སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བསླབ་གཞི་གསར་པའི་ཁྲིད་ཐབས་སྤྱོད་སྐབས་ལྷག་པའི་སྐྱོན་ཆ་རེ་གཉིས་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2016-06-26   ཡོང་ཁུངས།    རྩོམ་པ་པོ།  

  དེང་རབས་སྤྱི་ཚོགས་ལ་མཁོ་བའི་མི་སྣ་ནི་གསར་གཏོད་ཀྱི་བློ་རིག་ལྡན་པ་དང་། དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་ཐུབ་པའི་མི་སྣ་དག་ཡིན། འོན་ཀྱང་སྲོལ་རྒྱུན་སློབ་གསོའི་འོག་འཚར་ལོངས་བྱུང་བའི་སློབ་མར་ཆ་རྐྱེན་དེ་དག་འཛོམས་དཀའ་བས་དེང་དུས་སྤྱི་ཚོགས་ཀྱི་དགོས་མཁོ་བསྐོང་མི་ཐུབ་པར་བརྟེན། ང་ཚོས་སྲོལ་རྒྱུན་གྱི་སློབ་གསོའི་བྱ་ཐབས་འགའ་ཤས་ལ་འགྱུར་བ་མི་གཏོང་ཐབས་མེད་དུ་འགྱུར་ཡོད། དེར་བརྟེན་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་གོམ་སྟབས་དེ་ངེས་པར་དུ་སྤོ་དགོས། བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱིས་རྒྱ་ཆེའི་དགེ་རྒན་ཚོར་ཛ་དྲག་པའི་འགྲན་རྩོད་དང་ཐོབ་དཀའ་བའི་གོ་སྐབས་ཤིག་སྦྱིན་ཡོད། བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱིས་དགེ་རྒན་གྱི་སློབ་གསོའི་འདུ་ཤེས་ལ་འགྱུར་བ་གཏོང་དགོས་པ་མ་ཟད། གོམས་གཤིས་ཆགས་པའི་སློབ་ཁྲིད་བྱེད་ཐབས་དང་རྣམ་པ་འགའ་ཞིག་ལ་སྒྱུར་བཅོས་བྱེད་དགོས་པའི་རེ་བ་ནན་པོ་བཏོན་ཡོད། བསླབ་གཞི་གསར་པ་བདེ་བླག་ངང་ལག་བསྟར་ཐུབ་མིན་གྱི་འགག་རྩ་ནི་དགེ་རྒན་གྱི་བྱང་ཚད་དེ་རེ་བ་དང་མཐུན་མིན་ལ་རགས་ལུས་ཡོད། དེར་བརྟེན་དགེ་རྒན་གྱིས་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་ལ་ཤེས་རྟོགས་གཏིང་ཟབ་དགོས་པ་དང་། བསླབ་གཞི་གསར་པ་ལག་ལེན་བྱེད་པའི་ནུས་པ་དང་ཆུ་ཚད་གོང་མཐོར་གཏོང་དགོས། འདིར་ཁོ་བོས་བསླབ་གཞི་གསར་པའི་དངོས་གཞིའི་སློབ་ཁྲིད་ནང་ལྷག་པའི་སྐྱོན་ཆ་རེ་གཉིས་སྐོར་ཅུང་ཟད་གླེང་བར་བྱ།
