སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཁྱིམ་ཚང་སློབ་གསོའི་སློབ་ཁྲིད་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2016-06-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  

   སློབ་གསོ་ཞེས་པ་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ་ནང་དོན་ཪྙོག་འཛིང་ཆེ་བ་ཞིག་ཡིན་པས་སྤྱི་ཚོགས་དང་། སློབ་གྲྭ ཁྱིམ་ཚང་ཕྱོགས་ཚང་མའི་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བླ་ལྷག་གཅིག་བཏོན་ཏེ་བྱིས་པའི་མ་འོངས་ལ་ཁ་ཕྱོགས་དགོས་པའི་ཚན་རིག་རང་བཞིན་ལྡན་པའི་ལས་དོན་ཞིག་རེད། སློབ་གསོ་དེ་ཡང་ཡང་དག་པའི་ཚན་རིག་གི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་སྦྱོར་བ་གཉིས་ཟུང་འབྲེལ་བྱས་ཏེ་གཙོ་ཆེར་རང་རེའི་བུ་ཕྲུག་གི་མ་འོངས་བདེ་སྡུག་ལ་བསམ་གཞིགས་དང་རང་རེའི་བུ་ཕྲུག་དེ་དག་མ་འོངས་མེས་རྒྱལ་དང་མི་རིགས་ཀྱི་དོན་དུ་ལེགས་སྐྱེས་ངོ་མ་འབུལ་ཐུབ་པའི་ཤེས་རིག་ལྡན་པ་དང་ཀུན་སྤྱོད་ལྡན་པ། འདུ་ཤེས་ཟབ་པ། གསར་གཏོད་བྱེད་ཕོད་པ་སོགས་ཀྱི་མི་སྣ་ཞིག་གསོ་སྐྱོང་བྱ་དགོས་པའི་ཆེས་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་གཤིས། མ་འོངས་ཀྱི་སློབ་གསོར་རྨང་གཞི་ཞིག་འདིང་ཐུབ་ཕྱིར་འདིར་ཁྱིམ་ཚང་སློབ་གསོའི་སྐོར་རགས་ཙམ་གླེང་བར་བྱའོ།
    དང་པོ། ཁྱིམ་ཚང་སློབ་གསོ་ཞེས་པའི་ཐ་སྙད་ལ་གོ་བ་གཏིང་ཟབ་ལེན་དགོས།
    རྒྱུན་དུ་ཁྱིམ་བདག་ཚོས་ཁྱིམ་ཚང་ནང་བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་དེ་སྣང་མེད་ངང་འཐུས་ཤོར་དུ་འགྲོ་བཞིན་ཡོད། གང་ལགས་ཤེ་ན། ཁྱིམ་བདག་མང་པོ་ཞིག་གིས་བུ་ཕྲུག་ལ་སློབ་སྦྱོང་ཡག་པོ་གྱིས། རྒྱག་རེས་མ་རྒྱག