སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱ་གར་གྱི་གློག་བརྙན《ཡབ་ཆེན་དང་བུ་མོའི་སྦེ་འགྲན》དང་ཁྱིམ་ཚང་སློབ་གསོ།
སྤེལ་དུས། 2017-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཨོཾ་འབར།

དང་པོ། གླེང་གཞི།
          རྒྱ་གར་གྱི་བརྙན་འཁྲབ་འཇོན་རྩལ་ལྷན་སྐྱེས་སུ་ལྡན་པའི་གློག་བརྙན་སྐར་ཆེན་ཏེ། འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་གཅིག་ལྕོགས་སུ་གནང་དང་གནང་བཞིན་པའི་ཨ་མིར་ཧིག་སེ་ཨེན་ཁན(Aamir Hussain Khan)ལགས་ལ་གློག་བརྙན་སྐད་གྲགས་ཆོད་པ་མང་པོ་ཡོད་པར། གལ་ཏེ་གློག་བརྙན་བལྟ་རྒྱུར་དགའ་མཁན་ཞིག་ལ་མཚོན་ན། རེ་རེ་ནས་ལྟ་རིན་ལྡན་ཞིང་བལྟས་རྗེས་འགྱོད་པ་ཡོད་མི་སྲིད་པ་ངེས་གཏན་བྱས་ཆོག་པར་འདོད། དེར་ད་ཐེངས་ཀྱི་ཟླ་ངོ་འདི་ལ་ཁོང་གིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་ཚང་མས་རླུང་རྟ་ལྟར་སྤུར་བཞིན་ཡོད་པ་རེད། དེ་ནི《ཡབ་ཆེན་དང་བུ་མོའི་སྦེ་འགྲན》ཞེས་པ་དེ་རེད།
          གློག་བརྙན་དེ་ད་ལོའི་སྤྱི་ཟླ་ལྔ་པའི་ཚེས་ལྔ་ཉིན་ཀྲུང་གོའི་གྲོང་ཁྱེར་སོ་སོའི་གློག་བརྙན་ཁང་དུ་སྟོན་མགོ་བརྩམས་པ་རེད། རིམ་བཞིན་ཀྲུང་གོའི་དྲ་ལམ་ཅི་རིགས་དང་མི་སྒེར་གྱི་སྐད་འཕྲིན་ལ་བརྒྱུད་སྤེལ་བརྒྱུད་འགོད་ཀྱིས་ཀུན་གྱི་བལྟ་སྐལ་དུ་སྨིན་ཞིང་། ཀུན་གྱིས་གློག་བརྙན་ཁང་དང་དྲ་འཕྲིན་ལམ་གང་རུང་བརྒྱུད་ནས་བལྟས་མཐར། རང་རང་གི་བལྟས་ཚོར་མྱོང་ཚོར་མཚོན་བྱེད་ལ། པར་རིས་ཁ་ཤས་དང་ཡིག་རྡོག་ཁ་ཤས་ཀྱིས་མཚོན་ཞོར་གཞན་ལ་ལྟ་བར་སྐུལ་གྱིན་འདུག་པར། ཁོ་བོས་ཀྱང་འཕྲལ་མར་གློག་བརྙན་དེ་ལ་བལྟས་པ་ཡིན་ཞིང་། བལྟས་ནས་ཀྱང་རང་གི་མྱོང་ཚོར་དང་འབྲེལ་བའི་སེམས་ཀྱི་རྟོག་འགྱུ་ཅི་རིགས་ཤིག་སྤྲོ་བར་འདོད་དོ། །
གཉིས་པ། དངོས་གཞི་གློག་བརྙན་གྱི་འཕྲོས་གླེང་།
