སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཆུ་ཀྱཱ་སྡེ་བའི་དམངས་སྒྲུབ་ཐ་སྙད་ཚོགས་པ།
སྤེལ་དུས། 2015-12-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་མཆོག་འབུམ།

  ང་ཚོ་ནི་བོད་ཨ་མདོའི་འབྲོག་ཁུལ་ཀྱི་རང་སྐད་སློབ་སྦྱོང་བྱེད་པའི་ཚོགས་པ་ཆུང་ཆུང་ཞིག་ཡིན།  ང་ཚོའི་སྡོད་ཡུལ་ནི་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོའི་ཆུ་ཀྱཱ་སྡེ་བ་ཡིན།  ད་ལྟའི་ཆ་འདི་ལ་སྤྱི་ཚོགས་ཕྱོགས་ཡོངས་སུ་དཔལ་འབྱོར་གྱི་ཆ་རྐྱེན་ཇེ་བཟང་དང་རིག་གནས་སྣ་མང་ཅན་དུ་འགྱུར་བའི་སྣང་ཚུལ་ཞིག་འདུག   ཡིན་ཡང་དུས་སྐབས་གསར་བ་འདིའི་ནང་དུ་ཕྱི་ཐོན་རིག་གནས་སོགས་བརྒྱུད་དེ་བོད་ཀྱི་སྔར་ཡོད་ཀྱི་རིག་གནས་ལའང་གདོང་གཏུག་དང་གཙུབ་བརྡར་མང་པོ་བྱེད་ཀྱིན་འདུག  སྐད་རིགས་ནི་དེའི་ཁྲོད་ཀྱི་རིགས་ཤིག་རེད་སྙམ།  དངོས་པོ་གསར་བ་དང་གློག་བརྙན་རླུང་འཕྲིན་སོགས་གསར་ལམ་གྱི་རྣམ་པ་མང་པོ་ཞིག་ལ་བརྟེན་སྔར་བྱུང་མ་མྱོང་བའི་ཐ་སྙད་གསར་བ་མང་པོ་ཞིག་བྱུང་བ་དང་།  དེ་དག་ཡང་དག་གིས་བོད་སྐད་དུ་སྒྱུར་མ་ཐུབ་པའམ། ཡང་ན་བསྒྱུར་ཡོད་པའི་དབང་དུ་བཏང་ཡང་གཞི་རིམ་དུ་ཁྱབ་གདལ་དང་སློབ་སྦྱོང་བྱེད་མ་ཐུབ་པས་སྐད་རིགས་མང་པོ་ཉ་ཉོག་གིས་བསྲེས་པའི་བསྒྲགས་སྐད་དམ་བསྲེས་སྐད།  རྒན་རྒྱ་གྲོལ་ལགས་ཀྱི་རྗོད་ཚུལ་ལྟར་ན་འདྲེ་སྐད་ཀྱི་ངན་ཤུགས་ཤིག་གང་སར་ཆགས་ཀྱིན་འདུག   དེ་དང་བསྟུན་ང་ཚོའི་ཚོགས་པ་ཆུང་ཆུང་འདིའང་སྨྱུ་གུ་འབུས་པ་ནས་ཀྱག་ཀྱོག་གིས་ནར་སོན་ལ་རེ་སྒུག་བྱེད་བཞིན་ཡོད་པ་དང་།  རྗེས་རབས་པ་དག་ལ་རེ་བ་ཆེན་པོས་གཏམས་པ་དང་རང་གི་སྐད་དང་ཡི་གེའི་བདག་པོར་འགྱུར་བའི་སྨོན་ལམ་འདེབས་པའི་ཆ་ནས་བྱམས་བརྩེའི་སྣོད་བཅུད་ཉམས་གསོ་མེས་པོའི་སྨྲ་བརྗོད་གཙང་སེལ་ཀུན་ཕན་ལས་སྒྲུབ་ཚོགས་པ་ཞེས་པའི་ཚོགས་མིང་བཏགས་ཡོད། 