རྐུ་མ་མ་བརྐུ། སྒྲིག་ལམ་ཡག་པོ་སྲུང་ཞེས་ངག་ནས་སྐད་ཆ་ཁ་ཤས་བཤད་པ་དེས་བུ་ཕྲུག་ལ་སློབ་གསོ་ལེགས་པོ་བརྒྱབ་པའི་ཚོར་སྣང་ཞིག་བྱུང་ནས་ཕ་མའི་ཁྱིམ་ཚང་སློབ་གསོའི་ལས་འགན་སྒྲུབ་ཟིན་སྙམ་གྱི་ཡོད། འོན་ཀྱང་སློབ་སྦྱོང་ཡག་པོ་ཇི་ལྟར་བྱེད་དགོས་མིན་དང་ཐབས་གང་འདྲ་སྤྱོད་དགོས་མིན། རྒྱག་རེས་དང་ཁ་རྩོད་ཀྱི་གནོད་པ་ཇི་ལྟར་ཡོད་མིན་ཐད་ཀྱི་གནས་ལུགས། རྐུ་མའི་ངོ་བོ་དང་རྐུ་མའི་ངན་འབྲས་གང་འདྲ་ཡོང་མིན་སོགས་ཀྱི་གནས་ལུགས་ཞིབ་ཕྲ་བཤད་ནས་ཁོང་ཚོར་ཕན་པ་དངོས་ཐོན་མིན་ཐད་བསམ་བློ་དེ་ཙམ་གཏོང་གི་མེད། དོན་དུ་ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་འདྲ་བར་རིག་ཚན་ཞིག་ཡིན་ཏེ་སློབ་མའི་རྒྱུན་གཏན་གྱི་བྱ་སྤྱོད་ཐད་མིག་དཔེའི་ནུས་པ་ཐོན་ཐུབ་པའི་གནས་བབ་གལ་ཆེན་ཞིག་ཀྱང་བཟུང་ཡོད། གཅིག་ནས་ཁྱིམ་བདག་གིས་བུ་ཕྲུག་ལ་སྨྲ་བརྗོད་དང་། སྤྱོད་ལམ། ཤེས་རིག་བཅས་ཀྱི་བྱང་ཚད་གསུམ་གཙོ་བོར་བཟུང་ནས་མིག་དཔེ་སྟོན་པ་དང་སྐུལ་སློང་བྱེད་རྒྱུ་དེ་རྒྱུན་གཏན་ཅན་དུ་འགྱུར་བ་བྱ་བ་དང་། གཉིས་ནས་བུ་ཕྲུག་གི་ལེགས་ཕྱོགས་ཀྱི་དགའ་སྣང་ལ་བསྟུན་ནས་ཁོང་ཚོའི་བྱ་བཟང་གང་ཞིག་བྱེད་པའི་དགའ་སྣང་དེ་རྒྱུན་བསྲིང་བྱ་རྒྱུར་སྐུལ་ལྕག་བྱེད་པ། གསུམ་ནས་སློབ་གྲྭ་དང་དགེ་རྒན་སོགས་ལ་འབྲེལ་གཏུག་ཟམ་མི་ཆད་པར་བྱས་ཏེ་རྟག་ཏུ་ཕྲུ་གུའི་བྱ་སྤྱོད་ལ་དོ་སྣང་བྱེད་དགོས།
    གཉིས་པ། སློབ་མའི་ལེགས་པའི་རང་གཤིས་ལ་བརྩི་བཀུར་དང་ཁོང་ཚོའི་ལེགས་ཆའི་ཁྲོད་ནས་ཞན་ཆ་སེལ་དགོས།
    སློབ་མའི་ལེགས་པའི་རང་གཤིས་ཞེས་པ་ནི་གཞན་དང་མི་འདྲ་བའི་ཕན་ཐོགས་ཀྱི་ཆ་ངེས་ཅན་ལྡན་པའི་གཤིས་ཀ་དེར་ཟེར་བ་ཡིན། ཨ་རིའི་སློབ་གསོ་བ་ཨའེ་མོ་ཧྲེང་གིས “སློབ་གསོ་གཏོང་ཐབས་ཀྱི་མན་ངག་བཟང་ཤོས་ནི་སློབ་མར་བརྩི་བཀུར་བྱ་རྒྱུ་དེ་རེད ”ཅེས་གསུངས་ཡོད། དེ་ཡང་ཁྱིམ་བདག་ཚོས་སློབ་མའི་ལེགས་པའི་རང་གཤིས་ལ་བརྩི་བཀུར་བྱ་རྒྱུ་ནི་གལ་ཆེན་ཞིག་ཡིན་ཏེ་རང་ཁྱིམ་དང་ཕྱི་ཕྱོགས་ཀྱི་ཚོགས་ར་གང་དུ་སླེབས་ཀྱང་རྒྱུན་གོམས་སུ་སོང་བའི་ཚིག་མཚོན་གྱིས་བུ་ཕྲུག་གཅུན་ཐབས་བྱེད་པའི་ཐབས་ཁོ་ན་སྤྱོད་མི་རུང་། དེས་རང་ཉིད་ཀྱི་བུ་ཕྲུག་ལེགས་ལམ་ཞིག་ཏུ་ཁྲིད་ཐུབ་རྒྱུ་ལྟ་ཞོག་དེ་ལས་ལྡོག་པར་བུ་ཕྲུག་དེ་བག་འཁུམས་ཅན་དང་། ལེ་ལོ་ཅན། ཐ་ན་བེམ་པོ་ལྟ་བུར་འགྱུར