          ད་ནི་དཀྱུས་སུ་བབས་ན། ཨ་མིར་ཁན་གྱི《ཡབ་ཆེན་དང་བུ་མོའི་སྦེ་འགྲན》ཞེས་པའི་གློག་བརྙན་དེ་ལ་མཚོན་ན། སྒྱུ་རྩལ་གྱི་ཆ་ནས་གླེང་རིན་བདོག་མོད་བསྐྱུར་བ་ཡིན། འོ་ན། གང་གི་ངོས་ཐད་ནས་གླེང་རྒྱུ་ཡིན་ཞེ་ན། དེ་ལ་སློབ་གསོའི་ཆ་ཅན་གྱི་ཚད་རིམ་མཐོན་པོ་ལྡན་པས། དེ་ཉིད་སྔོག་འདོན་གྱིས་གླེང་བར་འདོད། ཡང་བྱེ་བྲག་ཏུ་ཁྱིམ་ཚང་སློབ་གསོའི་ངོས་ནས་འཕྲོས་པར་འདོད། རྒྱུ་མཚན་གཙོ་བོ་ནི། ང་རང་ཉིད་དུས་ད་ལྟར་ཕ་མ་བུ་འབྱར་གྱི་སྒང་ན་ཡོད་པས། ཁ་སང་དེ་རིང་ཐོག་མཐའ་བར་གསུམ་དུ་བུ་ཕྲུག་གི་དོན་དུ། བསམ་སྦྱོར་གཉིས་ཀས་གང་དང་གང་ལ་ཡང་ཚེགས་ཆེན་པོའི་འགན་བླངས་ཡོད་པས་སོ། །
          བདག་གིས་ནི་གློག་བརྙན་དེ་ཁྱིམ་ཚང་སློབ་གསོའི་དངོས་དཔེ་གསོན་པོ་རུ་བསམ་ཆོག་པར་འདོད། ལྷག་ཏུ་རང་ཅག་གི་ཕ་མ་སོ་སོས་རང་གི་བུ་ཕྲུག་ལ“སློབ་གསོ”ཇི་ལྟར་གཏོང་བ་དང་གང་ལྟར་སོང་ན་འགྲིག་མིན། གནད་འགག་ཅི་ཞིག་ལ་གཟབ་དགོས་མིན། གང་ཞིག་ལ་དང་དོད་བྱ་རུང་མིན། ཡིད་འཇོག་ཅི་ཞིག་ལ་གཟས་དགོས་མིན་སོགས་ཡོད་ཚད་ལ་སྨན་ཐུམ་གྱི་དོད་དུ་འགྲོ་བར་འདོད་པས་སོ། །དེ་ལ་རེ་རེ་སྤྲོ་བ་ལ།
          གཅིག དོར་མི་ཉན་པ་གསུམ།
          ཕ་དང་མ་རུ་གྱུར་པ་སུ་དང་སུ་ཞིག་ཡིན་རུང་། རང་རང་གི་བུ་དང་བུ་མོ་ལས་ལྷག་པ་འཇིག་རྟེན་ཁམས་ན་གཞར་ཡང་མེད་དོ། །བུ་ཕྲུག་ནི་ཕ་མའི་མིག་ནང་དང་སེམས་ནང་དུ། དུས་ནམ་ཡང་གཅེས་ཕྲུག་ཡིན་པ་ལས་མི་ཆེན་དུ་འགྱུར་མི་སྲིད། དེའི་ཆེད་དུ་བསམ་ཕོད་ལ། བཤད་ཕོད། སྒྲུབ་ཕོད། ཡང་ན་རང་སྲོག་བློས་གཏོང་དགོས་པ་བྱུང་རུང་འཇིགས་དངངས་ཏིལ་འབྲུ་ཙམ་ཡང་ཡོད་མི་སྲིད། དེར་ཕ་མ་ཚོས་དེ་ལྟར་འདོད་ཅིང་བསམ་པ་ནི་ངོ་ཚ་མ་ཡིན་ལ། ཕྱོགས་ཞེན་དེ་ལས་ཀྱང་མ་ཡིན། དེ་ནི་ང་ཚོ་མི་ལ་མ་གཞི་ནས་བརྩེ་བའམ་སྙིང་རྗེ་ལྷན་སྐྱེས་སུ་གཞི་གྲུབ་པའི་བདེན་དཔང་ཡིན་ནོ། །དེ་ལྟར་ཕ་མ་སུ་ཞིག་ཡིན་རུང་བདག་ཉིད་ཀྱི་བརྩེ་བའམ་སྙིང་རྗེ་ངོ་མ་ལྷད་མེད་སྟོན་ཡུལ་ནི་བུ་དང་བུ་མོ་གཅེས་ཕྲུག་དག་ཡིན་པས་ཀྱང་ངོ་། །རེད་དེ། ཕ་མ་སོ་སོས་རང་རང་གི་གཅེས་ཕྲུག་ལ་བརྩེ་བ་དང་སྙིང་རྗེ་སྟོན་རྒྱུ་ཐལ་དྲགས་ན། དུངས་ཞེན་གྱི་ཐལ་མཐར་ལྷུང་ཉེན་ཆེ་ལ། དེའི་འབྱུང་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ངེས། དེར་ཕ་མ་སོ་སོས་རང་བདག་གི་བརྩེ་བ་དང་སྙིང་རྗེ་གང་ཉིད་གཅེས་ཕྲུག་ལ་ངོ་ཇི་བཞིན་འཕྲོད་པ་ལ་ཇི་ལྟར་བྱ་དང་གང་ལྟར་འགྲོ་ཟེར་ན།