  ང་ཚོའི་ཚོགས་པ་འདི་ནི་ཐོག་མར་ཆོས་རྗེ་ཡུལ་ཚོའི་སྡེ་བ་འགས་མཉམ་སྒྲུབ་ཀྱིས《རིགས་ཞེན་དུང་གི་རང་མདངས》ཟེར་བའི་དེབ་ཅིག་བསྐྲུན་པ་དང་།  དེབ་དེ་ལ་སྡེ་བའི་ནང་ནས་ཀྱང་མི་མང་པོ་ཞིག་གིས་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱས་པ་རེད།  རྗེས་སུ་དེབ་དེ་སྡེ་བའི་ནང་དུ་རིན་མེད་གཟིགས་འབུལ་བགྱིས་པ་རེད།   དེའི་ཤུགས་རྐྱེན་གྱིས་སྡེ་བའི་ནང་དུའང་ཐ་སྙད་གསར་བའི་སློབ་སྦྱོང་གི་རླབས་རྒྱུན་ཞིག་འཕྱུར་བ་དང་།  ཐོག་མར་སྡེ་བའི་རུ་ཁག་གི་འགན་ཁུར་པ་སོ་སོས་འགན་ཁུར་བའི་རྣམ་པས་དུས་ཡུན་ཅུང་ཙམ་སོང་པ་རེད།   ཡིན་ཡང་།  རྗེས་ནས་དེའང་འཚམས་ཆད་འགོ་བརྩམས་སོང་།   དེའི་རྐྱེན་གྱིས་ཕ་སྐད་སྲུང་སྐྱོབ་དང་ཐ་སྙད་གསར་བའི་སློབ་སྦྱོང་གི་ལས་ཀ་དེ་མཚམས་མ་འཆད་ན་འདོད་དེ་རང་གི་ནུས་པ་དང་བསྟུན་པའི་ཤུགས་རེ་རྒྱག་ཅི་ཐུབ་བྱས་པ་ཡིན།   ཐོག་མར་ཐ་སྙད་གསར་བ་སློབ་པའི་ང་ཚོའི་ཚོགས་པ་འདི་ལ་མིའང་མང་པོ་ཞིག་འདུས་ཡོད་པ་མ་རེད།  སྡེ་བའི་ནང་གི་ཁྱིམ་ཚང་སོ་སོ་ལ་མཚོན་ནའང་དེའི་གལ་ཆེན་རང་བཞིན་དང་གཙོ་བོའི་ཆ་དེ་ལ་ངེས་ཤེས་ཟབ་མོ་ཞིག་བྱུང་ཐུབ་ཀྱིན་མི་འདུག  ཡིན་ཡང་།  རྗེས་སུ་རིམ་བཞིན་ཚོགས་པའི་ནང་དུ་ཞུགས་པའི་མིའང་ཇེ་མང་དུ་སོང་བ་དང་།   དེ་ནི་གཙོ་བོ་ན་གཞོན་དག་གིས་གྲུབ་པ་དང་རྒན་པོ་རེ་འགའ་ཡང་ནང་དུ་ཞུགས་སོང་པ་དེས་ང་ཚོ་ལ་སྟོབས་ཤུགས་བླ་མེད་ཅིག་སྤྲད་སོང་
 
  དྲང་མོར་བཤད་ན་ཐ་སྙད་གསར་བར་སློབ་སྦྱོང་གི་སྐོར་ནས་དུས་རྒྱུན་དུ་ལས་ཀ་ཞིག་གཉེར་རྒྱུ་དེ་ཤིན་ཏུ་དཀའ་པོ་འདུག  གཅིག་ནས་དེ་ལ་མ་དངུལ་གྱི་རྒྱབ་སྐྱོར་མེད་པ་དང་།  གཉིས་ནས་ཁྱིམ་ཚང་སོ་སོས་རང་རང་གི་ཁ་རྒྱབ་དང་མ་འོངས་པ་ལའང་འདང་རྒྱག་དགོས་པས་ཉིན་ལྟར་དུ་ཐ་སྙད་གསར་བ་སློབ་སྦྱོང་གི་ཐད་དུ་དུས་ཚོད་ཕུད་ཐུབ་མཁན་ཡོད་པ་མ་རེད་ལ།  ཡོད་ཀྱང་སྲིད་པ་མ་རེད།   དེ་མིན་ཐ་སྙད་ཚོགས་པར་ཞུགས་པའི་ན་གཞོན་དག་ལ་མཚོན་ནའང་ཁ་ཐོར་དུ་གནས་ཤིང་།  དུས་རྒྱུན་སློབ་སྦྱོང་གི་ཐད་ནས་ཕན་ཚུན་ལ་དྲི་བ་སོགས་ཡོད་ཀྱང་དྲི་བའི་སྟབས་མི་བདེ་བ་དང་སློབ་སྦྱོང་གི་སྟབས་ཀྱང་མི་བདེ་བ་ཞིག་རེད། 

