སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཆེད་མཁས་པས་མུ་འབྲེལ་ལས་རིམ་ཐོན་སྐྱེད་ཀྱིས་ཐང་ག་སྒྱུ་རྩལ་གྱི་རིན་ཐང་ལ་གནོད་འཚེ་བཟོ་སྲིད་ཅེས་བརྗོད།
སྤེལ་དུས། 2014-09-18   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་པ་པོ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

"བོད་ལྗོངས་ལ་ཐང་ག་སྒྱུ་རྩལ་གྱི་རྨང་སྟུག་པོ་ཡོད། ཐང་ག་གྲུབ་མཐའ་ཁག་སོ་སོས་བརྒྱུད་རིམ་ལྡན་པའི་ངང་རྒྱུན་འཛིན་དར་སྤེལ་བྱེད་བཞིན་ཡོད། མིག་སྔར། ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་པའི་ཐང་ག་ཐོན་ལས་ལ་ཁ་གཏད་དེ། ང་ཚོས་ངེས་པར་དུ་སེམས་ལྷོད་ལ་བབས་ནས་བསམ་བློ་ཞིབ་མོ་གཏོང་དགོས། "ཞེས་བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ཡིས་གསར་འགོད་པར་དེ་ལྟར་བཤད།

ཐང་ག་ལ"རང་ལུས་སུ་འཁྱེར་ཆོག་པའི་ལྷ"ཞེས་འབོད་པ་དང་། དེ་ནི་གོས་ཚོན་གྱིས་མཐའ་རྒྱན་སྤྲས་རྗེས་གྱང་ལྡེབས་སུ་བཤམས་ནས་མཆོད་བཀུར་བྱས་ཆོག་པའི་ཆོས་ལུགས་རི་མོ་ཞིག་ཡིན། ད་ལྟའི་བར་དུ་ལོ་ངོ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པ་རེད། བོད་ལྗོངས་ནི་ཐང་ག་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན་པས། སྨན་ཐང་དང་མཁྱེན་བརྩེ། ཀརྨ་བཀའ་བརྒྱུད་སོགས་གྲུབ་མཐའ་མི་འདྲ་བ་གཙོ་བོ་བྱས་ཡོད་པ་རེད།

"བོད་ལྗོངས་ཀྱི་ཐང་ག་ཐོན་ལས་ཅན་གྱི་བརྒྱུད་རིམ་དལ་ནའང་། མཛེས་སྤྱོད་དང་སྒྱུ་རྩལ་རིན་ཐང་ཐད་ནས། དེའི་འཕེལ་རྒྱས་དགེ་མཚན་ནམ་ཡང་ཉམས་མེད་པ་རེད།"ཅེས་ཧན་ཧྲུའུ་ལི་ཡིས་དེ་ལྟར་བཤད། བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་ལ་གྲུབ་མཐའ་མང་བ་དང་། ཁྱད་ཆོས་སྣ་མང་ལྡན་ཞིང་། རྒྱུན་འཛིན་བྱེད་སྟེངས་བརྒྱུད་རིམ་ལྡན་པ་ཞིག་ཡིན།

"མིག་སྔར། བོད་ལྗོངས་ཀྱི་ཐང་ག་ཐོན་ལས་ཅན་ཅུང་དལ་ནའང་། དེ་ནི་ཐང་ག་སྒྱུ་རྩལ་འཕེལ་རྒྱས་བྱུང་ཡུལ་གྱི་སྐྱེས་ཁམས་ས་རྒྱུ་སྲུང་སྐྱོང་ཐད་ལ་མཚོན་ན་དོན་དག་བཟང་པོ་ཞིག་ཡིན།"ཞེས་ཧན་ཧྲུའུ་ལི་ཡིས་དེ་ལྟར་བཤད།"ཐང་གའི་དཔལ་འབྱོར་དང་GDPམཉམ་འབྲེལ་བྱེད་པའི་གནས་ཚུལ་ལ། ང་ཚོས་ངེས་པར་དུ་སེམས་གཟབ་ནན་མོའི་ལྟ་སྟེངས་འཛིན་དགོས། བོད་ལྗོངས་ཀྱི་ཐང་ག་ཐོན་ལས་ཅན་གྱི་བགྲོད་ལམ་སྟེང་དུ་འཕེལ་རྒྱས་ཅུང་དལ་བས། ང་ཚོར་མི་གཞན་པའི་ཉམས་མྱོང་བསྡུ་ལེན་བྱེད་པའི་དུས་ཚོད་མང་པོ་ཡོད་པས། ཕམ་ཁ་ཆེན་པོ་མྱོང་མི་དགོས་པ་རེད།"ཅེས་བཤད།