    དང་པོ། སློབ་ཁྲིད་ཀྱི་རྣམ་པར་དང་དོད་བྱེད་དྲགས་པ།
    དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་བསླབ་གཞི་གསར་པའི་ཁྲིད་ཐབས་བེད་སྤྱོད་ཀྱི་ཡོད། འོན་ཀྱང་དགེ་རྒན་འགའ་ཞིག་གིས་སློབ་ཁྲིད་བྱེད་སྐབས་སློབ་མས་སློབ་སྦྱོང་ལ་ཞུགས་ཚད་སྙོམས་མི་སྙོམས་དང་། སློབ་ཕྲུག་དབར་རང་འགུལ་གྱིས་མཉམ་ལས་བྱེད་རྒྱུ་བཅས་ལ་དོ་སྣང་མི་གནང་བ་དང་། ཡང་དགེ་རྒན་འགའ་ཞིག་གིས་སློབ་མ་སྒྲིག་འཛུགས་བྱས་ཏེ་གྲོས་བསྡུར་བྱེད་དུ་འཇུག་རྒྱུ་དེ་རྣམ་པ་ཙམ་སྟེ། གྲོས་བསྡུར་གྱི་རྣམ་པའི་ཆེད་དུ་གྲོས་བསྡུར་བྱེད་དུ་འཇུག་པ། གྲོས་བསྡུར་བྱེད་མ་དགོས་པའི་དོན་ཆུང་དང་། གྲོས་བསྡུར་བྱེད་དགོས་ངེས་ཀྱི་དཀའ་གནད་ཁག་དབར་དབྱེ་བ་མེད་པར་གྲོས་བསྡུར་བྱེད་དུ་འཇུག་གི་འདུག ཡང་སྐབས་འགར་དགེ་རྒན་གྱི་འཆར་འགོད་ལེགས་པོ་མ་བྱུང་བས་གྲོས་བསྡུར་བྱེད་དགོས་ངེས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་ནང་དོན་འཕྲད་སྐབས་དུས་ཚོད་ཀྱིས་མི་འདང་བར་སློབ་མས་ཚིག་གཉིས་གསུམ་ཙམ་བཤད་མ་ཚར་གོང་ཚབ་ཚུབ་ཀྱིས་མཇུག་བསྡུ་ཡི་ཡོད།
    ཡང་དགེ་རྒན་འགའ་ཞིག་གིས་སློབ་ཁྲིད་བྱེད་སྐབས་སློབ་ཁང་གི་རྣམ་པ་ནམ་རྒྱུན་དང་མི་འདྲ་བའི་འཁྲུག་ཆ་དོད་དུ་གཏོང་གི་ཡོད་པ་སྟེ། སློབ་མའི་གཙོ་གཟུགས་རང་བཞིན་འདོན་སྤེལ་བྱེད་པ་དེ་སློབ་ཚན་ཧྲིལ་པོར་དྲི་བ་འདོན་རྒྱུར་ངོས་འཛིན་བྱས་ཏེ་དྲི་བ་འདོན་པའི་ཐེངས་གྲངས་མང་དུ་གཏོང་བ་དང་། སློབ་ཁྲིད་ཁྲོད་རྩེད་མོ་བརྩེ་བ། གླུ་ལེན་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཚོགས་ཐུན་གཅིག་པོ་དེ་ཤིན་ཏུ་འཁྲུག་ཆ་དོད་པོ་ཞིག་ཡོང་བ་བྱས་རུང་སློབ་མས་བྱེད་སྒོའི་ནང་རང་འགུལ་དང་སྤྲོ་བའི་ངང་ནས་ཞུགས་རྒྱུར་དོ་ཁུར་བྱེད