  སློབ་སྦྱོང་གི་ཐད་ནས་ང་ཚོས་ཐོག་མར《རིགས་ཞེན་དུང་གི་རང་མདངས》ཞེས་པའི་དཔེ་ཆ་དེ་ཁྲིད་པ་དང་།  དཔེ་ཆ་དེའི་ཁྲོད་ཀྱི་མིང་ཚིག་དག་ཁྲིད་ཚར་ནས་མཐར་ཕྱིན་ཞིང་།  སློབ་མ་དག་གིས་སྦྱངས་འབྲས་ཀྱང་བཟང་པོ་ཞིག་བླངས་སོང་ཞེས་བཤད་ཆོག   ཡིན་ཡང་།  ང་ཚོའི་སློབ་ཁྲིད་བྱེད་པ་ལའང་སྟབས་ཤིན་ཏུ་མི་བདེ་བ་འདུག   ང་ཚོ་ལ་གཏན་འཁེལ་གྱིས་སློབ་ཁང་མེད་པ་དང་།  དེ་ལས་གཞན་པའི་མལ་ཁང་སོགས་མེད་པ་དེ་བས་ཀྱང་ཅི་བཤད།   དེ་བས་ང་ཚོས་སློབ་སྦྱོང་བྱེད་སྐབས་རེས་བསྐོར་ནས་ཁྱིམ་ཚང་རེ་ལ་བྱིན་ཏེ་སློབ་སྦྱོང་བྱས་པ་ཡིན་ལ།   དེའང་ཉིན་མོར་ཚང་མར་རང་རང་སར་ལས་ཀ་ཡོད་པས་མཚན་མོར་ཕྱོགས་སོ་སོ་ནས་ཁྱིམ་ཚང་ཞིག་ལ་འདུས་ཤིང་།  ཆུ་ཚོད་གཉིས་གསུམ་གྱི་རིང་ལ་སློབ་སྦྱོང་བྱས་རྗེས་ཡང་བསྐྱར་རང་རང་སར་འགྲོ་དགོས་པ་རེད།  དེ་ལས་འབྲོག་པའི་ཁྱིམ་ཚང་དག་ལ་མཚོན་ན་རུབ་སྡོད་ཀྱིས་མཉམ་གཅིག་ཏུའང་མེད་པས་སྐབས་རེར་ང་ཚོས་འཕྲུལ་རྟ་སོགས་ཞོན་ནས་འགྲོ་དགོས་པ་དང་།  བར་ཐག་སྤྱི་ལེ་བཅུ་ཕྲག་ཡོད་སར་འགྲོ་དགོས་པའང་འདུག  དེ་ལྟར་སློབ་སྦྱོང་བྱེད་པ་དེས་སྐབས་ལ་ལར་སྤྲོ་སྣང་ཞིག་སྟེར་ཐུབ་པ་དང་།  སྐབས་ལར་སྟབས་མི་བདེ་བའི་དཀའ་ཁག་གི་ཚོར་བའང་སྐྱེ་རུ་འཇུག་པ་རེད།
 
  བྱ་འགུལ་གྱི་ཐད་དུ་ང་ཚོས་སློབ་སྦྱོང་བྱས་ཚར་རྗེས་རང་རང་སར་བསྐྱར་སྦྱོང་བྱེད་པ་དང་།  དུས་ཚོད་ཅིག་གཏན་འཁེལ་བྱས་ཏེ་ཚོགས་རྒྱུགས་ལེན་པའམ་མིང་ཚིག་བློ་རྒྱུགས་ལེན་པ་ཡིན།   