          ཀ དམིགས་ཡུལ།
          དམིགས་ཡུལ་དང་དམིགས་འབེན། ཡང་ན་ཕུགས་བསམ་ཟེར་ཡང་ཆོག་པ་རེད། ཡང་ན། རེ་འདུན། ཕུགས་འདུན། གལ་ཏེ་མི་སུ་དང་གང་ལ་ཡང་འདི་ཡོད་ན། ཁ་ཕྱོགས་ཡོད་རྟགས་རེད་ལ། དཀྱུས་འཇུག་གི་ལམ་བུ་རྙེད་རྟགས་རེད། ཡང་གལ་ཏེ་མི་སུ་དང་གང་ལ་ཡང་འདི་མེད་ན། ཁ་ཕྱོགས་མེད་རྟགས་རེད་ལ། ལམ་བུ་མ་རྙེད་པ་གཞི་བྱས། ཅི་བྱ་གཏོལ་མེད་ཡིན་པའི་ངོ་རྟགས་རེད། དམིགས་འབེན་ཡོད་ན། ཧུར་བརྩོན་ཧུར་བསྐྱེད་ཀྱི་སྦྱོར་བ་རྒྱུན་འཇགས་ཡིན་ལ། དཀའ་སྡུག་ཅི་འདྲ་ལ་འཕྲད་ཀྱང་མི་དངངས་མི་འཇིགས་པ་རེད། དེ་ཡི་སེམས་དཔའ་འོ། ། ཡིད་བྲོད་དོ། ། བློ་དངར་རོ། ། དམིགས་འབེན་བྲལ་ན། སྒྱིད་ལུག་སྒྱིད་ཞ་ཡི་བག་འཁུམ་འཁོབ་ཏོ་རུ་འགྱུར་ངེས་ལ། དཀའ་ངལ་ཕྲན་ཚེགས་ལ་འཕྲད་ཚེ་མགོ་སྒུར་ལྕེ་བསྣར་ལ་འདུག་ངེས། དེ་ཡི་སེམས་ཞད་དོ། ། ཡིད་ཞུམ་མོ། ། བློ་ཉོབ་བོ། ། དེར་ཁྱིམ་ཚང་ཞིག་གི་ཕ་མ་ལ་མཚོན་ན། བུ་བུ་མོར་སློབ་གསོ་གཏོང་བ་ལ། ཁ་ཕྱོགས་ཀྱི་དམིགས་འབེན་ཞིག་འཆར་ཅན་དུ་ཡོད་པའི་སྒོ་ནས། མ་འོངས་འཚར་ལོངས་འབྱུང་རིམ་ཁྲོད་དེ་ལ་དམིགས་གཏད་གཟས་འཕེར་གྱིས།དོན་བྱ་གང་དང་གང་ཡང་ལྷུར་ལེན་རྒྱུ་ནི་ཕ་མ་བཟང་པོ་ཡིན་མིན་གྱི་གདོང་རྟགས་སུ་བསམ་ཆོག དེ་ལྟར་ན། བུ་བུ་མོ་ལ་བརྩེ་བའམ་སྙིང་རྗེ་ཐལ་དྲགས་པ་གནང་སྟེ། ངན་ལང་སྐྱག་ལང་དུ་འགྲོ་མི་སྲིད། དེ་ཡང་ཕ་མ་གང་དེའི་ཐབས་ཤེས་ཀྱིས་བཀྱགས་ཡོད་ལ། རང་བསམ་རང་མནོ་ཡི་ཕ་མཁར་བརྡུངས་པར་བརྩོན་པ་ལས། གཞན་རྗེས་གཞན་སྙེག་གི་ཆུ་སྣ་གར་ཁྲིད་དེ་ཡིན་མི་སྲིད། འདི་ལ་གློག་བརྙན་དུ། ཕའི་ཆ་བྱད་མཛད་ཡོད་པ་གང་གི་ཕུགས་བསམ་སྟེ། སྦེ་འགྲན་ལ་རྒྱ་གར་གྱི་རྒྱལ་ཁབ་རིམ་པ་ནས་ཨང་དང་པོའི་གཟེངས་རྟགས་ཐོབ་སོང་རུང་། རྐྱེན་སྣ་མང་པོའི་དབང་གིས། འཛམ་གླིང་རིམ་པ་ལ་འགྲན་ཞུགས་བྱ་མ་ཐུབ་པར། ཁོང་གིས་དེའི་ཆེད་དུ་བུ་རབས་ཚ་རྒྱུད་ལ་རེ་བཅོལ་ཕུགས་འདུན་བཅངས་པ་ལྟ་བུ། ཡང་ན། ཕ་རིང་གི་ཕུགས་བསམ་དེ་བུ་རིང་ལ་ཡང་ཉམས་པ་མེད་པར་མུ་ནས་མུར་འཕྲོ་བསྐྱངས་པའོ། །
          ཁ། ཨུ་ཚུགས།