་ཀྱི་མེད། དོན་དངོས་ཐོག་སློབ་ཁྲིད་ཇི་ཙམ་འཁྲུག་པ་དེ་ཙམ་ལེགས་པའི་ངེས་པ་མེད་ལ། དགོད་སྒྲ་ཇི་ཙམ་མང་བ་དེ་ཙམ་ལེགས་པ་ཞིག་ཀྱང་མིན། ཁུ་སིམ་ལ་གོ་རིམ་ལྡན་པ། སྤྲོ་སྣང་གི་རྣམ་པས་ཁེངས་པའི་སློབ་ཁྲིད་བྱེད་ཐབས་ཀྱིས་ཀྱང་སློབ་མས་དོན་དམ་པའི་ཤེས་བྱ་ཡོན་ཏན་ཁོང་དུ་ཆུད་པ་ཞིག་ཡོང་ཐུབ། ཕན་མེད་ཀྱི་བྱེད་བྱེད་མང་པོ་སྤངས་ཏེ། འཁྲུག་ཅིང་ཟང་ཟིང་མེད་པ་དེ་ཡང་བསླབ་གཞི་གསར་པའི་བརྒྱབ་ལྗོངས་འོག་སློབ་ཁྲིད་བྱེད་ཐབས་ཐད་བརྩོན་ལེན་བྱེད་དགོས་ངེས་ཤིག་ཡིན།
    གཉིས་པ། ཁྲིད་ཡུལ་དངོས་ལ་བསྟུན་མི་ཐུབ་པ།
    དགེ་རྒན་འགའ་ཞིག་གིས་ཁྲིད་ཡུལ་སློབ་མའི་རིག་པ་དང་། བསམ་བློ། ཀུན་སྤྱོད། ཤེས་ཚད་སོགས་ཀྱི་དོན་དངོས་ལ་མི་བལྟོས་པར་འདྲ་ཆགས་པའི་སློབ་ཁྲིད་ཀྱི་ཡུལ་རྣམ་ཞིག་སྐྲུན་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད། དེ་ནི་དགེ་རྒན་གྱིས་སློབ་ཁྲིད་རྣམ་པ་ཅན་དུ་བརྩོན་ལེན་བྱེད་དྲགས་པ་ཡིན། དོན་དངོས་ཐོག་དགེ་རྒན་གྱིས་སྐུ་ངལ་བསྐྱོན་ནས་སྐྲུན་པའི་ཡུལ་ རྣམ་དེས་དགོས་ངེས་ཀྱི་ནུས་པ་ཐོན་མི་ཐུབ་པར་དེས་ཐོག་མར་སློབ་མ་ཚོར་ངོ་མཚར་ཆེ་བའི་ཚོར་སྣང་ཞིག་སྦྱིན་རུང་། དུས་ཡུན་གང་ཙམ་སོང་རྗེས་ངོ་མཚར་གྱི་སྣང་བ་ཡལ་ཏེ་དུས་རྒྱུན་ལྟར་སོང་ནས་སློབ་མ་ཚོ་བསམ་ཡན་དུ་གྱུར་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ཉན་མི་ཐུབ་པར་གྱུར། དེར་བརྟེན་དགེ་རྒན་གྱིས་གསར་གཏོད་རང་བཞིན་གྱིས་སློབ་དེབ་བེད་སྤྱོད་བྱེད་དགོས་པ་དང་། སློབ་དེབ་ཀྱི་རྩ་བའི་རིག་ལམ་མཚོན་པ་བྱེད་པར་སློབ་དེབ་དང་ཁ་བྲལ་མི་རུང་ལ། སློབ་ཁྲིད་ཀྱི་ཡུལ་རྣམ་སྐྲུན་པར་ན་ཚོད་མ་གཅིག་པའི་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་དང་ཤེས་རྟོགས་ཀྱི་ཆོས་ཉིད་དང་བསྟུན་དགོས་པ་མ་ཟད། སློབ་ཁྲིད་ཀྱི་ནང་དོན་མ་གཅིག་པ་ལ་གཞིགས་ནས་འགྱུར་བ་ཡང་གང་འཚམས་ཤིག་གཏོང་དགོས། མ་ཟད་དེ་ལ་དུས་རབས་ཀྱི་ཉམས་འགྱུར་ཡང་གང་ཙམ་ལྡན་དགོས། དེ་ཡང་སློབ་ཁྲིད་ཀྱི་ཡུལ་རྣམ་གྱི་མཚོན་ཐབས་ནི་སྣ་ཚོགས་ཤིག་ཡིན་དགོས་ཏེ། དཔེར་ན། གནད་དོན་འདོན་པ་དང་། བྱེད་སྒོ་སྤེལ་བ། སྒྲུང་གཏམ་ཤོད་པ། འགྲན་རྩོད་ཀྱི་རིག་པ་བསྡུར་བ་སོགས་སོ། ལོ་རིམ་དམའ་བའི་སློབ་མར་སྒྲུང་ཤོད་པའམ་འཁྲབ་སྟོན་བྱེད་པ་དང་དམར་ཁྲིད་བྱེད་ཐབས་མཉམ་དུ་སྤྱོད་དགོས་ལ། ལོ་རིམ་མཐོ་བའི་སློབ་མར་རང་སྟོབས་ཀྱིས་སློབ་སྦྱོང་བྱེད་པ་དང་མཉམ་ལས་ཐོག་སློབ་སྦྱོང་བྱེད་པའི་གནད་དོན་ལ་ཕན་པ་ཡོད་པའི་ཡུལ་རྣམ་སྐྲུན་རྒྱུར་ཕྱོགས་ཏེ། སློབ་ཁྲིད་ཀྱི་ནང་དོན་དང་དམིགས་ཚད་ལ་གཞིགས་ཏེ་དམིགས་ཡུལ་ཡོད་པའི་ཐོག་ནས་སློབ་ཁྲིད་ཀྱི་ཁོར་ཡུག་གསར་དུ་སྐྲུན་ཐབས་བྱེད་དགོས། དེ་མིན་ཚོགས་ཐུན་ཚང་མར་སློབ་ཁྲིད་ཀྱི་ཡུལ་རྣམ་ནས་འགོ་འཛུགས་དགོས་པའི་ངེས་པ་མེད། སློབ་ཁྲིད་ཀྱི་ཡུལ་རྣམ་སྐྲུན་མི་བདེ་བའི་འཁྲིད་བྱའི་ནང་དོན་འགའ་ཞིག་ལ་ཁ་རི་ཁ་ཐུག་གི་ཐབས་བེད་སྤྱོད་བྱས་ནས་ཐད་ཀར་སློབ་ཚན་གསར་པ་སློབ་ཁྲིད་བྱས་ན་འཚམས།
    གསུམ་པ། དགེ་རྒན་གྱིས་བཤད་ཁྲིད་བྱེད་རྒྱུ་ཉུང་དྲགས་པ།
    དགེ་རྒན་འགའ་ཞིག་གིས་བཤད་ཁྲིད་གང་ཉུང་ཉུང་དང་རྩ་བ་ནས་མི་ཁྲིད་པ་དེ་རྒྱུན་གཏན་སློབ་ཁྲིད་ཀྱི་རྩ་དོན་ཞིག་ཏུ་བཟུང་སྟེ་འཆད་ཁྲིད་བྱ་རྒྱུར་འཛེམ་བྱ་བྱེད་ཀྱི་ཡོད། རྒྱུན་དུ་དགེ་རྒན་གཞན་གྱི་སློབ་ཁྲིད་བྱེད་ཐབས་ཉན་པར་འགྲོ་སྐབས་མཐོང་ཐུབ་པར་དགེ་རྒན་གྱིས་འཆད་དགོས་ངེས་ཀྱི་ནང་དོན་མི་ཁྲིད་པ་དང་། ཚིག་གཅིག་གཉིས་ཀྱིས་གསལ་འགྲེལ་ཐུབ་པའི་ནང་དོན་ལ་ཨུ་ཚུགས་ཀྱིས་གསལ་འགྲེལ་བྱེད་པའི་གནས་ཚུལ་མཐོང་རྒྱུ་འདུག་ལ་སྲོལ་རྒྱུན་སློབ་ཁྲིད་ནང་བཤད་ཁྲིད་མང་དྲགས་པའི་སྐྱོན་ཆར་སྙོན་འཛུགས་བྱེད་ཀྱི་ཡོད། སློབ་ཁང་ནང་སློབ་མ་ཚོར་བཤད་ཁྲིད་བྱེད་དགོས་མིན་དེ་སློབ་ཁྲིད་ཀྱི་ལྟ་བ་སྔོན་ཐོན་དང་རྗེས་ལུས་ཡིན་མིན་ལ་ཐུག་ཡོད། གནད་དོན་ངོ་མ་ནི་གང་ཁྲིད་པའམ་ཇི་ལྟར་ཁྲིད་པར་ཐུག་ཡོད། སྤྱིར་བཏང་ངོས་ནས་བཤད་ན། དངོས་ཡོད་རང་བཞིན་གྱི་ཤེས་བྱ་རྣམས་སློབ་མ་ཚོ་དང་ལེན་སློབ་སྦྱོང་གི་ཐབས་སྤྱད་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། དགེ་རྒན་གྱིས་རིག་ལམ་སྟོན་དགོས་པ་རྣམས་སྟོན་དགོས་ལ། ནག་པང་ཐོག་ཏུ་གང་འབྲི་དགོས་པ་རྣམས་ཀྱང་འཛེམས་བྱ་མེད་པར་འབྲི་དགོས། བཤད་ཁྲིད་བྱེད་དགོས་རིགས་རྣམས་ཀྱང་བཤད་ཁྲིད་བྱས་ནས་དགེ་རྒན་དང་སློབ་མ་ཕྱོགས་གཉིས་ཀའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ནུས་པ་མཐར་ཕྱིན་པ་འདོན་སྤེལ་བྱེད་དགོས་སོ།
    བཞི་པ། སློབ་ཁྲིད་ཐོག་གློག་ཀླད་ཡག་པོ་སྤྱོད་མི་ཐུབ་པ།
    སློབ་ཁྲིད་ཐོག་གློག་ཀླད་སྤྱོད་པ་དེ་དེང་རབས་ཅན་གྱི་སློབ་ཁྲིད་བྱ་ཐབས་གཙོ་བོ་ཞིག་ཡིན། དེ་དང་སྲོལ་རྒྱུན་གྱི་ཁྲིད་ཐབས་བསྡུར་ན་དམིགས་བསལ་གྱི་དགེ་མཚན་ལྡན་ཡོད་པ་སྟེ། སློབ་ཁྲིད་ནང་དོན་ཅུང་ལེགས་པའི་ཐོག་ནས་ཆེ་ཆུང་དང་། ཉེ་རིང་། སྒུལ་ཚུགས། དལ་མགྱོགས། ཆ་ཤས་དང་ཆ་ཤས་ཅན་སོགས་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་སླ་བ་མ་ཟད། ཆ་འཕྲིན་གྱི་གྲངས་འབོར་མང་དུ་བཏང་ན་སློབ་མའི་ཡིད་དབང་འགུག་ཐུབ་པ་དང་སློབ་མར་གསོན་ཉམས་དོད་པའི་མྱོང་བ་ཐོབ་ནས་བསམ་གཞིགས་བྱེད་པའི་བློ་སྒོ་ཡང་འབྱེད་ཐུབ་ལ། སློབ་ཁྲིད་ཀྱི་སྤུས་ཚད་དང་ལས་ཕྱོད་ཀྱང་ཆེ་རུ་འགྲོ་ཐུབ།