སྦྱང་འབྲས་བཟང་བ་དག་ལ་གཟེངས་རྟགས་ཀྱི་ཚུལ་དུ་བྱ་དགའི་གཅེས་དེབ་རེ་སྟེར་བ་སོགས་སྐུལ་སློང་བྱས་པ་ཡིན། མདོར་ན་སྔོན་དང་བསྡུར་ན་ཁྱིམ་ཚང་རེ་རེའམ་མང་ཚོགས་ཚང་མར་རང་སྐད་སྲུང་བའི་འདུ་ཤེས་ཅུང་ཙམ་ཆགས་ཡོད་པ་དང་། དུས་རྒྱུན་ཁ་བརྡ་བཤད་པའི་སྐབས་སུའང་བསྲེས་སྐད་ལ་མཉམ་འཇོག་བྱེད་པ་རེད།  ཡིན་ཡང་ད་དུང་རང་སྐད་ཀྱི་ཐད་དུ་ངེས་ཤེས་ཅི་ཡང་མེད་པ་དང་།  བྱ་བ་འདི་དག་ནི་དུས་ཚོད་འདའ་བར་བྱེད་པའི་བྱ་བ་ཁོ་ན་རེད་བསམས་པའི་མིའང་ཡོད་ལ།  སྔར་བློ་ཤུགས་རྒྱས་པ་དག་ཀྱང་ཅུང་ཙམ་གྱིས་འབྲས་བུ་མ་མངོན་པ་མཐོང་ཚེ་ཡིད་ཆད་ཀྱིས་ཕར་གཡུག་པ་སོགས་ཀྱང་འདུག་པས།  སྤྱི་ཚོགས་ཡོངས་ཀྱི་བྱམས་བརྩེའི་ཕྱག་ཟུང་བསྲིངས་ནས་ང་ཚོ་ལ་རྒྱབ་སྐྱོར་རེ་བྱས་ཏེ་རང་སྐད་མ་ཉམས་པར་སྐལ་བརྒྱའི་བར་དུ་བརྟན་ཅིང་གནས་པའི་སྨོན་འདུན་ཞུ།   


དཔེ་མཚོན་ཚོགས་མི་འགའི་བཅར་འདྲིའི་གཏམ་གླེང་།
  སྐར་ལྡན་རྒྱལ།   ཚོགས་པ་འདིར་ཞུགས་ན་ཐ་སྙད་གསར་བ་མང་པོ་སློབ་སྦྱོང་བྱེད་ཐུབ་པ་དང་།   བོད་ཡིག་གི་ཐ་སྙད་གསར་བ་མ་ཟད་རྒྱ་ཡིག་གི་ཐ་སྙད་ཀྱང་ཤེས་པའི་གོ་སྐབས་ཡོད་གི་ངེད་ཚོ་ཚང་མ་འབྲོག་རུ་ཐར་ཐོར་དུ་གནས་པས་སློབ་སྦྱོང་བྱེད་པ་དང་བགྲོ་གླེང་བྱེད་པ་སོགས་ལ་དཀའ་ཁག་མང་པོ་ཡོད་གི    ངེད་ཚོས་གཙོ་བོ་དགུན་ཁའི་དུས་ཚོད་བེད་སྤྱད་དེ་ཁྱིམ་ཚང་སོ་སོར་སོང་ནས་སློབ་སྦྱོང་བྱེད་པ་ཡིན།  ཚོགས་པ་འདིར་ཞུགས་པའི་གྲུབ་འབྲས་ནི་ཐད་ཀར་གྱིས་བལྟས་ན་མངོན་གསལ་ཞིག་མིན་ཡང་སྔར་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་འདུག   

  རིན་ཆེན་དཔལ།  བོད་ཡིག་གི་ཐ་སྙད་གསར་བ་མང་པོ་ཤེས་ཐུབ་པ་མ་ཟད།  རྒྱ་ཡིག་གི་ཐ་སྙད་གསར་བ་མང་པོའང་ཤེས་ཐུབ་སྟེ་གྲོང་ཁྱེར་དུ་སོང་ན་དངོས་པོ་རང་ལ་མཁོ་བ་དག་ཕལ་ཆེར་བརྗོད་ཤེས་ཀྱིན་འདུག  
  རྣམ་སྲས་སྐྱབས།  ང་ཚོ་དབྱར་ཁར་རུ་རྣམས་དབྱར་སར་ཕྱོགས་སོ་སོར་འགྲོ་དགོས་པས་སློབ་སྦྱོང་བྱེད་པར་དཀའ་ཁག་འདུག   དུས་རྒྱུན་དུ་ང་ཚོས་སློབ་སྦྱོང་བྱེད་སྐབས་ཀྱང་ཁྱིམ་ཚང་སོ་སོར་སོང་ནས་མཚན་མོའི་མ་གཉིད་པའི་སྔོན་གྱི་དུས་ཚོད་སྤྱད་ནས་སློབ་སྦྱོང་བྱས་པ་ཡིན་ལ།  རུ་ཕྱོགས་སོ་སོར་ཡོད་པས་ཐག་ལེ་དབར་འགའ་ཡིས་ཆོད་པའང་ཡོད། ང་ཚོའི་ཚོགས་པ་འདིར་མཚོན་ན་སྔོན་ཆད་སྡེ་བའི་ནང་གི་མང་ཚོགས་དག་གིས་མཐོང་ཆེན་དེ་འདྲ་མི་བྱེད་མོད།  ད་ལྟའི་དུས་སུ་ཚང་མའི་དེའི་དགོས་པའི་རང་བཞིན་མཐོང་སྟེ་སྔོན་དང་བསྡུར་ན་རྒྱབ་སྐྱོར་དང་དོ་སྣང་བྱེད་ཀྱིན་འདུག  
  བསོད་ནམས་རྡོ་རྗེ།   ང་ཚོའི་ཐ་སྙད་གསར་བ་ཁྲིད་པའི་དགེ་རྒན་ལ་མཚོན་ནའང་།  མ་དངུལ་འབོར་ཆེན་བཏང་སྟེ་གཞན་ནས་གདན་དྲངས་པ་ཞིག་མ་ཡིན་ཏེ།  སློབ་གྲྭར་སོང་ནས་རིག་གནས་ངེས་ཅན་ཞིག་སྦྱངས་ཏེ་ཕྱིར་ཕ་ཡུལ་དུ་ཐོན་པའི་ན་གཞོན་རྩོལ་བ་ཅན་འགའ་ཡིས་ཁྲིད་ཀྱིན་ཡོད་པས།  ཁོང་ཚོར་མཚོན་ནའང་དགེ་རྒན་གྱི་ལས་ཀ་གཉེར་བར་ཁེ་འབབ་སོགས་ཅི་ཡང་མེད་པར་རང་འགུལ་གྱིས་སྒྲུབ་པ་ནི་དཀའ་ཁག་ཅན་གྱི་ལས་རིགས་ཤིག་དང་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་རེད། 
  ཀླུ་སྐྱབས་རྒྱལ།  ང་ཚོའི་ཐ་སྙད་ཚོགས་པའི་རྒྱུགས་སྤྲོད་ལ་ཉེ་བའི་སྐབས་སུ་རང་ཉིད་ཀྱི་སེམས་པ་ཤིན་ཏུ་འཚབ་པའི་སྣང་བ་སྟེར།  ང་རང་ལ་མཚོན་ན་སྐབས་ལར་སློབ་གྲྭ་ནས་ཡུལ་དུ་ལོག་སྟེ་ཐ་སྙད་གསར་བ་སྦྱངས་སྐབས་གཅིག་ན་སློབ་གྲྭའི་ལས་བྱང་མང་པ་དང་།  གཉིས་ན་ཐ་སྙད་གསར་བ་མང་པོ་བློར་སྐྱོར་དགོས་པ་སོགས་དཀའ་ཁག་མང་པོ་ཡོད་མོད།  རང་ཉིད་ཐ་སྙད་གསར་བ་འདི་སྦྱངས་པར་སྤྲོ་བ་ཤིན་ཏུ་ཆེན་པོ་འདུག
ཉ་ཉོག་གཏམ་གྱིས་རྫོབ་པའི་དུས་རབས་འདིར།།
མེས་སྐད་གཙང་བོ་ཕྱི་དོར་ལེགས་འབྱེད་ན།།
སྦྲ་འདབ་ཞིང་གྲོང་རོང་འབྲོག་རང་རིགས་མིས།།
བསྔོག་དང་འདོགས་དང་སྒྱུར་གྱི་ལས་ལ་ཞུགས།།

  ཁ་བྱང་ཕྱི་མོ། ཆུ་ཀྱཱ་སྡེ་བའི་དམངས་སྒྲུབ་ཐ་སྙད་ཚོགས་པ།
(རྩོམ་འགན་པ། བསྟན་འཛིན)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716