སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་སུ་གཞུང་གི་བོགས་གཏོགས་ཁང་པ་རེ་ཞུ་བྱེད་པར་ཁྱིམ་ཐོའི་ཚད་བཀག་མེད་པར་བཟོས་ཡོད།
སྤེལ་དུས། 2014-09-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  སྙིང་མོས་བསྒྱུར།

ལོ་འདི་འགའི་རིང་བོད་ལྗོངས་ཀྱི་འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་དེ་གཞི་རྩའི་སྟེང་གླ་ཁེའི་ཁང་པ་དང་གཞུང་གི་བོགས་གཏོང་ཁང་པ། ལས་བྱེད་མི་སྣའི་འཁོར་རྒྱུག་ཁང་པ་བཅས་ཀྱིས་གཙོས་པའི་སྣ་མང་ཅན་གྱི་སྡོད་ཁང་མ་ལག་ཞིག་འཛུགས་ཐུབ་ཡོད།  ཡིན་ནའང་ཕྱི་ཡོང་གི་ཨར་པོ་རྒྱུགས་མཁན་དང་ཡོང་འབབ་དམའ་འབྲིང་གི་དུད་ཁྱིམ་ལ་སོགས་པར་མཚོན་ན་སྡོད་ཁང་ནི་ཧ་ཅང་དཀའ་བའི་གནད་ཅིག་ཡིན་འདུག

མིག་སྔར་བོད་ལྗོངས་ཀྱི་འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་གནས་ཚུལ་གང་འདྲ་ཡིན་པ་དང་། གཞུང་གི་བོགས་གཏོང་ཁང་པ་བཟོས་པ་བརྒྱུད་གྲོང་ཁྱེར་གྱི་ཡོང་འབབ་དམའ་འབྲིང་ཅན་གྱི་དུད་ཁྱིམ་གྱི་སྡོད་ཁང་ལ་ལེགས་བཅོས་གང་དག་ཡོང་ཡོད་པ།  གཞུང་གི་བོགས་གཏོང་ཁང་པ་རེ་ཞུ་བྱེད་པར་ཆ་རྐྱེན་གང་དག་ཚང་དགོས་མིན་བཅས་ཀྱི་ཐད་ལ《བོད་ལྗོངས་ཚོང་གཉེར་ཚགས་པར》གྱི་གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་མི་སྣའི་ས་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།

དུས་ད་རག་བར་དུ་བཟོ་བཞིན་པ་དང་བཟོས་ཚར་པའི་གླ་ཁེའི་ཁང་པ་ཁྲི་༢ཡོད་པ།

ལོ་འདི་འགའི་རིང་ས་གནས་སོ་སོས་འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་རྒྱ་ཆེར་བྱས་ཡོད། འོ་ན་མིག་སྔར་བོད་ལྗོངས་ཀྱི་འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་གནས་ཚུལ་གང་འདྲ་ཡིན་པའི་ཐད་ལ་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་འགན་སྲུང་ཁྲུའུ་ཡི་་ཁྲུའུ་ཀྲང་གཞོན་པ་ཞུས་ཞང་ཧུང་གིས་བཤད་པ་ལྟར་ན། བོད་ལྗོངས་སུ་༢༠༠༧ལོ་ནས་གླ་ཁེའི་ཁང་པ་བཟོ་འགོ་ཚུགས་ཤིང་། དུས་ད་ལྟའི་བར་དུ་བཟོ་བཞིན་པ་དང་བཟོས་ཚར་པའི་གླ་ཁེའི་ཁང་པ་ཁྲི༢ཡོད་པའི་མང་ཆེ་བ་ད་ལྟ་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་ཡོད།  དེས་ཡོང་འབབ་དམའ་འབྲིང་གི་དུད་ཁྱིམ་ཁྲི་༢དང་མི་ཁྲི་༦ལྷག་གི་སྡོད་གནས་དཀའ་བའི་གནད་དོན་ཐག་གིས་བཅད་ཡོད།  ལས་བྱེད་པའི་འཁོར་རྒྱུག་ཁང་པའི་ལམ་ལུགས་ནི་བོད་ལྗོངས་ཀྱི་ལས་བྱེད་མི་སྣ་ལ་ཁ་གཏད་པའི་དམིགས་བསལ་གཟིགས་སྐྱོང་གི་སྲིད་ཇུས་ཤིག་ཡིན་ལ་དེའང་ལོ་རེར་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། སྡོད་ཁང་ཐབ་ཆག་གི་བཟོ་བཅོས་ཐད་ལྗོངས་ཡོངས་ནས་ཁྱོན་ཁང་པ་༢༢༤༡༨ལ་བསྐྱར་གསོ་བྱས་ཡོད།