ད་ལྟ། རྒྱལ་ནང་གི་ཐང་ག་ཐོན་ལས་འཕེལ་རྒྱས་ཁྲོད་དུ། ཐང་ག་འབྲི་བཞེངས་སྒྱུ་རྩལ་བརྒྱུད་སྐུད་རང་བཞིན་ཅན་གྱི་སྣང་ཚུལ་མཐོང་རྒྱུ་མང་ལ། དེ་འདྲའི་ཐོན་སྐྱེད་བྱེད་སྟེངས་ཀྱིས། ཕུལ་དུ་བྱུང་བའི་ཐང་ག་རི་མོ་འཇོན་ལྡན་པའང་ནུས་མེད་དུ་བསྒྱུར་བས། ཐང་ག་སྒྱུ་རྩལ་གྱི་རིན་ཐང་ཡང་ཇེ་དམའ་འགྲོ་བ་རེད། དེའི་ཐད་ལ་ཧན་ཧྲུའུ་ལི་ཡིས། ཐང་ག་རི་མོ་བར་ཁྱད་འཕགས་ཀྱི་འབྲི་རྩལ་ལྡན་དགོས་པ་མ་ཟད། ཆོས་ལུགས་རིག་གནས་ཀྱང་ཕུན་སུམ་ཚོགས་པ་དགོས། དེ་མ་ཟད་ཀུན་སྤྱོད་གཙང་མ་བཅས་དགོས། དེ་ནི་ཐང་ག་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་སྔོན་འགྲོ་ཡིན་པ་རེད། "ཐོན་སྐྱེད་བརྒྱུད་རིམ་དེའི་ཐོན་སྐྱེད་བྱེད་སྟེངས་ཀྱིས། རི་མོ་བའི་སྒྱུ་རྩལ་ཚད་གཞི་ཇེ་དམའ་བཏང་ཡོད་པ་མ་ཟད། ཆེས་མཇུག་མཐར་སྒྱུ་རྩལ་པ་དེ་དག་རི་མོ་བ་ཁོ་ནར་འགྱུར་བ་རེད"ཅེས་བཤད་པ་རེད།

"བོད་ལྗོངས་ཀྱི་ཐང་ག་སྒྱུ་རྩལ་ནི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དུས་རིམ་དུ་སླེབས་ཡོད་པ་དང་། ལག་རྩལ་རྒྱུན་འཛིན་དང་ཐང་ག་བཞེངས་བསྐྲུན་ཐད་ལ་སེམས་ཤུགས་གཙོར་བསྐྱེད་བཞིན་ཡོད་ལ། རྒྱུན་འཛིན་མི་སྣས་ཐང་ག་གསར་བཞེངས་ཀྱི་སྤུས་ཚད་ཐད་ལ་དོ་སྣང་ཆེན་པོ་བྱེད་པས། གསར་རྩོམ་དུས་ཡུན་རིང་བ་དང་། ཐོན་སྐྱེད་ཚད་ཉུང་ནའང་། ཐང་ག་འབོར་ཆེན་ཐོན་སྐྱེད་བྱེད་པ་དང་བསྡུར་ན། སྒྱུ་རྩལ་རིན་ཐང་དེ་ལས་ཆེ་བ་ཡོད་པ་རེད།"ཅེས་བོད་རང་སྐྱོང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱི་འགན་ཁུར་མི་སྣ་ངག་དབང་བསྟན་འཛིན་གྱིས་དེ་ལྟར་བཤད།

གསར་འགོད་པས་བརྟག་དཔྱད་བྱས་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་ཚོང་རའི་ཁྲོད་དུ་ཐང་ག་རེའི་རིན་གོང་སྒོར ༡༠༠༠ ཡས་མས་ཡིན་པ་རེད། ཐང་ག་རི་མོ་མཁན་གྱི་བརྩམས་ཆོས་མང་ཆེ་བ་ནི་མངག་ཉོའི་རྣམ་པ་བརྒྱུད་ནས་ཕྱིར་ཚོང་བྱེད་པ་ཡིན་ལ། ཐང་ག་ལ་ལར་སྒོར་ཁྲི་བཅུ་ནས་ཁྲི་བརྒྱའང་རིན་པ་རེད། ཆེད་མཁས་པ་ལ་ལས་འདོད་ཚུལ་ལྟར་ན། ཐང་ག་རི་མོ་བས་ཐང་ག་སྤུས་ལེགས་གསར་རྩོམ་བྱེད་པའི་འདུ་ཤེས་བཅངས་རྒྱུ་ནི་ཚོང་རའི་འགྲན་རྩོད་ཇེ་མཐོར་གཏོང་བའི་བྱེད་ཐབས་གཅིག་ཡིན།

