སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཇི་ལྟར་བྱས་ནས་ཞིབ་འཇུག་རང་བཞིན་གྱི་འཛིན་བདག་བྱེད་དགོས་པའི་སྐོར་གླེང་བ།
སྤེལ་དུས། 2016-06-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པདྨ་ཚེ་རིང

  འཛིན་བདག་ནི་སློབ་གསོ་སློབ་ཁྲིད་ཁྲོད་ལས་གནས་དཀྱུས་མ་ཞིག་ཡིན་རུང་། ལས་ཀའི་སྤུས་ཚད་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་འབྲེལ་བ་དམ་ཟབ་ཡོད། ཕྲུ་གུ་སློབ་གྲྭར་ཡོད་ཚེ་འཛིན་བདག་གིས་བཤད་པའི་སྐད་ཆ་དང་བྱ་སྤྱོད་ལ་ཁྱིམ་བདག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ངས་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་ཞིབ་འཇུག་རང་བཞིན་གྱི་འཛིན་བདག་གཅིག་ལ་འགྱུར་ཐབས་ཐད་བློ་རྩེ་གཅིག་གིས་འབད་འབུངས་བྱས་པས་འཛིན་བདག་ཞེས་པ་དེ། ལྷག་བསམ་དང་ཤེས་རབ། མཛེས་སྤྱོད་ཀྱིས་ཕྱུག་པ་ཞིག་ཡིན་དགོས་པར་སྙམ།
    དང་པོ། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ལག་ལེན་གྱི་རྩིག་རྨང་ལེགས་པོ་ཞིག་འདིང་དགོས།
    གལ་སྲིད་འཛིན་བདག་གཅིག་ལ་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་ཆ་རྐྱེན་མ་འདང་ཚེ། དོན་དངོས་ཀྱི་ལྟ་བ་དང་ལང་ཕྱོགས་མེད་ལ། ཆེད་ལས་དང་། རང་འགུལ། རང་ངོས་ཀྱི་ཆུ་ཚད་སོགས་མཐོར་འདེགས་བྱ་ཐབས་བྲལ་བ་ཞིག་རེད།
    ཕྲན་གྱི་ལྟ་ཚུལ་ལ་འཛིན་བདག་གི་ལས་དོན་ནི་རིན་ཐང་བརྩོན་ལེན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་རེད། དེར་བརྟེན་རིག་གཞུང་ཞིབ་འཇུག་གི་རིན་ཐང་བརྒྱུད་སློབ་ཕྲུག་རྣམས་རྨོངས་གཉིད་ལས་སད་པ་དང་ཤེས་རབ་ཀྱི་བློ་སྒོ་འབྱེད་ཐུབ་པ་ཞིག་དགོས་པ་དེ་ཡིན། དེ་ལས་ལྡོག་སྟེ་ལམ་སྟོན་ཙམ་དང་། སྟབས་བདེ་བསྐྲུན་པ་བརྒྱུད། རྣམ་པ་ཙམ་དང་ཕྱི་ཚུལ་ཙམ་གྱིས་ག་ལ་འཐུས། ཐིགས་པ་བསགས་པའི་རྒྱ་མཚོ་བཞིན། སློབ་ཕྲུག་ལ་བདུད་རྩི་ཟོམ་གང་སྦྱིན་འདོད་ན་འཛིན་བདག་གིས་བདུད་རྩི་ཐིགས་པ་རེ་རེ་བཞིན་གསོག་དགོས་པས་རྟག་ཏུ་རྒྱུ་ཐོས་པ་ལས་འབྲས་བུ་ཤེས་རབ་འཕེལ་བར་འབད་དགོས་སོ།