ཞུས་ཞང་ཧུང་གིས༢༠༡༥ལོའི་བར་དུ་བོད་ལྗོངས་སུ་སྤྱི་པའི་བོགས་གཏོང་སྡོད་ཁང་ཁྲི་༦ཙམ་ཡོད་ཕྱིན། ཚད་ངེས་ཅན་ཞིག་གི་སྟེང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་འབྲིང་གི་དུད་ཁྱིམ་དང་ལས་ཀར་གསར་དུ་ཞུགས་པའི་ལས་བྱེད་པ། གྲོང་ཁྱེར་ནང་ཨར་པོ་རྒྱུགས་མཁན་བཅས་ཀྱི་སྡོད་ཁང་གི་དཀའ་གནད་སེལ་ཏེ་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཡོང་ཐུབ་པར་བཤད།

ད་ལོར་གསར་དུ་བཟོ་བའི་ཁང་པ་ཁྲི་༡ལྷག་གི་ནང་༨%ཙམ་ད་ལྟ་ལས་འགོ་ཚུགས་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། གཞུང་གི་བོགས་གཏོང་ཁང་པ་ནི་སྡོད་ཁང་ཆ་ཚང་ཆུང་བའི་རིགས་ཀྱིས་གཙོར་བྱས་ཡོད། གཞུང་གི་བོགས་གཏོང་ཁང་པ་ཆ་ཚང་ཅན་ནི་སྡོད་ཁང་ཇུས་འགོད་ཚད་གཞི་དང་འཚམ་དགོས་ཤིང་། སྡོད་ཁང་གི་བཀོལ་སྤྱོད་ནུས་པ་དང་བར་སྟོང་གི་སྡེབ་སྒྲིག  སྡོད་མིའི་མི་གྲངས།  གྲུབ་ཆ་དང་བཅས་པར་ཕྱོགས་བསྡུས་ཀྱིས་བསམ་བློ་གཏོང་དགོས་ལ། ཁང་པའི་བཟོ་བཀོད་དང་ཆེ་ཆུང་སོགས་འོས་འཚམ་གྱིས་གཏན་འབེབས་བྱེད་དགོས།  སྤྱིར་བཏང་ཁང་པ་གཅིག་གི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ༦༠ནང་ཚུན་དུ་ཚོད་འཛིན་བྱེད་དགོས།

ཞུས་ཞང་ཧུང་གིས"ད་ལོར་རང་སྐྱོང་ལྗོངས་ཀྱིས་གཞུང་གི་བོགས་གཏོང་ཁང་པ་ཁྲི་༡དང་སྟོང་༡གསར་དུ་བཟོ་དགོས་པའི་ནང་མིག་སྔར་ཁང་པ་༨༤༠༠ཙམ་ལས་འགོ་བཙུགས་ཡོད་ཅིང་དེས་བརྒྱ་ཆའི༨༠ཟིན་ཡོད།  ཟླ་འདིའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལས་འགོ་ཚུགས་ལ་ལོ་མཇུག་བར་དུ་བརྒྱ་ཆའི༧༠ཙམ་བཟོས་ཚར་དགོས"ཞེས་བཤད།

གཞུང་གི་བོགས་གཏོང་ཁང་པ་རེ་ཞུ་བྱེད་པར་ཁྱིམ་ཐོའི་ཚད་བཀག་མེད་པར་བྱས་ཏེ་ཆ་རྐྱེན་བཞི་ཚང་བས་ཆོག་པ།

གཞུང་གི་བོགས་གཏོང་ཁང་པ་ཇི་ལྟར་བགོ་བཤའ་རྒྱག་དགོས་ཤིང་། མི་སྣ་རིགས་གང་དག་གིས་རེ་ཞུ་ཞུས་བྱས་ཆོག་གམ།  "རང་སྐྱོང་ལྗོངས་ཀྱིས་གཞུང་གི་བོགས་གཏོང་ཁང་པ་བགོ་བཤའ་རྒྱག་པར་ཁྱིམ་ཐོའི་ཚད་བཀག་མེད་པར་བྱས་ཤིང་། གྲོང་ཁྱེར་དུ་ཨར་པོ་རྒྱུགས་མཁན་དང་གསར་དུ་སློབ་མཐར་ཕྱིན་པའི་སློབ་ཆེན་པ་དག་ཀྱང་འགན་སྲུང་གི་ཁྱབ་ཁོངས་སུ་བསྡུས་ཡོད་པ་དེས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་གང་ལེགས་ཀྱིས་མཚོན་ཡོད། "གཞུང་གི་བོགས་གཏོང་ཁང་པའི་འགན་སྲུང་བྱ་ཡུལ་ལ་ཆ་རྐྱེན་བཞི་ཚང་དགོས་སྟེ།