 "ཐང་ག་མཆོད་བཤམས་མཁན་ནི་མང་ཆེ་བ་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་དང་། རྒྱལ་ཕྱི་ནང་གི་ཉར་ཚགས་མཁན། ཡུལ་སྐོར་མགྲོན་པོ་སོགས་ཡིན། ཐང་ག་རི་མོ་བས་གསར་རྩོམ་ཆོས་ཉིད་བརྩི་སྲུང་། མཛེས་སྤྱོད་ཚད་གཞི་རྒྱུན་འཁྱོངས་ནན་མོ་བྱས་ཚེ། ཕྱོགས་གཞན་ཞིག་ནས་ཐང་གའི་གྲངས་ཀ་དང་དགོས་མཁོ་དོ་མཉམ་ཡོང་བ་རེད།"ཅེས་ཧན་ཧྲུའུ་ལི་ཡིས་དེ་ལྟར་བཤད།

ཆེད་མཁས་པས་དབྱེ་ཞིབ་བྱ་རྒྱུར། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་དུ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཐང་ག་ནི་སྒྱུ་རྩལ་ཕྱིར་མངོན་ཐབས་ཆེས་མཐོན་པོ་དང་མི་རིགས་རིག་གནས་ཆེས་ཕུན་སུམ་ཚོགས་པ། དམིགས་བསལ་གྱི་རིག་གནས་སྒྱུ་རྩལ་རིན་ཐང་བཅས་ལྡན་པ་ཞིག་ཡིན་པས། རྒྱལ་ཕྱི་ནང་གི་ཡུལ་སྐོར་མགྲོན་པོ་ཚོས་དགའ་བསུ་ཐོབ་བཞིན་ཡོད། དེའི་སྟབས་ཀྱིས་བོད་ལྗོངས་ཀྱི་ཐང་ག་ལ་མིག་སྔར་ཐོན་ལས་རང་བཞིན་གྱི་འཕེལ་རྒྱས་བྱུང་བའི་ཆ་རྐྱེན་འཛོམས་པ་རེད།

"ཐང་ག་ཐོན་ལས་འཕེལ་རྒྱས་ཐད་ནས། བོད་ལྗོངས་ལ་ཁྱད་འཕགས་ཀྱི་རིག་གནས་གཤིན་ས་དང་རྒྱུན་འཛིན་རྨང་གཞི་ལྡན་པ་རེད། དེའི་སྟབས་ཀྱིས་འཛམ་གླིང་གི་ཐང་ག་སྒྱུ་རྩལ་གྱི་ལྟེ་གནས་ཡིན། ང་ཚོས་འོས་འགན་གཞན་འགེལ་བྱེད་མི་ཆོག"ཅེས་ཧན་ཧྲུའུ་ལི་ཡིས་དེ་ལྟར་བཤད།"གལ་སྲིད་ཉིན་ཞིག་ལ། བོད་ལྗོངས་ཀྱི་ཐང་ག་ཐོན་ལས་དར་རྒྱས་ཆེན་པོ་བྱུང་ཚེ། ང་ཚོས་དེ་ལས་ཀྱང་ཐང་ག་སྒྱུ་རྩལ་གྱི་འབྱུང་ཁུངས་སྲུང་སྐྱོང་བཟང་པོ་བྱེད་དགོས། ཁེ་ཕན་ཁོ་ན་སྙེག་མི་ཆོག་ལ། དེ་ལས་ཀྱང་ཚོང་ར་སྙེག་ནས་ཐང་ག་གསར་རྩོམ་གྱི་སྒྱུ་རྩལ་ཚད་གཞི་ཇེ་དམའ་གཏོང་མི་ཆོག"ཅེས་དེ་ལྟར་བཤད་པ་རེད།

 

ཁ་བྱང་ཕྱི་མོ། ཆེད་མཁས་པས་མུ་འབྲེལ་ལས་རིམ་ཐོན་སྐྱེད་ཀྱིས་ཐང་ག་སྒྱུ་རྩལ་གྱི་རིན་ཐང་ལ་གནོད་འཚེ་བཟོ་སྲིད་ཅེས་བརྗོད།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060