གསར་འགོད་པས་བོད་ལྗོངས་ཆབ་མདོ་ས་ཁུལ་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཏེ་ཁྲ་འཁྱིལ་མ་ལྷ་ཁང་གི་ཉམས་བཟོའི་ལས་གཞི་མཇུག་སྒྲིལ་ཟིན་པ་དང་ཐོག་མའི་ཞིབ་དཔྱད་རྩིས་ལེན་གྱི་ལས་དོན་ཡང་མཇུག་སྒྲིལ་ཟིན་པ་རེད། གོམས་སྟབས་རྗེས་མར་རྒྱལ་རིག་དངོས་ཅུད་ཀྱིས་ལས་གྲྭའི་མཐའ་མའི་ཞིབ་དཔྱད་རྩིས་ལེན་བྱ་རྒྱུ་ཡིན་པ་རེད།
ཁྲ་འཁྱིལ་མ་ལྷ་ཁང་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་རི་བོ་ཆེ་རྫོང་ཁོངས་སུ་གནས་ཡོད་པ་དང་། སྤྱི་ལོ༡༢༧༦ལོར་བསྐྲུན་པ་ཞིག་ཡིན། ལྷ་ཁང་དེའི་མཐོ་ཚད་ལ་སྨི༤༨དང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༣༠༠༠ཙམ་ཡོད་ལ་བོད་ཤར་ཁུལ་གྱི་གཞི་རྒྱ་ཆེ་ཤོས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་སྟག་ལུང་བཀའ་རྒྱུད་ཀྱི་མ་དགོན་ཞིག་ཀྱང་ཡིན། སྤྱི་ལོ་༢༠༠༦ལོར་རྒྱལ་ཡོངས་ཐེངས་དྲུག་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ལ་འདེམས་ཐོན་བྱས་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ཁྲ་འཁྱིལ་མ་ལྷ་ཁང་ཉམས་བཟོའི་སྲུང་སྐྱོབ་ལས་གཞི་ནི་བོད་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཆབ་མདོ་ས་ཁུལ་གྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཀྱི་གྲས་ལ་གཏན་འཁེལ་བྱས་ཡོད་པ་དང་། ཁྱོན་མ་དངུལ་ཁྲི༣༥༡༢བཏང་ཡོད་པ་རེད། ལས་གཞི་དེ་ནི་སྤྱི་ལོ༢༠༡༢ལོའི་ཟླ་བ༧པའི་ཚེས༡ཉིན་དངོས་སུ་ལས་འགོ་ཚུགས་པ་རེད།
རིག་དངོས་ཅུས་ཀྱི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲ་འཁྱིལ་མ་ལྷ་ཁང་གི་རིག་དངོས་སྲུང་སྐྱོབ་བྱེད་པའི་རིང"གནའ་ཉམས་སོར་འཇོག་དང་། སྔར་གྱི་རྣམ་པར་འགྱུར་ལྡོག་མེད་པའི"རྩ་དོན་གཞིར་བཟུང་ནས་སྲུང་སྐྱོབ་བྱས་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་རིག་དངོས་ཉམས་བཟོའི་ལས་གཞི་དེ་དོན་དངོས་ཀྱི་ཐོག་ནས་རིག་དངོས་སྲུང་སྐྱོབ་ཐུབ་ཡོད་པ་དང་། རྩ་བའི་ཆ་ནས་གནའ་བོའི་འཛུགས་སྐྲུན་གྱི་ཉེན་ཁའི་གནས་ཚུལ་མེད་པར་བཟོས་ཡོད་པ་དང་དུས་མཚུངས་ཁྲ་འཁྱིལ་མ་ལྷ་ཁང་གི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལྡེབས་རིས་དང་། སངས་རྒྱས་ཀྱི་སྐུ། ཐང་ག་སོགས་གནས་སྤོའི་རིག་དངོས་ཁག་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད་པ་རེད།
ཁ་བྱང་ཕྱི་མོ། སྟག་ལུང་བཀའ་རྒྱུད་ཀྱི་མ་དགོན་ཁྲ་འཁྱིལ་མ་ལྷ་ཁང་གི་ཉམས་བཟོ་ལེགས་འགྲུབ་བྱུང་བ།
(རྩོམ་འགན་པ། སྒྲོལ་ཚེ།)