          ལར་ཨུ་ཚུགས་ནི་རྙིང་པ་མཁྲེགས་འཛིན་དང་དོན་འདྲ་བར་སྣང་ཡང་དེ་གཉིས་དོན་མཐུན་མ་རེད། རང་ལྟ་མཆོག་འཛིན་དང་གཞི་མཐུན་པར་བསམ་ཡང་དེ་གཉིས་གའུ་ཁ་སྦྱོར་དུ་འགྲོ་བར་མི་འདུག འོ་ན། ཨུ་ཚུགས་ནི་ཅི་ལྟ་བུ་ཡིན་ཞེ་ན། གལ་བོ་ཆེ་ལ་ཡིད་གཟབ་པ་དང་། སེམས་བརྟན་པ། ཧུར་བསྐྱེད་པའི་ཡིད་ཀྱི་སྦྱོར་བའི་རྨང་གཞིའི་སྟེང་ནས། ལུས་ཀྱི་སྦྱོར་བའི་ལག་ལེན་གྱི་འབད་བརྩོན་ལ་མཐའ་གཅིག་ཏུ་འབུངས་པའི་བཟང་གཤིས་དེ་ཡིན། ཉུང་བསྡུས་ཀྱིས་བཤད་ན། ནན་ཏན་མཐའ་སྐྱེལ་བྱེད་པ་དེའོ། ། རྩེ་གཅིག་མཉམ་བཞག་དེའོ། ། ཆབས་ཅིག་ཨུ་ཚུགས་ནི་གང་ལྟ་བུ་མ་ཡིན་ཞེ་ན། གཙོ་ཕལ་གྱི་རྣམ་གཞག་མེད་པ། ཉ་ཉུང་ཅི་བསྲེས། ཕུགས་མེད་མདོ་མེད། ཡིད་ཧབ་ཧོབ། སེམས་རྩིང་རགས། བློ་རྨོངས་པའི་ཅི་མ་ཡིན་དང་གང་མ་ཡིན་ལ་སྡོད་པའི་ངན་གཤིས་དེའོ། ། ཉུང་བར་བསྡུས་ན། རྙིང་ཞེན་མཁྲེགས་འཛིན་ཅན་ནོ། ། རང་ལྟ་མཆོག་འཛིན་ནོ། ། འདི་ལ་གནད་འགག་ཅིག་གོ་དགོས་པ་ཞིག་ལ། ཨུ་ཚུགས་མཐའ་སྐྱེལ་བྱ་བ་ལ།ངེས་ཅན་དུ་རེ་འདུན་ཕུགས་འདུན་སྔོན་དུ་འགྲོ་དགོས་པ་དེ་ཡིན། དེ་ལྟར། ཕུགས་འདུན་ནི་ནང་ཡིད་སེམས་ཀྱི་ཉེར་བསྡོགས་གང་གི་འཇིགས་པ་མེད་པའི་རང་གཟུགས་དེ་ཡིན་དགོས་ལ། ཨུ་ཚུགས་ནི་ཡིད་སེམས་ཀྱི་ཕུགས་འདུན་གང་ཉིད་མངོན་འགྱུར་བྱུང་བ་ལ། ཕྱི་ལུས་པོ་ཡི་འབད་འབུངས་བྱ་བའི་དངོས་སྦྱོར་དེ་ལའོ། ། གློག་བརྙན་དུ་ཨ་ཕ་གང་དེས་བུ་མོ་གཉིས་ལ་སྦེ་རྩལ་སློབ་པའི་གོ་རིམ་ཁྲོད། ཉིན་མཚན་གྱི་ཉལ་ལངས་ནམ་དུས་དང་། ལུས་སྦྱོང་གི་དངོས་སྦྱོར་རྣམ་གཞག བཟའ་བཏུང་གི་སྟངས་འཛིན་རྣམ་གསལ་སོགས། གང་དང་གང་ལ་ཡང་རང་ཡན་རྒྱ་ཡན་དུ་མ་བཏང་བར་རྩེ་གཅིག་ཏུ་གཞོལ་བ་ཐམས་ཅད་ལ་གོ་ཆོག འདི་ནི་གཞན་བསྟུན་གཞན་ལམ་ལ་འགྲོ་ལྡོག་བྱ་བ་མ་ཡིན་པས། མང་མང་གི་ཐེ་རྒྱག་དང་བཤད་ཡམས་ནི་ས་ཡི་བུ་ག་བཞིན་ཡིན་པའང་སྨོས་མ་དགོས། ཡང་ན། ཚོགས་བསྟུན་ཚོགས་མཐུན་དང་སྤྱི་བསྟུན་གཞུང་མཐུན་མ་ཡིན་པར། སྒེར་ལམ་སྒེར་སྙེག་དང་རང་ཆོས་རང་འདོན། རང་མགོ་རང་གཉེར་ཡིན་པས། གཞན་གྱི་སྣང་ངོར་དང་མཐོང་ལམ་དུ་ནམ་ཞར་ཁེར་རྐྱང་གི་ཉམས་སྣང་ཅན་དེ་ཡིན་ངེས།
          ག དཀའ་སྦྱོང་།
          རང་ཅག་གི་སྐྱེས་ཆེན་མི་ལ་རས་པའི་རྣམ་མགུར་ལ་མཇལ་ཚེ། འདི་ལྟར་ཡོད་དེ། ཁོང་གི་བླ་མ་མར་པ་ལོ་ཙཱ་བས། ཐོས་པ་དགའ་ལ་དངོས་སུ་ཆོས་ལུང་མ་གནང་གི་གོང་ལ། གསས་མཁར་དང་ཡང་ན་མཆོད་རྟེན་བཞེངས་སུ་བཅུག་པ་རེད། དེ་ལ་མི་སུ་དང་གང་གིས་ཀྱང་རོགས་རམ་དང་། སྟབས་བདེ། ཕན་འདོགས་བྱ་རུ་མ་བཅུག་པར། ཐོས་པ་དགའ་ཁོ་ནས་ས་སྐྱས་རྡོ་སྐྱས་དང་། ཆུ་ལེན་རྡོ་རྩིག་མཐའ་གཅིག་ཏུ་མཛད་དེ་བཞེངས་སུ་བཅུག་པ་རེད། དེར་ཐོས་པ་དགའི་རྒྱབ་ལ་ཆུ་བུར་བྱུང་ནས་སྲ་འབུར་དུ་གྱུར་རུང་། བླ་མ་ནས་ཁ་ཡ་མ་བྱས་པ། ཡང་ཉིན་ཞིག་རོང་སྟོན་ཡིན་ན་སུ་ཞིག་ནས་ཐོས་པ་དགའ་ལ། རྩིག་རྡོ་ཞིག་གིས་ཕན་འདོགས་བྱས་པ་ལ། བླ་མ་གཟིགས་ཞིབ་ཏུ་ཕེབས་ནས་ཕྱག་མཛུབ་མཛད་དེ། ས་ས་མལ། རྡོ་རྡོ་མལ་དུ་རེ་རེ་ནས་ཕྱིར་བསྐྱལ་དུ་བཅུག་པ། དེ་ཐམས་ཅད་ནི་བླ་མ་མར་པས་སློབ་མ་མི་ལ་ལ། དཀའ་སྦྱོང་སྤྲད་པ་འབའ་ཞིག་ཏུ་བལྟས་ཆོག དེ་ནི་ཏག་ཏག་བླ་མ་རང་གི་ཕུགས་འདུན་གཞི་བྱས། སློབ་མའི་མ་འོངས་འབྲས་ལེགས་ཀྱི་ཆེད་དང་། ཡང་ན་རང་ལམ་རང་བསྐྱོད་ལ། སུ་དང་གང་གི་རོགས་རམ་དང་། ཕན་འདོགས། སྙིང་རྗེ། གདུང་སེམས་ཀྱིས་ཅི་ཡང་མི་ཕན་པས་ན། ཨུ་ཚུགས་མཐའ་སྐྱེལ་གྱིས་ལུས་ལ་དཀའ་བ་སྤྱོད་དུ་བཅུག་ཅིང་སེམས་ལ་སྦྱོང་བ་མཛད་དུ་བཅུག་ན། ལུས་སེམས་གཉིས་ཀ་ལ་འཇིགས་མེད་ཀྱི་གོ་ཆ་སྤྲས་དང་སྤྲོ་བཞིན་ཡོད་པར་བལྟས་ཆོག དེ་ནི་ལྕགས་ཀྱི་མི་ལ་ལྕགས་ཀྱི་སྙིང་གི་འཕེར་བཟོ་དོད་ཆེད་དོ། ། དེ་བས། དོན་བྱ་གང་དང་གང་ལ་ཡང་། དཀའ་སྦྱོང་མ་སོང་བ་ཡིན་ན། བདེ་མོ་སྐྱིད་པོ་ངང་འབྲས་བུ་གཡུར་དུ་ཟ་བ་ལེན་འདོད་པ་ནི་རི་བོང་གི་རྭ་དང་མཁའ་ཡི་པདྨོ་བཞིན་ནོ། ། དེར་གློག་བརྙན་རང་དུ་འདི་ལྟར་གསལ་ཏེ། ཕ་གང་དེས་རང་གི་བུ་མོ་གཉིས་ལ་ཆུང་དུས་ནས། ལུས་སྦྱོང་གི་དཀའ་བ་གང་མང་ཞིག་སྤྲད་དེ། བྱིས་པ་རང་བདག་བུ་ཕྲུག་གཞན་དང་ལྷན་དུ་འཛོམས་ཏེ་དགའ་དགོད་རྩེད་གཡེང་ལ་རོལ་འདོད་པའི་དུས་ཚོད་མ་གནང་བར། དུས་བཅད་འཆར་གཞི་ལྟར་དུ། ནངས་སྔ་མོ་སྔ་སེ་ལངས་ཏེ་ཞིང་བར་དུ་རྒྱུག་ཤར་བྱ་རུ་བཅུག་པ། ཡང་རྡོ་ཐེམ་ལ་ཡར་འཛེག་མར་འབབ་བྱ་རུ་བཅུག་པ། ཆུ་ལ་མཆོང་དུ་བཅུག་པ་སོགས་དཀའ་སྡུག་གང་འཚམ་སྤྲད་པ་ལྟ་བུའོ། ། འདི་ལྟར། རང་འཇོན་རང་རྩལ་གང་དེ་འབུར་དུ་ཐོན་ཆེད། རྨང་གཞི་བརྟན་པོ་ཡོང་རྒྱུ་ནི་རབ་ཏུ་འགངས་ཆེན་ཡིན་པས། ཐོག་མའི་གྲ་སྒྲིག་གི་སྒང་ལ། འཁྲིད་མཁན་གྱི་ངོས་ནས་སྙིང་རྗེ་དང་ཤ་ཚ། ཡ་ང་། བག་འཁུམ་གང་ཡང་བརྟེན་མི་རུང་བ་རེད། ཡང་སློབ་མཁན་གྱི་ངོས་ནས། ཐམས་ཅད་ཀྱི་རྩ་བ་ནི་རང་བློ་རང་ལུས་ཀྱི་རང་བརྟེན་རང་གཞོལ་ལ་འབད་པ་ལས། གང་གིས་ཅང་རྔོ་མི་ཐོགས་པར་འདུ་ཤེས་རྙེད་ཆེད། དཀའ་སྦྱོང་ཚད་མེད་ལ་སྦྱོར་བ་རེད།
          གཉིས། བརྟག་ངེས་བྱ་དགོས་པ་གསུམ།
          བོད་སྔ་རབས་ཀྱི་བསྟན་བཅོས་ལ་མཇལ་ན། འདི་ལྟར་སྣང་སྟེ། སློབ་མ་སུ་ཞིག་གིས་བླ་མ་གང་ཞིག་བསྟེན་པ་ལ། ཐོག་མར་བླ་མ་བརྟག་པ་སྔོན་དུ་འགྲོ་དགོས་པར་གསུངས། ཡང་བླ་མ་སུ་ཞིག་གིས་སློབ་མ་གང་ཞིག་བསྡུ་བ་ལ། ཐོག་མར་སློབ་མ་བརྟག་པ་སྔོན་དུ་འགྲོ་དགོས་པར་གསུངས་པ་རེད། དེ་ལྟར། བླ་སློབ་དང་དཔོན་སློབ་གཉིས་ཀས་སུ་ཞིག་གང་དེ་ལ་འབྲེལ་བ་ཆེན་པོ་མ་བྱུང་བའི་ཡར་སྔོན་དུ། ཕན་ཚུན་ལ་རབ་ཏུ་བརྟག་དགོས་པར་དགོངས་པ་རེད། དེ་ནི་གཞན་གང་དང་གང་གི་ཆེད་དུ་ཡང་མ་ཡིན་པར། བསྟེན་འགྱུར་གྱི་བླ་མ་གང་དེ་ལ་སློབ་མ་རང་ཉིད་འདྲེན་པའི་ཡོན་ཏན་གྱི་ཆེ་བ་ཚང་མིན་དང་། སློབ་ཕྲུག་གི་སྐྱོང་ལུགས། དཔེ་ཁྲིད་ཀྱི་ཁྱད་ཆོས་སོགས་ཏེ་སྐུ་གསུང་ཐུགས་གསུམ་ལ་སློབ་མ་རང་ངོས་ནས་མིག་བཤེར་སེམས་རྟོག་བྱ་དགོས་པར་བསྟན་པ་རེད། དེ་བཞིན་དུ། བསྡུ་འགྱུར་གྱི་སློབ་མ་གང་དེ་ལ་བླ་མ་རང་ཉིད་ཀྱིས་ཀྱང་གཟིགས་རྟོག་ཐུགས་དགོངས་མཛད་དགོས་ཏེ། སློབ་ཕྲུག་གང་དེའི་འཇོན་ཐང་དང་ནུས་རྩལ་གཞི་བྱས་ཏེ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཚུན་ཆད་ལ་བརྟག་དགོས་པ་རེད། དེར་སློབ་མས་ནི་བླ་མའི་ཡོན་ཏན་གྱི་ཆེ་བའམ་འཇོན་ཐང་ནུས་རྩལ་ལ་རྟོགས་ཤེས་བྱ་རྒྱུ་དང་། བླ་མས་ནི་སློབ་མའི་ཁྱད་ཆོས་ཏེ་ཐུན་མིན་གྱི་འཇོན་རྩལ་རྙེད་རྒྱུ་རབ་ཏུ་གལ་ཆེ།
          ཀ ལྷན་སྐྱེས།
