སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་འཕེལ་ཐབས་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2016-06-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  

  སློབ་ཆུང་སློབ་མར་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་ནི་གཙོ་བོ་འབྲི་ཀློག་གི་ཆེད་དུ་ཡིན། དེ་ཡང་གསལ་ཙམ་བཤད་ན། སྤྱིར་བཏང་གོ་སླ་ཞིང་སྟབས་བདེའི་ཐོག་ནས་བྲིས་པའི་རྩོམ་ཡིག་ལྟ་ཀློག་བྱས་ཏེ་ནང་དོན་ལ་གོ་བ་ལེན་པ་དང་། རང་གི་བསམ་བྱའམ་བརྗོད་འདོད་དོན་གང་ཡིན་ཡིག་ཐོག་ནས་ཕ་རོལ་པོར་ངོ་སྤྲོད་མདོར་བསྡུས་བྱེད་ཐུབ་པ་སོགས་སླད་རྩོམ་འབྲིའི་རྨང་གཞི་བཟང་ཙམ་འདིང་དགོས་པ་དེ་ཡིན། གཅིག རྩོམ་འབྲིའི་མོས་པ་དང་། གོམས་གཤིས། ངང་རྒྱུད་ལྡན་ཐབས་བྱེད་དགོས། དེ་སྔོན་སློབ་གསོ་མཁས་ཅན་དུ་མ་ཞིག་གིས “མོས་པ་ནི་མཆོག་ཏུ་གྱུར་པའི་དགེ་རྒན་ཡིན ”ཞེས་གསུངས་པ་ལྟར་སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་བའང་དེ་ལྟར་ཡིན། གལ་ཏེ་སློབ་མ་ཚོ་རྩོམ་ཡིག་འབྲི་རྒྱུར་མོས་པ་དང་སྤྲོ་སྣང་ལྡན་ཚེ་རྩོམ་འབྲི་བྱེད་སྐབས་ངར་ཤུགས་ལྡན་ལ་རང་རྟོཊ་ཀྱིས་འབད་བརྩོན་བརྒྱུད་དེ་གྲུབ་འབྲས་བཟང་ཙམ་ཐོབ་ངེས་ཡིན། མ་གཞི་རྩོམ་འབྲིའི་ནུས་པ་དམན་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་ཀྱང་གཙོ་བོ་རྩོམ་འབྲི་ལ་མི་མོས་པ་དང་། རྩོམ་འབྲིའི་གོམས་གཤིས་མ་འཇཊ་པ། རྒྱུན་དུ་སྨྱུ་གུ་འགུལ་མི་ཐུབ་པ་བཅས་གསུམ་ཡིན། དེ་ཡང་ཐོག་མར་སློབ་མའི་རྩོམ་འབྲིའི་མོས་པ་འཕེལ་བར་དོན་གནད་གསུམ་བསྒྲུབ་དགོས་ཏེ། སློབ་ཕྲུག་སྐད་ཆ་ཤོད་རྒྱུ་ཡོད་པ་དང་། འབྲི་འོས་པའི་དོན་དག་ཡོད་པ། སློབ་ཕྲུག་ལ་གོ་བརྡ་སྤྲོད་པའི་རང་དབང་ཡོད་པ་གསུམ་གྱིས་སློབ་ཕྲུག་ལ་ལེགས་གྲུབ་མྱོང་བས་དགའ་བ་བསྐྱེད་པ་ཡིན། སློབ་ཕྲུག་གིས་ཐོག