་བའི་ཉེན་ཁ་ཆེ་བས་ངེས་པར་དུ་ཁོང་ཚོའི་ལེགས་པའི་རང་གཤིས་ལ་བརྩི་བཀུར་དང་གོ་བསྐོན་བསླབ་བྱ་བྱེད་དགོས། གཞན་ཡང་ང་ཚོས་དགའ་སྣང་ནི་དགེ་རྒན་ཡག་ཤོས་ཤིག་ཡིན་ཞེས་པ་ལྟར་སློབ་མའི་དགའ་སྣང་ལ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། དགའ་སྣང་དེ་དག་ལ་དམིགས་བཀར་གྱིས་བཀག་འདོམས་བྱས་ན་ཕན་པ་ལས་གནོད་པ་མང་། སློབ་མའི་ལེགས་ཆ་དང་དགའ་སྣང་ལ་གདེང་འཇོག་བྱེད་པའི་ཁྲོད་ནས་སློབ་མ་སོ་སོས་མ་མཐོང་བའི་རང་སྐྱོན་ཤེས་སུ་འཇུག་དགོས། དཔེར་ན། སྤོ་ལོ་རྒྱག་རྒྱུར་དགའ་བ་ཞིག་ལ་སྤོ་ལོ་རྒྱག་རྒྱུ་དེ་ཁྱོད་ཀྱི་དགའ་སྣང་རེད་ང་ཚོས་བཀག་འགོག་བྱེད་མི་སྲིད་ལ་ང་ཚོ་ཁྱིམ་བདག་གིས་བརྩི་འཇོག་བྱེད་ཀྱི་ཡིན་འོན་ཀྱང་ཁྱོད་ཀྱིས་སྤོ་ལོ་ཁོ་ནར་དུས་ཚོད་མང་པོ་ཞིག་བེད་སྤྱོད་བྱས་ན་སློབ་སྦྱོང་ཐད་འཐུས་ཤོར་འགྲོ་སྲིད་པའི་རྒྱུ་མཚན་བཤད་ནས་མཛུབ་ཁྲིད་རང་བཞིན་ལྡན་པའི་ངང་ཁོ་ཚོར་ངེས་ཤེས་སྐྱེ་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེའོ།
    གསུམ་པ། བུ་ཕྲུག་གི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་བཟང་པོ་ཞིག་གསོ་སྐྱོང་བྱེད་དགོས།
    སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཞེས་པ་ནི་མི་ཚོས་དོན་དངོས་འཚོ་བའི་ཁྲོད་ཀྱི་སེམས་ཁམས་ཀྱི་མྱོང་ཚོར་གལ་ཆེན་ཞིག་ཡིན་ལ། མི་ཚོས་སྤྱི་ཚོགས་འཚོ་བ་དངོས་ནང་ཕན་ཐོགས་ཡོད་པའི་བྱ་དངོས་ལ་འཛིན་པའི་རང་མོས་ཀྱི་འདུ་ཤེས་དང་མྱོང་བ། དེ་བཞིན་སྤྱི་ཚོགས་ཐོག་གི་ཀུན་སྤྱོད་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན་པས་ཁྱིམ་བདག་ཚོས་ཕྲུ་གུར་ཆུང་དུས་ནས་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་བཟང་པོ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་རྒྱུའང་ཧ་ཅང་གལ་ཆེ། ཨུ་རུ་སུའི་མཁས་དབང་ཐོའར་སི་ཐའེ་ཡིས “མི་ཞིག་སེམས་རྩ་འཁོལ་པོ་མེད་ན་ཁོས་གང་ཡང་སྒྲུབ་མི་ནུས་པས་དེས་ན་འགན་འཁྲིའི་སེམས་ནི་སེམས་རྩ་འཁོལ་པོ་ཡོང་བ་བྱ་རྒྱུའི་རྨང་གཞི་ཞིག་ཡིན ”ཞེས་གསུངས་ཡོད། རང་རྒྱལ་གྱི་གྲགས་ཅན་རྩོམ་པ་པོ་པ་ཅིན་གྱིས “ང་རང་གསོན་པོར་སྡོད་པ་ནི་ངས་རང་ཉིད་འཚོ་སྡོད་ཀྱི་སྤྱི་ཕན་པ་ཅུང་ཟད་སྒྲུབ་ཐུབ་རྒྱུ་དེ་ཡིན་ལ་གཞན་ཞིག་ནས་བཤད་ན་ང་རང་སྤྱི་འབངས་ཤིག་གི་ངོས་ནས་བཤད་ན་འགན་འཁྲི་ཞིག་ཡིན་སྙམ ”ཞེས་གསུངས་པ་དང་ཨའེ་དབྱིན་སི་ཐན་གྱིས “ངས་ཉིན་ལྟར་རང་ཉིད་ལ་ཐེངས་བརྒྱ་ཕྲག་མང་པོ་འདི་ལྟར་དྲན་སྐུལ་བྱེད་པ་སྟེ། ངའི་བསམ་པའི་དཔལ་འབྱོར་དང་དངོས་པོའི་དཔལ་འབྱོར་ཚང་མ་ནི་མི་རྣམས་ཀྱི་ངལ་རྩོལ་ལ་བརྟེན་པ་ཞིག་ཡིན་པས་ངས་ངེས་པར་དུ་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་མི་རྣམས་ལ་བཀའ་དྲིན་གསོ་ཐབས་བྱེད་ཀྱི་ཡིན ”ཞེས་པའི་གསུང་དེ་དག་ལས་ང་ཚོར་འགན་འཁྲིའི་འདུ་ཤེས་བླ་ན་མེད་པ་ཞིག་དགོས་པའི་གནས་ལུགས་བསྟན་ཡོད་པས་ཁྱིམ་བདག་ཚོས་ཕྲུ་གུར་བྱ་བ་ཆུང་ཙག་དཔེར་ན། རྒྱུན་དུ་སློབ་ཁང་ནང་གི་སྒྲོག་ཙེ་རྐུབ་སྟེགས་དང་སྒོ་སྒེའུ་ཁུང་དེ་བཞིན་ནག་པང་ལ་་སོགས་པའི་སྤྱི་པའི་ཅ་དངོས་ལ་གཅེས་འབྲས་དང་བདག་སྐྱོང་བྱ་དགོས་པའི་སློབ་གསོ་བརྒྱབ་སྟེ་ཆུང་དུས་ནས་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་གསོ་སྐྱོང་བྱ་དགོས།
    མདོར་ན། མི་ཞིག་གི་ངོས་ནས་བཤད་ན་རང་གཤིས་ནི་བསྒྱུར་ཐབས་དཀའ་བ་ཞིག་ཡིན་ཞེས་པ་ནི་ང་ཚོས་ཁས་ལེན་བྱས་ཆོག་པ་ཡིན་མོད། འོན་ཀྱང་མི་དེའི་བྱང་ཚད་དང་ཤེས་ཚད་སོགས་ནི་སྐྱེ་དུས་ནས་དེ་ལྟ་བུ་རེད་ཅེས་བརྗོད་ན་ཕལ་ཆེར་མི་འཐད་སྙམ། དེས་ན་སློབ་མ་ཞིག་གི་ངོས་ནས་བཤད་ན་ཆུང་བྱིས་པའི་དུས་ཀྱི་སློབ་གསོ་དེ་ཆེས་གལ་འགངས་ཆེ་བ་ཞིག་ཡིན་ལ་བྱིས་པའི་དུས་ནས་བྱང་ཚད་དང་ཤེས་ཚད་ཀྱི་ཁ་ལོ་བསྒྱུར་དགོས་པ་ཞིག་ཡིན། དེ་ཡང་ཕ་མ་ནི་སློབ་ཕྲུག་གི་དགེ་རྒན་དང་པོ་དེ་ཡིན་པས་ཕ་མས་ཕྲུ་གུར་བྱ་སྤྱོད་གང་ཅིའི་ཐད་མིག་དཔེ་བཟང་པོ་ཞིག་བསྟན་རྒྱུ་ནི་ཧ་ཅང་གལ་ཆེ།(ལྷོ་ཁ་ས་ཁུལ་ཤར་འོད་སློབ་འབྲིང་ཟླ་བ་དགྲ་འདུལ་གྱིས )

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716