          འདིར་མིང་གི་གདགས་ཚུལ་གྱི་ཐ་སྙད་མི་འདྲ་ཡང་། དོན་གྱི་གོ་བའི་བསྟན་བྱ་གཅིག་ཏུ་འགྲོ་བ་ལྟར་ན། འཇོན་ཐང་ཟེར་ན། ནུས་རྩལ་ཟེར་ན། ལྷན་སྐྱེས་ཟེར་ན། དེ་ནི་མི་ལ་ལྷན་སྐྱེས་རང་གྲུབ་ཡིན་ནམ་སྦྱར་བྱུང་རྗེས་གྲུབ་ཡིན་ཟེར་ན། ཏག་ཏག་ལྷན་སྐྱེས་རང་གྲུབ་ཏུ་བསམ་ན་འགྲིག་སྙམ། གལ་ཏེ་ལྷན་སྐྱེས་མ་བཙལ་བ་དང་། མ་རྙེད་པ། ངོས་ཟིན་མ་འཐོབ་པ་ཡིན་ན། འབད་པ་ཐམས་ཅད་རྡོ་ལ་ཆུ་བྲན་ལྟར་དུ་ཆུད་ཟོས་སུ་མི་འགྲོ་བའི་ངེས་པ་རྦད་དེ་མེད། དེའི་ཕྱིར། མི་ལ་སློབ་གསོ་སྤྲོད་དགོས་པའི་དོན་སྙིང་རབ་ཏུ་ཆེ་བ་རེད།  སློབ་གསོའི་ཐོག་མའི་འགན་ཁུར་དང་རྟེན་གཞི་ནི་མི་སོ་སོའི་ལྷན་སྐྱེས་རྙེད་རྒྱུ་དང་། དེ་རྙེད་རྗེས་གང་ལ་གང་འཚམ་དང་། དེ་ལ་དེ་འཚམ་གྱི་བསམ་ཕྱོགས་ཀྱིས། ཡང་དག་པ་དང་རྔོ་ཐོགས་པ། བཅོས་མ་མིན་པར་གསོ་སྐྱོང་བྱ་རྒྱུ་ལ་འབད་པ་དེའོ། །
          འདི་ལ་བོད་མི་རང་བཞིན་པའི་སྐད་དུ། སྐྱེ་བ་སྔོན་མའི་བག་ཆགས་ལ་འགྲེལ་བཞིན་པ་དེ་དང་མཐུན་སྣང་ཤར། དཔེར་ན། ཉེ་རབས་ཀྱི་ལྷ་རམས་འཕར་མ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སྐུ་ན་ཆུང་དུས། ནངས་མོ་གཅིག་ལ་པོ་ཏི་མདའ་ཚད་མ་བློར་འཛིན་ཐུབ་པར་ལབ་པའི་བཤད་སྒྲོས་དང་། མཁས་དབང་དགེ་འདུན་ཆོས་འདུན་ཆོས་འཕེལ་སྐུ་ན་ཕྲ་དུས་ཀྱང་པོ་ཏི་མདའ་ཚད་མ་བློར་སྐྱོར་ཐུབ་པར་བཤད་པ། ཡང་ན། བོད་ཀྱི་བླ་ཆེན་དག་གི་རྣམ་ཐར་དུ། ཆུང་དུས་ནས་ཁ་ཏོན་འདོན་པའི་བཟོ་སྟོན་ཚུལ་དང་། ཆོས་ཚིག་མང་པོ་ངག་ནས་འཛད་མེད་དུ་ཐོན་ཚུལ་བཤད་པ་སོགས་ནི། མདོར་དེད་ན། གང་དེའི་ལྷན་སྐྱེས་བཤད་ཀྱིན་ཡོད་ལོས་ཆེ། དེ་ནི་མ་གཞི་གདོད་མ་རང་བཞིན་ལྷན་སྐྱེས་སུ་རང་རྒྱུད་དུ་གྲུབ་པ་ལུས་ངག་གི་རྣམ་རོལ་ཏུ་བྱོན་པས་སོ། །
          དེར་གློག་བརྙན་རང་དུ། ཨ་ཕ་གང་དེས་རང་གི་བུ་མོ་གཅེན་གཅུང་གཉིས་ཀྱིས། ཁྱིམ་མཚེས་ཀྱི་བུ་ཕོ་ཕུ་ནུ་གཉིས་ལ་ཡ་ལན་སྤྲད་དེ། ཕ་རོལ་དེ་གཉིས་བག་འཁུམ་ངོ་བསྣར་ལ་བཏང་བ་ཤེས་རྗེས། རང་གི་བུ་མོ་གཉིས་ལ་ཁ་འཛིང་ངོ་སྡིགས་མ་བྱས་པར། སྐབས་ཐོག་གི་ཡ་ལན་སྤྲོད་སྟངས་རེ་རེ་དྲིས་ན། བུ་མོ་གཅེན་གཅུང་གཉིས་ཀྱིས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