་མར་བྲིས་པའི་རྩོམ་ལ་སྐྱོན་ཆ་མང་དག་ཡོང་ངེས་ཡིན། ཡིན་ནའང་ང་ཚོས་དམིགས་ཡུལ་རྩོམ་ཡིག་ལེགས་ཉེས་བསྡུར་རྒྱུ་དེ་མིན་པར་སློབ་མའི་རྩོམ་འབྲིའི་མོས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་པས་སློབ་ཕྲུག་ཚོའི་རྩོམ་ཡིག་གི་དགེ་མཚན་བརྗོད་རྒྱུ་དེ་གཙོ་བོ་ཡིན། གལ་སྲིད་རྩོམ་ཡིག་དེར་དགེ་མཚན་ཆུང་ཙག་ལས་མེད་ཀྱང་དེར་བསྟོད་བསྔགས་དང་འབྲེལ་བཟོ་བཅོས་བྱེད་དུ་བཅུག་ན་ཐེངས་དང་པོ་ལས་ལེགས་ངེས་ཡིན། དེ་ལྟར་བརྒྱུད་ཐེངས་རེ་རེ་བཞིན་རྒྱུན་མཐུད་ལེགས་གྲུབ་བྱུང་བ་དེས་སློབ་ཕྲུག་རང་ངོས་ནས་ཡར་རྒྱས་སོང་བ་ཚོར་ཏེ་སེམས་གཏིང་ནས་ཡིད་ཆེས་དང་སྙིང་སྟོབས་སྔར་བས་བསྐྱེད་དེ་རྩོམ་ཡིག་འབྲི་འདོད་དང་ཀློག་འདོད་ཀྱི་མོས་སེམས་དྲག་ཏུ་འཕེལ་ཏེ་ནམ་རྒྱུན་རྩོམ་ཡིག་འབྲི་རྒྱུར་འཚེར་སྣང་དང་དཀའ་སྣང་གིས་འཁུམས་པའི་བསམ་བློ་དེ་རིམ་བཞིན་ལྷོད་དུ་བབས་ཏེ་རྩོམ་ཡིག་འབྲི་འདོད་ཇེ་ཆེར་གྱིས་ཡུལ་ལྗོངས་ཀྱི་ཁྱད་ཆོས་དང་། མིའི་བྱ་སྤྱོད། སྤྱི་ཚོཊ་འཚོ་བའི་སྣང་ཚུལ་ལ་དོ་སྣང་བྱས་ཏེ་རང་འགུལ་ངང་རྩོམ་ཡིག་འབྲི་བའི་བསམ་པ་བྱུང་བ་དེས་རྩོམ་འབྲིའི་ནུས་པ་གོང་མཐོར་འགྲོ་བར་ཐེ་ཚོམ་མེད། སྐུ་ཞབས་དབྱེ་ཧྲེང་ཐོ་ཡིས་གསུངས་དོན “དགེ་རྒན་གྱི་འགན་འཁྲི་ངོ་མ་ནི་སློབ་ཕྲུག་གི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱ་རྒྱུ་དེ་ཡིན ”ཞེས་གསུངས་པ་ལྟར་མིའི་ངོས་ནས་བརྗོད་ན་བྱ་སྤྱོད་དང་གཤིས་ཀའི་གོམས་གཤིས་བཟང་པོ་ལྡན་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། རྩོམ་འབྲིའི་ངོས་ནས་བརྗོད་ན་རྩོམ་འབྲིའི་གོམས་གཤིས་ལྡན་པ་བྱ་རྒྱུ་ནི་རྩོམ་འབྲིའི་བྱང་ཚད་ཀྱི་གལ་ཆེའི་ཕྱོགས་ཤིག་དང་། རྩོམ་ཡིག་ལེགས་པོ་འབྲི་བར་ངེས་པར་དུ་ལྡན་དགོས་པའི་རྨང་གཞི་ཞིག་ཀྱང་ཡིན། རྩོམ་འབྲིའི་གོམས་གཤིས་ཉམས་བཟང་བའི་གྲས་སུ་བརྟག་ཞིབ་དང་། བསམ་གཞིག་གི་གོམས་གཤིས། རྩོམ་གཞི་གསོག་འཇོག་གི་གོམས་གཤིས། ཉིན་ཐོ་འབྲི་བའི་གོམས་གཤིས། དཔེ་དེབ་ལྟ་ཀློག་གི་ཟིན་ཐོ་འགོད་པའི་གོམས་གཤིས། བྲིས་པ་རྣམས་བསྐྱར་བཅོས་ཀྱི་གོམས་གཤིས། ཡིག་གཟུགས་བཟོ་ལྟ་དོད་པོ་དང་དུམ་མཚམས་དབྱེ་བ་གསལ་པོ་འབྲི་བའི་གོམས་གཤིས་སོགས་ཆུང་དུས་ནས་རེ་བ་ནན་པོ་དང་། ཡུན་རིང་རྒྱུན་འཁྱོངས། ཉིན་ལྟར་ལྟ་སྐུལ་སོགས་བྱེད་དགོས་པ་ཡིན། ད་དུང་མང་ཀློག་མང་འབྲི་ཡི་ངང་རྒྱུད་དགོས་པ་དང་། ངང་རྒྱུད་དེ་གོམས་གཤིས་སུ་འགྱུར་བ་བྱ་དགོས། ལྟ་ཀློག་དང་རྩོམ་འབྲི་གང་ཡང་མི་ཚེའི་སྤྱོད་ཚུལ་ཞིག་ཡིན་པ་དང་། སྤྱོད་ཚུལ་རྣམས་གོམས་གཤིས་སུ་འགྱུར་བར་བྱེད་དགོས་ཏེ། ཉིན་ལྟར་ཀློག་ཙམ་དང་འབྲི་ཙམ་གྱིས་ཡུན་རིང་རྒྱུན་འཁྱོངས་ཐུབ་ཚེ་གོམས་གཤིས་དང་ནུས་པར་གྱུར་ནས་ལག་ལེན་ཁྲོད་ནས་ཡར་རྒྱས་འགྲོ་ངེས་ཡིན། མང་དུ་ཀློག་པས་བསམ་པའི་རྒྱགས་ཕྱེ་འཕེལ་ཞིང་ཤེས་བྱ་མང་དུ་རྟོགས་པ་དང་གོ་བརྡ་སྤྲོད་པའི་ཐབས་རྩལ་ལོབ་པ། མང་དུ་བྲིས་པས་རྩོམ་འབྲིའི་ཐབས་རྩལ་སྦྱོང་བརྡར་ཐུབ་ཅིང་རྩོམ་ཡིག་སྣ་ཚོགས་སྤེལ་ཐུབ་པ་བཅས་ཡིན། དེར་བརྟེན་རྩོམ་འབྲིའི་ནུས་པ་འཕེལ་བར་རྩོམ་འབྲིའི་མོས་པ་དང་། གོམས་གཤིས། ངང་རྒྱུད་ལྡན་ཐབས་བྱ་རྒྱུ་ནི་ཧ་ཅང་འགངས་ཆེ་བ་ཡིན། གཉིས། སྐད་ཆ་ཤོད་པའི་ནུས་པ་འཕེལ་ཐབས་བྱེད་དགོས། སྐད་ཆ་ཤོད་དགོས་པ་མ་ཟད་བཤད་པ་དེ་ཡང་ནང་དོན་ལྡན་ལ་གོ་རིམ་ཡོད་པ། རྗོད་ཚིག་སྔ་ཕྱི་མ་འགལ་བར་འབྲེལ་ཆགས་པ། རྗོད་ཚིག་སྙན་པ་སོགས་དགོས་རྒྱུ་ནི་སྐད་ཆ་ཤོད་པའི་རེ་བ་ཡིན། དེ་ལྟར་མ་བྱུང་ན་སྐད་ཆ་བཤད་ཡུལ་ཕ་རོལ་པོས་དོན་ཐད་ཀར་གོ་མི་ཐུབ་ལ། ནང་དོན་གོ་བའི་རྨང་གཞི་ཉན་ཡང་མི་སྤྲོ། སློབ་ཆུང་སློབ་མ་ཚོར་རྒྱུན་དུ་སྐད་ཡིག་སློབ་ཁྲིད་ཁྲོད་གཅིག་ནས་ཡི་གེ་ཐོབ་སྟངས་ཀྱི་གཞུང་ལུགས་འཁྲིད་དགོས་ལ། གཉིས་ནས་སྐད་ཆ་ཤོད་པའི་ནུས་པ་སྦྱོང་བརྡར་བྱེད་དུ་འཇུག་དགོས། དེ་ཡང་སློབ་མ་རང་ཉིད་ཀྱི་འཚོ་བ་དངོས་ནང་མཐོང་ཐོས་བྱུང་བའི་གནས་ཚུལ་རྣམས་གཙོ་བོར་བྱས་ཏེ་ཤོད་དུ་འཇུག་པ་དང་བཤད་པ་དེ་ཡང་ནང་དོན་ཡོད་པ་དང་གོ་རིམ་ཡོད་པ། གཙོ་ཕལ་གྱི་དབྱེ་བ་ལྡན་པ། སྐད་ཆའི་འབྲེལ་མཐུད་སོགས་ཀྱི་ཐད་མཛུབ་སྟོན་བྱེད་དགོས། གཞན་ཡང་དགེ་རྒན་གྱིས་སློབ་ཆུང་སློབ་རིམ་དང་འཚམས་པའི་རྩོམ་ཡིག་ལེཊ་གྲས་མང་ཙམ་ཀློག་འདོན་བྱ་རྒྱུར་བཀོད་སྒྲིག་གནང་ནས་རྩོམ་དེ་དག་གི་ནང་དོན་དང་གོ་རིམ་ཐད་ཀར་ཤོད་དུ་འཇུག་དགོས། དེ་ལྟར་བྱས་ན་གཅིག་ནས་སློབ་མའི་སྐད་ཆ་ཤོད་པའི་ནུས་པ་སྦྱོང་བརྡར་ཐུབ་ལ། གཉིས་ནས་རྩོམ་འབྲིའི་གོ་རིམ་དང་ཁྱད་ཆོས་དུ་མ་རྟོགས་ལ་རྗོད་ཚིག་ཐ་སྙད་གསོག་འཇོག་ཐུབ་པ་སོགས་རྩོམ་འབྲིའི་ཡན་ལག་དུ་མ་རང་བཞིན་གྱིས་ཤེས་རྟོགས་ཐུབ། གསུམ། ཡི་གེ་འབྲི་བའི་ནུས་པ་འཕེལ་ཐབས་བྱེད་དགོས། འབྲི་བ་ནི་ཤོད་པའི་རྨང་གཞིའི་སྟེང་ནས་སྦྱོང་བརྡར་བྱེད་དགོས་པ་ཡིན། གང་ལགས་ཤེ་ན། བཤད་བྱའི་ནང་དོན་ཡོད་ལ་ཤོད་པའི་གོ་རིམ་ལྡན་པ། རྗོད་ཚིག་འབྲེལ་ཆཊ་པ་དེ་ནི་རྩོམ་འབྲིའི་རྒྱུའམ་རྨང་གཞི་ཡིན། རྨང་གཞི་དེའི་ཐོག་ཡི་གེ་འབྲི་བའི་ནུས་པ་སྦྱོང་དགོས་པ་ཡིན། དོན་དངོས་ཐོག་དེ་ནི་སྐད་ཆ་ཡི་གེར་འབེབས་པའི་བརྒྱུད་རིམ་ཞིག་སྟེ། བཤད་བྱའི་དོན་གང་རྗོད་བྱེད་ཕྲེང་བའམ་ཡི་གེ་ལ་བརྟེན་ནས་གསལ་བར་མཚོན་པ་ཞིག་ཡིན་པས་རྗོད་ཚིག་གོང་འོག་འབྲེལ་མཐུད་འབྲེལ་ཆཊ་པ་དང་། རྗོད་བྱེད་ཀྱིས་དོན་གང་མཚོན་ཐུབ་པ། དག་ཆ་མ་ནོར་བ་སོཊ་ཕྱོགས་མང་པོའི་ཐད་འབད་པ་དང་ཤུཊ་སྣོན་བརྒྱབ་སྟེ་གོང་གི་སྐད་ཆ་དེ་ཡིག་ཐོག་གི་རྩོམ་ཡིག་ཏུ་འགྱུར་བ་བྱེད་དགོས། དེ་ཡང་རྗོད་པ་ཐུང་ངུ་ནས་རང་བྱུང་དུམ་བུ་དང་། རང་བྱུང་དུམ་བུ་ནས་དོན་གྱི་དུམ་བུ་དང་རྩོམ་ཡིག་ཧྲིལ་པོ་གྲུབ་པ་སོཊ་རིམ་བཞིན་ཐ་སྙད་དང་ཡིག་ཚོགས་ཇེ་མང་དང་