(༡)ས་གནས་དེའི་མཁར་གྲོང་གི་ཁྱིམ་ཐོ་ཡོད་དགོས་པ།  དེ་མེད་པའི་རིགས་ལ་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་བཀྲམས་པའི་གནས་སྡོད་དཔང་ཡིག་གམ་སྐབས་སྡོད་དཔང་ཡིག་དེ་ཡོད་དགོས་པ་མ་ཟད། དངོས་སུ་གནས་དེ་གར་ལོ་གཅིག་ཡན་སྡོད་ཡོད་པ་དང་། ཨར་པོ་རྒྱུགས་མཁན་ལ་ངལ་རྩོལ་གན་རྒྱའམ་ལས་མི་བེད་སྤྱོད་གན་རྒྱ་ཡོད་དགོས།

(༢)ཁྱིམ་མའི་ལོ་གཅིག་གམ་ཟླ་གཅིག་གི་ཡོང་འབབ་ནི་ཁྱབ་བསྒྲགས་བྱས་ཡོད་པའི་ས་གནས་དེའི་གྲོང་ཁྱེར་དང་གྲོང་རྡལ་དུད་ཁྱིམ་གྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཀྱི་ཚད་གཞི་ལས་དམའ་བ།

(༣) གནས་དེ་གར་རང་བདག་གི་སྡོད་ཁང་མེད་པའམ་མི་རེའི་སྡོད་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་༡༥ལས་དམའ་བ།

(༤)རེ་ཞུ་བྱེད་སྐབས་ས་གནས་དེའི་སྡོད་ཁང་འགན་སྲུང་སྲིད་ཇུས་ལོངས་སུ་སྤྱད་མེད་པ་བཅས་སོ།

ཞུས་ཞང་ཧུང་གིས་གསལ་འདེབས་ཞུས་པར་གལ་སྲིད་ལོ་དེར་མཐར་ཕྱིན་པའི་སློབ་གྲྭ་ཆེ་འབྲིང་ཁག་གི་སློབ་མའི་ནང་ཡོང་འབབ་དང་སྡོད་ཁང་གི་ཆ་རྐྱེན་དང་འཚམ་མཁན་ཡོད་ན། དམིགས་བསལ་གྱིས་སྔོན་ནས་གཞུང་གི་བོགས་གཏོང་སྡོད་ཁང་གི་འགན་སྲུང་ཁྱབ་ཁོངས་ནང་བཅུག་ཆོག   ཆ་རྐྱེན་དང་འཚམ་པའི་ཁྱིམ་མིའི་ནང་ལོ་དྲུག་ཅུ་ཡན་གྱི་རྒན་པ་དང་ནད་གཞི་ལྕི་མོ་ཕོག་ཡོད་མཁན།  དབང་བོ་སྐྱོན་ཅན།  དམག་ལོག་ལས་བསྒྱུར་མི་སྣ།  གཟིགས་སྐྱོང་བྱ་ཡུལ་ལམ་ལས་གཞི་གལ་ཆེན་གྱིས་བཤིག་སྤོ་བྱས་ཡོད་པ་བཅས་ཡོད་ན་དམིགས་བསལ་གྱིས་སྔོན་ལ་བོགས་མར་གཏོང་དགོས།

དེ་མིན་གཞུང་གི་བོགས་གཏོང་ཁང་པའི་བོགས་དངུལ་དེ་སྲིད་གཞུང་གིས་གཏན་ལ་ཕབ་པའི་གོང་ཚད་ལག་ཏུ་བསྟར་དགོས།  གོང་ཚད་དེ་ནི་རིགས་གཅིག་པའམ་རིགས་འདྲ་བའི་ཚོང་ཟོག་སྡོད་ཁང་གི་ཚོང་རའི་རིན་གོང་གི༦༠ %ལས་མཐོ་མི་རུང་།  གན་རྒྱའི་དུས་ཡུན་ནང་ལས་ཁུངས་དང་མི་སྒེར་སུ་དང་གང་ཞིག་གིས་ཀྱང་ཕྱོགས་གཅིག་ཁོ་ནས་བོགས་དངུལ་གྱི་གོང་ཚད་ལ་འགྱུར་བ་བཏང་མི་ཆོག   སྲིད་ཇུས་འདི་དག་གཞིར་བཟུང་ནས་གལ་སྲིད་ཆ་རྐྱེན་དང་འཚམ་མཁན་ཡོད་ན་ས་གནས་དེའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་ལས་ཁུངས་ནང་བློ་འདྲི་བའམ་རེ་ཞུ་བྱེད་པར་སོང་ཆོག་གོ ། 

ཁ་བྱང་ཕྱི་མོ། བོད་ལྗོངས་སུ་གཞུང་གི་བོགས་གཏོགས་ཁང་པ་རེ་ཞུ་བྱེད་པར་ཁྱིམ་ཐོའི་ཚད་བཀག་མེད་པར་བཟོས་ཡོད།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060