད་རང་གི་ཁ་ཟས་རྩམ་པ་ལ་དགའ་པོ་ཆེན་པོ་ཡོད། དེ་བས་ཐོག་མར་ང་ཚོས་རྩམ་པ་དང་མར། ཕྱུར་བ་བཅས་ཤོག་ཁུག་ཏུ་བཅུག་ནས་གནས་གང་ལ་ཕྱིན་ཀྱང་སྤྱོད་ཐུབ་པའི་སྟབས་བདེའི་བཟའ་བཅའ་བཟོ་བར་འཆར་འགོད་བྱས་པ་ཡིན། འོན་ཀྱང་རྒྱ་ནང་ལ་མཚོན་ན་གནམ་གཤིས་ཧ་ཅང་ཚ་པོ་ཡོད་པས་བཟའ་བཅའ་འདི་དག་ཆུ་ཚོད་མང་པོ་མ་སོང་བར་བྲོ་བ་འགྱུར་བ། རུལ་དྲི་བྲོ་བ་སོགས་ཀྱི་གནད་དོན་བྱུང་བས་ད་གཟོད་རྩམ་པའི་བཟའ་བཅའ་བཟོ་བའི་འགོ་བརྩམས་པ་ཡིན། བཅར་འདྲི་བ། ཁྱེད་ཚོའི་ཐོན་རྫས་ལ་སྣ་ཁ་ག་ཚོད་ཡོད། ད་སྐབས་གནས་གང་དག་ལ་ཁྱབ་ཡོད་པ་རེད། སྒྲོལ་མ་ཚེ་རིང་ལགས། ང་ཚོའི་ཐོན་རྫས་ལ་བོད་སྤོས་དང་བཟའ་བཅའ་སོགས་ཡོད་ལ་གཙོ་བོ་བཟའ་བཅའི་སྐོར་རེད། བཟའ་བཅའ་ལ་རིན་གོང་མི་འདྲ་བ་སྣ་ཁ་ཉི་ཤུ་རྩ་གསུམ་ཡོད། དེ་ཡང་རིན་གོང་ཡིན་ན་ལྗི་ཚད་ཀྱི་སྟེང་ནས་བཀར་བ་ལས་རྒྱུ་ཆ་འདྲ་མཚུངས་ཡིན། ད་སྐབས་ང་ཚོའི་ཐོན་རྫས་ལ་མཚོན་ན་རང་རྒྱལ་གྱི་གྲོང་ཁྱེར་ཆེ་ཤོས་པེ་ཅིང་དང་ཧྲང་ཧེ་སོགས་སུ་ཆེད་ཚོང་ཁང་ཡོད་པ་མ་ཟད་ཕྱིའི་རྒྱལ་ཁབ་ཏུའང་དགའ་བསུ་ཐོབ་མཁན་མང་པོ་ཡོད། |