། ནང་དོན་ཇེ་རྒྱས། ཡིག་གཟུགས་ཇེ་ཡག་གོ་རིམ་ཇེ་བཟང་། ཤོག་ངོས་ཇེ་གཙང་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་དགོས་པ་ཡིན། དེ་ནི་ཉིན་གཅིག་ལ་འགྲུབ་པའི་བྱ་བ་ཞིག་མ་ཡིན་པར་རྒྱུན་མཐུད་དང་། རིམ་ཅན། སྔ་མའི་སྟེང་ཕྱི་མ་འཕེལ་རྒྱས་སུ་གཏོང་དགོས་པས་དགེ་རྒན་ཚོས་དུས་ཐོག་མཛུབ་ཁྲིད་དང་བཟོ་བཅོས་གང་ཐུབ་གནང་ནས་སློབ་མའི་རྩོམ་འབྲིའི་ནུས་པ་ཡར་རྒྱས་ཡོང་བ་བྱེད་དགོས། བཞི། རང་རྩོམ་ཞུ་དག་དང་བཟོ་བཅོས་ཀྱི་ནུས་པ་འཕེལ་ཐབས་བྱེད་དགོས། རྩོམ་ཡིག་འབྲི་རྒྱུ་ནི་གོས་འཚེམ་པ་སོགས་ཀྱི་ལས་ཀ་གཞན་དང་མི་འདྲ་བར་གནས་སྐབས་གྲུབ་ཀྱང་ཡང་བསྐྱར་ཞུ་དག་དང་བཟོ་བཅོས་བྱས་ནས་སྔར་བས་ལེགས་པ་དང་ཆ་ཚང་དུ་བཏང་ཆོག དེ་ནི་རྩོམ་ཡིག་ལེགས་པོ་འབྲི་ཐུབ་པའི་དམིཊ་བསལ་ཁྱད་ཆོས་ཤིག་ཡིན་པས་རྩོམ་ཡིག་འབྲི་མཁན་ཚོས་སྒྱིད་ལུག་དང་ལྷོད་གཡེང་གཏན་ནས་བྱེད་མི་རུང་བའི་འགངས་ཆེའི་ལས་དོན་ཞིག་ཡིན། སློབ་མས་རྩོམ་ཡིག་འབྲི་སྐབས་ཐོག་མར་སྦྱོང་གཞི་སོཊ་འབྲི་ཡུལ་ངོ་མའི་སྟེང་དུ་མ་བྲིས་པར་གནས་སྐབས་སྦྱོང་བརྡར་འབྲི་དེབ་སྟེང་དུ་བྲིས་ཏེ་ཡང་ཡང་ཀློག་ནས་ནང་དོན་དང་རྗོད་ཚིག་འབྲེལ་མཐུད། དག་ཆ་སོཊ་འགྱུར་བ་དང་བཟོ་བཅོས་བྱེད་དགོས་རིགས་བཟོ་བཅོས་ཐེངས་མང་བྱས་ཏེ་མཐར་སྦྱོང་གཞིའི་སྟེང་གཙང་བཤུ་བྱས་ནས་དགེ་རྒན་ལ་འབུལ་དགོས། དགེ་རྒན་གྱིས་བཟོ་བཅོས་དང་དཔྱད་བརྗོད་ལ་བལྟས་ཏེ་རྩོམ་ཡིག་གང་སྔར་བས་བརྗོད་དོན་འབུར་ཐོན་དང་ཁ་གསལ། རྗོད་ཚིག་སྐད་ཆ་གོང་འོག་མ་འཛོལ་བ། གཞན་གྱིས་བལྟས་པ་ཙམ་གྱིས་ཐད་ཀར་ཀློག་ཐུབ་པའི་ཡིག་གཟུགས་སོགས་ཀྱི་ཐོག་ནས་འབྲི་དགོས་པ་ཡིན། དེ་ལྟར་ལག་བསྟར་རྒྱུན་རིང་བྱུང་ན་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་འགྲོ་བར་ཐེ་ཚོམ་མེད་དོ།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716