    གཉིས་པ། འཛིན་བདག་གི་ལས་དོན་ཐད་རྩ་བའི་གནད་འགག་ནི་རིག་ཚན་ཞིག་ཡིན།
    འདས་པའི་དུས་ཡུན་རིང་པོའི་ནང་འཛིན་བདག་གི་ལས་དོན་ཐད་གནད་དོན་མི་ཉུང་བ་ཞིག་ལྷག་ཡོད། ཞིབ་འཇུག་དང་དོན་དངོས་ཀྱི་ལག་ལེན་ཁྲོད་གུས་པར་ཡང་དེ་མཚུངས་ཀྱི་གནད་དོན་མི་ཉུང་བ་ཞིག་འཕྲད་དང་འཕྲད་མུས་སུ་མཆིས། དེར་བརྟེན་སྤྱིར་བཏང་གི་གནད་དོན་རྣམས་རིག་ཚན་ཞིག་ལ་བརྩིས་ནས་ཞིབ་འཇུག་གི་ལྟ་ཚོད་ལ་བཞུགས་པ་ཡིན། མ་ཟད། གནད་དོན་དེ་དག་ཐག་གཅོད་བྱེད་པར་རིན་ཐང་གི་དབྱེ་ཞིབ་དང་རིག་གཞུང་གི་རིག་དེད་བྱེད་དགོས།
    འཛིན་བདག་གི་ལས་དོན་ནི་དོན་དངོས་ཐོག་ལས་རིགས་གཙོ་བོ་ཞིག་ཡིན་ནའང་འཚོ་བ་དངོས་ཀྱི་ནང་དེ་ནི་སློབ་ཁྲིད་ཀྱི་གཅིག་ལྕོགས་དང་ཞོར་ལས་ལྟ་བུའི་གནས་ལས་ཐར་ཐུབ་ཀྱི་མེད། འོ་ན་ཇི་ལྟར་བྱས་ནས་འཛིན་བདག་གི་ལས་དོན་དེ་ལས་རིགས་གཙོ་བོ་ལ་ཁ་ཕྱོགས་དགོས་ཟེར་ན། གཤམ་གྱི་དོན་གནད་ཁག་གསུམ་ལ་བསམ་གཞིག་བྱ་དགོས་པ་སྟེ།
    1. སློབ་ཆུང་དང་སློབ་འབྲིང་ལ་འཛིན་བདག་མེད་ན་འགྲིག་གམ་ཞེས་དང་།
    2. མི་སུས་ཀྱང་འཛིན་བདག་བྱེད་རུང་ངམ་ཞེས་པ།
    3. འཛིན་བདག་ནི་ཡང་སྙིང་གང་བྱེད་མཁན་ཡིན་ནམ།
    གོང་གི་དྲི་བ་འདི་དག་ལ་མཐའ་དཔྱོད་གང་བྱས་རུང་འཛིན་བདག་ནི་སློབ་གསོ་སློབ་ཁྲིད་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་དེ་ཡིན། འོན་ཀྱང་ང་ཚོས་མཐོང་ཐུབ་པར། ལས་རིགས་གཙོ་བོ་འདི་ལ་ལྟ་སྟངས་གནད་ལ་མི་འཁེལ་བ་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མི་འདེང་བ། འཛིན་བདག་ལས་དོན་ཀྱི་འོས་འགན་མི་གསལ་བ། བྱང་ཚད་སྒྲིག་གཞི་ཁ་གསལ་མེད་པ་སོགས་ཀྱི་ཤུགས་རྐྱེན་ངན་པ་གནས་མུས་རེད། མིག་སྔར་རྒྱལ་ཡོངས་སུ་འཛིན་བདག་གི་དཔུང་ཁག་སྟོབས་ཆེན་པོ་ཡིན་ཏེ། ཧ་ལམ་མི་གྲངས་ཁྲི་450ཟིན་གྱི་ཡོད། ཡིན་ནའང་འཛིན་བདག་མང་ཆེ་བས་ལས་རིགས་དེར་འཇུག་འདོད་བྱེད་ཀྱི་མེད། ཇི་ལྟར་བྱས་ནས་དགེ་རྒན་རྣམས་འཛིན་བདག་བྱེད་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱེད་དགོས་སྙམ་ན། སྣང་ཚུལ་འདི་ནི་རིག་ཚན་ཞིག་ལ་བརྩིས་ནས་ཞིབ་འཇུག་བྱེད་དགོས། ལས་གནས་དང་ཆེད་ལས་གང་ཡིན་རུང་ཉུང་ཤས་ཀྱིས་རང་གི་ཆེད་ལས་དེ་བྱེད་འདོད་མེད་ན་དེ་ནི་མི་སྒེར་གྱི་གནད་དོན་ཞིག་རེད། འོན་ཀྱང་མི་མང་ཆེ་བས་འདི་ལྟར་བྱེད་འདོད་མེད་ཚེ་སྒེར་གྱི་གནད་དོན་མ་ཡིན་པར་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་བ་རེད། དོན་འདིར་སློབ་གསོ་ཚན་ཁག་དང་སློབ་གྲྭ་ཁག་གིས་ཚན་རིག་དང་མཐུན་པའི་ཐོབ་ཐང་ལམ་ལུགས་གཏན་འཁེལ་བྱེད་དགོས་ལ། མུ་མཐུད་སློབ་གསོའི་སྒྲིག་སྲོལ་སོགས་ནང་རྐྱེན་སེལ་གང་ཐུབ་ཀྱིས་དགེ་རྒན་གྱི་དཔུང་ཁག་འཛིན་བདག་བྱེད་འདོད་ཀྱི་ཕྱོགས་སུ་ཁྲིད་དགོས།
    འདིར་ཉིན་རེའི་ལས་དོན་སྒྲུབ་སྐབས་འཛིན་བདག་གི་དཔུང་ཁག་སྟོབས་ཆེན་པོར་ཐུན་མོང་ཐོག་ཚད་གཞིར་བཟུང་བའི་སྤྱི་འགྲོས་ཤིག་དགོས་ངེས་རེད། འོན་ཀྱང་འདི་ཡོད་དམ། ཡོད་ན་ཇི་ལྟ་བུ་ཞིག་དགོས། དཔེར་ན། འཛིན་གྲྭ་རེར་གཟའ་འཁོར་གཅིག་ནང་འཛིན་གྲྭའི་ཚོགས་འདུ་ཐེངས་གཅིག་ཚོགས་ན། འཛིན་བདག་གིས་ཚད་གཞི་གང་ཞིག་བཟུང་ནས་དོན་འཁྱོལ་བྱ་དགོས། མིག་སྔར་རྒྱལ་ཡོངས་སུ་འཛིན་ཚོགས་ཀྱི་ཚད་གཞི་མེད་པས་འཛིན་བདག་སོ་སོའི་ཀླད་པར་ཆགས་པའི་སྒྲིག་གཞི་ཞིག་ཁྱེར་ནས་སོ་སོའི་གོ་བ་ལེན་སྟངས་བཞིན་ཚོགས་པས་ནུས་པ་ཐོན་ཚད་ཡང་མི་འདྲ་བ་རེད། དེར་ང་ཚོས་འཛིན་གྲྭ་གཅིག་གི་ངོས་ནས་བརྗོད་ན། འཛིན་གྲྭ་དེའི་དོན་དངོས་ལ་དམིགས་ནས། གོ་རིམ་ཡོད་པ་དང་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པའི་འཛིན་ཚོགས་འཚོགས་ནས་སློབ་མའི་ཉེ་དུས་ཀྱི་འཚོ་བ་དང་སློབ་སྦྱོང་། སྤྱོད་ལམ་སོགས་ཐད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་བ་དག་ལ་དབྱེ་ཞིབ་ཁ་གསལ་དང་ཡང་དག་བྱས་ཏེ་སྐྱོན་བརྗོད་དང་བསྟོད་བསྔགས་ཚད་རན་པོ་རེ་བྱས་ཏེ་འཛིན་གྲྭའི་གནས་ཚུལ་སློབ་མ་ཡོངས་ཀྱིས་ཤེས་པ་དང་ཚང་མས་བསམ་འཆར་དང་གྲོས་འགོ་བཏོན་ནས་དུས་མཚམས་ཤིག་རིང་གི་འཛིན་གྲྭའི་གནས་ཚུལ་ལ་ཕྱོགས་སྡོམ་དང་རྗེས་སོར་གྱི་བྱ་བར་འཆར་འགོད་གང་འཚམས་བྱེད་དགོས།
    གསུམ་པ། ཉིན་རེའི་ལས་ཀ་རིག་ཚན་ཞིག་ཡིན།
    ཉིན་རེའི་ལས་ཀ་རིག་ཚན་ཞིག་ལ་བརྩིས་ན་ང་ཚོའི་ཞིབ་འཇུག་གི་རིག་ལམ་དེར་རྩ་བ་རྒྱས་ནས་སྡོང་པོ་སྐྱེ་ཐུབ། དཔེར་ན། སློབ་ཕྲུག་ལ་སོ་སོའི་རང་གཤིས་དང་མཐུན་པའི་སྦྱོང་བརྡར་སྤྲོད་དགོས། འདི་ནི་འཛིན་བདག་གི་ཉིན་རེའི་ལས་བྱ་ཡིན།
    སློབ་ཚན་གྱི་ཤེས་བྱ་སྤྱི་ཁོག་དང་། སློབ་ཕྲུག་གི་རང་གཤིས་ཁྱད་ཆོས། སློབ་ཕྲུག་ཚོའི་སློབ་སྦྱོང་གི་དམིགས་ཡུལ། ད་ལྟའི་གནས་བབས་སོགས་རྒྱུས་ལོན་གྱིས་ཁོ་ཚོར་དཔྱད་གཞི་མཁོ་འདོན་ཐུབ་པ་བྱ་དགོས།
    བཞི་པ། འཛིན་གྲྭ་སྤྱིའི་ཡར་རྒྱས་ནི་རིག་ཚན་ཞིག་ཡིན།
    སློབ་མ་སློབ་གྲྭ་ཐོན་རིམ་བཞིན་འཛིན་གྲྭ་གཅིག་གི་ཐུན་མོང་འཚར་ལོངས་དེ་རིག་ཚན་ཞིག་ལ་བརྩིས་ནས་ཞིབ་འཇུག་བྱེད་དགོས། འཛིན་གྲྭ་གཅིག་གི་སློབ་མ་རྣམས་ཚེ་སྲོག་གི་ཚོགས་པ་ཞིག་ལ་བརྩིས་ན། ཚོགས་པ་དེའི་སློབ་མ་རེ་རེར་སོ་སོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་རང་གཤིས་མི་འདྲ་བའི་དགོས་པ་ཡོད་ལ། ཐུན་མོང་གི་དགོས་པ་ཡང་ཡོད། ང་ཚོས་ཐུན་མོང་གི་དགོས་པ་དེ་གཅིག་སྡུད་བྱས་ནས་སློབ་ཚན་གསར་སྤེལ་གྱི་རྣམ་པའི་ཐོག་ནས་སློབ་ཕྲུག་ལ་མཁོ་འདོན་ཐུབ་པ་དགོས། དེ་ནི་འཛིན་གྲྭ་གཅིག་ཚན་པ་གཅིག་ལ་བརྩི་བ་དང་། འཛིན་བདག་དང་སློབ་ཁྲིད་རྒན་ལགས་རྣམས་ཀྱིས་སོ་སོས་འཆར་གཞི་བཟོ་བ་དང་ཇུས་འགོད་བྱེད་པ་བཅས་བྱེད་དགོས། དེ་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་སློབ་གསོའི་སློབ་ཚན་གྱི་བྱེ་བྲག་མིན་པར་དེ་ནི་འཛིན་གྲྭའི་སློབ་ཕྲུག་རང་ངོས་ཀྱི་རེ་འདོད་དང་། རང་གཅུན་རང་སྡོམ་གྱིས་རང་ལ་གདེང་འཇོག་བཅས་ལ་བརྟེན་ནས་འཛིན་གྲྭའི་རིག་གནས་ཀྱི་དམིགས་ལམ་ཞིག་ལ་འགྱུར་དགོས། དེ་བཞིན་ནན་ཏན་གྱི་ཞིབ་རྟོག་དགོས་ལ་རྒྱུན་འཁྱོངས་དགོས་ཤིང་དེ་ནི་མུ་མཐུད་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། དཔེར་ན། 2008ལོར་ངས 《ངས་བྱས་ངས་འཇོན 》ཞེས་པའི་སློབ་ཚན་གཅིག་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་ཡིན། དེའི་དམིགས་ཡུལ་ནི་སྐབས་དེའི་སློབ་བུ་དེ་དག་སློབ་སྦྱོང་གི་རྨང་གཞི་ཞན་པ་དང་ཀུན་སྤྱོད་གོམས་འདྲིས་ཞན་པ་སོགས་ཀྱི་སྐྱོན་ཡོད་པས་ང་ཚོས་སློབ་ཕྲུག་དེ་དག་ལ་རྒྱུན་གཏན་གྱི་སྒྲིག་ཁྲིམས་སྒྲིག་ལམ་གྱི་ཚད་བཀག་བཟོ་བ་དང་དགེ་རྒན་གྱིས་ལྟ་སྐུལ་བྱེད་པ་སོགས་ཀྱི་ནུས་པ་མི་ཐོན་པས། ངེས་པར་དུ་སློབ་ཕྲུག་རང་ངོས་ཀྱི་སེམས་ཁམས་བྱང་ཚད་འཕོ་འགྱུར་ལ་རྟོག་སད་ཀྱི་ནུས་པ་ཐོན་པ་དགོས།
    ལྔ་པ། སློབ་ཕྲུག་གཅིག་རིག་ཚན་ཞིག་ཡིན།
    གསོན་ཉམས་ལྡན་པའི་སློབ་ཕྲུག་རེ་རེ་བླ་ན་མེད་པའི་ཚེ་སྲོག་གི་གྲུབ་ཆ་རེ་རེ་ཡིན། ཚེ་སྲོག་འཕེལ་རིམ་དེ་སྐད་ཅིག་ལ་འགྱུར་འགྲོ་བའི་བརྒྱུད་རིམ་ཞིག་ཡིན་པས། སློབ་ཕྲུག་དེ་དག་སྐྱེད་སྲིང་བྱེད་པར་ང་ཚོས་སློབ་ཕྲུག་མི་རེ་ངོ་རེ་རིག་ཚན་ཞིག་ལ་བརྩིས་ནས་ཞིབ་འཇུག་བྱེད་དགོས།
    2011ལོའི་སློབ་ཐོན་འཛིན་གྲྭ་བཞི་པར་ཁྱོན་བསྡོམས་སློབ་ཕྲུག་68ཡོད་ཅིང་། སློབ་མ་ཚོའི་བསམ་འཆར་གཅིག་མཐུན་བྱུང་རྗེས། ངས་སློབ་ཕྲུག་སོ་སོའི་རང་གཤིས་ཁྱད་ཆོས་དང་བསམ་གཞིག་གི་ནུས་པ་སོགས་ལ་བརྟེན་ནས་སློབ་བུ་སོ་སོར་སྦྱངས་འབྲས་ལེགས་ཉེས་འཚམ་པའི་དོན་དངོས་ཀྱི་ཞིབ་འཇུག་རིག་ཚན་རེ་གཏན་འཁེལ་བྱས་པས་སློབ་ཕྲུག་ཚང་མ་ཞིབ་འཇུག་གི་ཚོགས་པ་ཞིག་ལ་གྱུར་བ་དང་། ང་དང་སློབ་ཕྲུག་མཉམ་དུ་ཁོ་ཚོའི་ཚར་ལོངས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཏུ་གྱུར་སོང་།