    དེར་བརྟེན་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་གློག་ཀླད་བེད་སྤྱོད་མི་བྱེད་པ་ནི་ཀླད་ཪྙིང་མཁྲེགས་བཟུང་དང་ལྟ་བ་རྗེས་ལུས་ཅན་ཞིག་ཏུ་ངོས་འཛིན་བྱས་ནས་དགེ་རྒན་གྱིས་ངེས་པར་དུ་བཪྙན་གཟུགས་སློབ་ཆས་སྤྱོད་དགོས་པའི་སྐུལ་མ་གཏོང་དགོས་ལ་དེ་ལོ་མཇུག་གི་མཇུག་སྡོམ་སྐབས་ལས་ཀའི་གྲུབ་འབྲས་ཀྱི་ཆ་རྐྱེན་ཞིག་ཏུ་བརྩི་དགོས། འོན་ཀྱང་བཟོས་པའི་སྨྱན་གཟུགས་དེ་འཆར་འགོད་ཡག་པོ་མ་བྱུང་བ་དང་། སློབ་དེབ་འབྲི་བཤུ་ཙམ་བྱས་པ། ནག་པང་ཆུང་བའི་ཚབ་ཙམ་བྱེད་པ་སོགས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས། ཡང་དགེ་རྒན་འགའ་ཞིག་གིས་བཪྙན་གཟུགས་དེ་ཚོན་མདངས་རྣམ་པར་བཀྲ་བ་ཞིག་བཟོས་ནས་དེས་སློབ་གྲྭ་འབྲིང་ཆུང་སློབ་མའི་དགའ་སྣང་འདྲེན་ཐུབ་པར་བསམ་རུང་མཇུག་འབྲས་དེ་ལས་ལྡོག་པ་ཞིག་ཐོན་གྱི་ཡོད་པ་ནི། སློབ་མས་ཚོན་མདངས་རྣམ་པར་བཀྲ་བའི་པར་རིས་ལ་སྣང་བ་གཡེངས་པ་ལས་དགེ་རྒན་གྱིས་ཁྲིད་པའི་ནང་དོན་ལ་ཡིད་འཇོག་མི་བྱེད་པར་ཁོང་དུ་ཆུད་དགོས་ངེས་ཀྱི་ཤེས་བྱ་སྣང་མེད་དུ་གཏོང་གི་ཡོད། དེས་ན་གོང་གསལ་གནད་དོན་ཁག་ལས་ཤེས་གསལ། དགེ་རྒན་གྱིས་གློག་ཀླད་ཤེས་བྱ་བྱང་ཆུབ་པ་ཞིག་དགོས་ལ་གློག་ཀླད་ཀྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དེ་གནད་ལ་འཁེལ་བ་ཞིག་དང་། སྒྱུ་རྩལ་གྱི་རང་བཞིན་ལྡན་པ་ཞིག་དགོས། དེ་ལྟར་བྱུང་ཚེ་ཕན་འབྲས་ཐོན་སྲིད། ཡང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ཚང་མ་དོར་རྒྱུ་མེད་པར་དེང་རབས་ཅན་གྱི་སློབ་ཁྲིད་བྱ་ཐབས་དང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཐབས་གཉིས་ཟུང་འབྲེལ་དམ་ཟབ་ཀྱང་བྱེད་དགོས། དེ་ལྟར་བྱུང་ན་ད་གཟོད་གཞི་ནས་སློབ་ཁྲིད་ཀྱི་སྤུས་ཚད་དེ་བས་ཀྱང་གོང་མཐོར་གཏོང་ཐུབ།
    ལྔ་པ། སློབ་མ་དང་ལྷན་དུ་བྱེད་སྒོའི་ནང་ཞུགས་མི་ཐུབ་པ།
    བསླབ་གཞི་གསར་པའི་ནང་སློབ་མ་གཙོ་གཟུགས་སུ་བཟུང་ནས་དུས་ཚོད་མང་ཆེ་བ་སློབ་མ་ཚོར་སྤྲད་དེ་བྱེད་སྒོ་གང་མང་སྤེལ་དགོས་པའི་སྐོར་བཤད་ཡོད། ང་ཚོའི་དགེ་རྒན་མང་དག་ཅིག་གིས་དེ་ལྟར་སྒྲུབ་ཀྱི་ཡོད། འོན་ཀྱང་དངོས་སུ་བྱེད་སྒོ་སྤེལ་སྐབས་དགེ་རྒན་འགའ་ཞིག་གིས་བཤད་སྟེགས་ཐོག་ལངས་ནས་སློབ་ཚན་གྲ་སྒྲིག་ལ་ལྟ་བ་སོགས་བཤད་སྟེགས་ལས་མི་བབས་པ་དང་སློབ་མ་དང་སྤེལ་རེས་མ་བྱས་པའི་རྐྱེན་གྱིས་སློབ་མས་ཀྱང་རང་འགུལ་དང་ཧུར་བརྩོན་གྱིས་བྱེད་སྒོའི་ནང་མི་ཞུགས་པར་མཐའ་མཇུག་སློབ་ཁྲིད་ལས་འགན་ལེགས་སྒྲུབ་མི་ཐུབ་པའི་གནས་ཚུལ་ཐོན་གྱི་ཡོད། དེར་བརྟེན་སློབ་མ་ཚོ་ཚོགས་ཆུང་ཁག་དབྱེ་ནས་གྲོས་མོལ་བྱེད་སྐབས་དགེ་རྒན་གྱིས་ངེས་པར་དུ་ཆེ་ཉམས་ཡོངས་སུ་སྤངས་ནས་རང་ཉིད་གྲོས་མོལ་ཚོགས་ཆུང་གི་ཁོངས་མི་ཞིག་ཆགས་པ་བྱས་ཏེ་གྲོས་མོལ་གྱི་བརྒྱུད་རིམ་དང་འགག་གནད་ལ་དགོས་ངེས་ཀྱི་མཛུབ་ཁྲིད་དང་དུས་ཐོག་ཏུ་ཚོད་འཛིན་བྱེད་དགོས་ལ། སློབ་མ་ཚོར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དཀའ་ངལ་འཕྲད་ཚེ་དགེ་རྒན་གྱི་དཀའ་གནད་སེལ་བའི་ཆུ་ཚད་དེ་མངོན་དགོས། མདོར་ན། བསླབ་གཞི་གསར་པའི་ནང་བསྟན་པའི་ཐབས་ཤིག་ཡིན་ཕྱིན་ཚོགས་ཐུན་གཅིག་གི་ནང་མ་ལུས་ཀུན་ཚང་གིས་རེ་རེ་བཞིན་ལེགས་སྒྲུབ་བྱེད་དགོས་པ་ཞིག་མིན་པར། བསླབ་གཞི་གསར་པའི་སློབ་ཁྲིད་ལ་སྒོ་དབྱེ་བའི་ཆོས་ཉིད་དང་གསར་གཏོད་རང་བཞིན་གྱི་ཆོས་ཉིད་ལྡན་ཡོད་ལ། ངེས་མེད་རང་བཞིན་གྱི་ཆོས་ཉིད་ཀྱང་ལྡན་ཡོད་པས། “གནའ་བཟང་དེང་སྤྱོད ”ཀྱི་དཔེ་དང་འདྲ་བར་བསླབ་གཞི་གསར་པའི་བྱ་ཐབས་དང་སྲོལ་རྒྱུན་གྱི་ཁྲིད་ཐབས་ཀྱི་ལེགས་ཆ་རྣམས་ཟུང་འབྲེལ་བྱས་ཏེ་ཁྲིད་ཡུལ་སློབ་མའི་གོམས་གཤིས་དང་སེམས་ཁམས། ཀུན་སྤྱོད། ཤེས་ཚད་སོགས་དོན་དངོས་ལ་གཞིགས་ནས་གང་ལ་དེ་འཚམས་ཀྱི་ཚན་རིག་དང་མཐུན་པའི་སློབ་ཁྲིད་བྱེད་་ཐབས་ཤིག་བཟུང་ན་སློབ་གསོའི་དམིགས་ཡུལ་ལེགས་སྒྲུབ་ཡོང་རྒྱུར་ཕན་ནུས་ཐོན་ཐུབ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716