    དཔེར་ན། མིང་ལ་སྐར་མ་ཟེར་བའི་སློབ་མ་ཞིག་ཡོད་པར 《སྐར་མའི་ཚད་མཐོའི་སློབ་སྦྱོང་བྱ་ཐབས་ཞིབ་འཇུག 》ཅེས་པ་རིག་ཚན་ལ་བཅོས་པ་ཡིན། དེའི་རྒྱུ་མཚན་ནི་སློབ་ཕྲུག་སྐར་མ་གཟུགས་པོ་ཐང་པོ་མེད་པས་སློབ་དུས་གཅིག་ལ་གཟའ་འཁོར་འགའ་དང་ཐ་ན་ཟླ་གཉིས་ཙམ་སློབ་གྲྭར་ཡོང་མི་ཐུབ་པའི་གནས་ཚུལ་ཐོན་གྱི་ཡོད། དེར་བརྟེན་མཐོ་འབྲིང་མ་ཐོན་གོང་ང་དང་སྐར་མ་མཉམ་དུ་ཡིག་འབྲུ་ཁྲི་གཅིག་ལྷག་ཙམ་གྱི་སྐར་མའི་སློབ་སྦྱོང་གི་སྔོན་སྦྱོང་དང་། སློབ་ཚན་ཉན་པ། བསྐྱར་སྦྱོང་། རང་སྦྱོང་། རྒྱུགས་གཞི་སོགས་སློབ་སྦྱོང་བྱ་ཐབས་ཀྱི་རིག་ཚན་གཏན་འཁེལ་བྱས་པས་ཁོ་པ་སློབ་གྲྭར་སློབ་སྦྱོང་བྱེད་པའི་དུས་ཚོད་ཉུང་ནའང་སློབ་སྦྱོང་གི་སྦྱངས་འབྲས་གཟེངས་སུ་ཐོན་པ་བྱུང་སོང་།
    ཞིབ་འཇུག་རིག་ཚན་དེ་སློབ་ཕྲུག་རེ་རེའི་མགོ་ཐོག་ཏུ་བབས་སྐབས། བརྟག་དཔྱད་དང་། དབྱེ་ཞིབ། གསབ་བསྐྱོར་བྱ་ཐབས་ཀྱི་སྒྲུབ་བྱེད་ཀྱིས་སློབ་ཕྲུག་སོ་སོའི་གཤིས་ཀ་དང་སྦྱངས་འབྲས་སོགས་ལ་ངེས་ཤེས་རྙེད་པས་བསྐྱོར་བ་དང་། གསབ་པ། ཁྲིད་སྟོན་སོགས་གང་བྱས་ཀྱང་། ཁ་གཏད་ཀྱི་རང་བཞིན་ཟབ་པས། སློབ་བུ་སོ་སོར་ཡང་ཆེས་འཚམ་ཤོས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཁོ་འདོན་ཐུབ་པ་བྱུང་སོང་། རིག་ཚན་བཟོ་ཐབས་ཀྱི་ལམ་དེར་དཀའ་ཁག་འཕྲད་སྲིད་མོད། རིག་གཞུང་ཚོད་ལྟ་ཐེངས་མང་དང་། ཞིབ་འཇུག་ཁ་ཕྱོགས་ཁོང་དུ་ཆུད་པ། ཡང་གློ་བུར་གྱི་ཐོབ་བྱ་དང་དགའ་ཚོར་སོགས་མདོར་ན། ངས་སྣེ་མང་རང་བཞིན་གྱི་རྣམ་པའི་ཐོག་ནས་སློབ་མ་ཚང་མ་ལེགས་ལམ་དུ་ཁྲིད་ཐུབ་པའི་སྤོབས་སེམས་ཀྱིས་ཁེངས་ནས་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716