་ཕ་ཡབ་ལ་རེ་རེ་བཞིན་ངོ་སྤྲོད་པར། ཁོང་གི་སེམས་ཁོངས་ཀྱི་རེ་སྨོན་ལ་ཡང་བསྐྱར་མེ་ཁ་གསོས། དེར་སྦེ་ག་འགྲན་པ་ནི་བུ་ཕོ་ཁོ་ནའི་དོན་དག་ཅིག་མ་ཡིན་པའི་ངེས་ཤེས་རྙེད་ལ། དེ་ནི་རྒྱུད་པ་དང་འབྲེལ་བར་ངོས་ཟིན་ཐོབ། ལྷག་ཏུ། བུ་མོས་ཀྱང་རང་གི་རྒྱུད་འཛིན་བྱ་ཆོག་པར་ཡིད་ཆེས་རྙེད། དེ་ལྟར་དགའ་བ་སྟོང་གིས་ཡིད་སེམས་བརྟས། སེམས་རྩ་དྲོ། ཞེ་རྩ་འབར། བློ་རྩ་རྒྱས། དེར་འདི་དག་ཐམས་ཅད་ཀྱི་རྩ་བ་ནི། བུ་མོ་གཅེན་གཅུང་གཉིས་ཀྱི་ལྷན་སྐྱེས་རྙེད་པས་རེད། དེ་ནི་ད་གཟོད་མི་སྒེར་བ་ཡིན་པའི་དམ་རྟགས་རེད་ལ། མི་སོ་སོ་ལ་རང་རང་གི་འཇོན་ཐང་ཡོད་པ་དང་། ནུས་རྩལ་བདོག་པ།  ཁྱད་ཆོས་ལྡན་པའི་གཞི་འཛིན་ཡིན་ན་འགྲིག དེ་ནི་ད་གཟོད་གཅེས་ལོ་དག་ལ་རང་རྟོན་འཁྲུངས་པའི་གཞི་མ་ཡིན་ན་འགྲིག རང་རྟོན་དེ་ཡང་ལྷན་སྐྱེས་རྙེད་པའི་སྟེང་གི་སྤྲོ་སྣང་འཕྱུར་བྱེད་ཀྱི་འབྱུང་ཁུངས་ཡིན་ན་འགྲིག
          དེ་དག་ལས་ལྡོག་ན། ལམ་ལོག་ལམ་འཛོལ་གྱི་དཀྱུས་ལ་ཞུགས་དང་འཇུག་བཞིན་པ་ནི། ཐམས་ཅད་ཀྱིས་དེ་ལྟར་ལས་ཟེར་བ་དང་། ཚང་མ་དེ་ལ་ཕྱོགས་ཀྱིན་འདུག ཡོད་ཚད་དེ་ལྟར་ཡིན་ཟེར་བའི་ལབ་སྒྲོས་ཀྱིས་བཅིངས་པའི་འགྲོ་རྒྱུག་ཁོ་ན་ལ་བསྙེག་པ་སྟེ། རྒྱ་ནག་གི་སློབ་གསོ་ལྟ་བུའོ། ། དེར་ཕ་མས་རང་གི་གཅེས་ལོའི་ལྷན་སྐྱེས་ལ་དང་དོད་མཉམ་འཇོག་མི་བྱེད་པར། གཞན་ཟེར་གཞན་རྗེས་ལ་འདུར་བ། ལྷག་ཏུ་སྐབས་ཐོག་གི་དར་སྒོ་ཆེ་བ་གང་དེས་བྱིས་པའི་མ་འོངས་པ་ཐག་གཅོད་པ། དེ་ལས་ཀྱང་ཕ་མ་རང་གི་ཕུགས་འདུན་གཙོ་བོར་བཟུང་ནས། བུ་ཕྲུག་གི་འཇོན་ནུས་དང་ལྷན་སྐྱེས་ལ་ཁ་ཡ་མི་བྱེད་པ་རེད། དེ་ལྟར། བྱིས་པ་དག་ལ་ཡོད་དགོས་པའི་སྒེར་གཤིས་རྒོད་གཤིས་གྲུབ་མ་ཐུབ་པར། མེད་ན་ཆོག་པའི་གཞུང་གཤིས་གཡུང་གཤིས་དར་བ་རེད།
          ཁ། ཁྱད་འཕགས།
          ཕ་མ་སུ་དང་གང་གིས་རང་གི་བུ་ཕྲུག་གི་ལྷན་སྐྱེས་རྙེད་ན་བསམ་མོད། དེ་རྙེད་རྒྱུ་དང་། དེ་ལ་ངོས་ཟིན་རྒྱུ་ནི་ལས་སླ་མོ་ཞིག་རྩ་བ་ནས་མ་ཡིན། གལ་ཏེ་ཕ་མ་ལ་ཤེས་བྱ་ཡོན་ཏན་ལ་སོགས་པའི་མཐུན་རྐྱེན་ངེས་ཅན་ཚང་བའི་སྒོ་ནས་བུ་ཕྲུག་རང་སྙོར་བྱས་ན། རྙེད་སླ་ཡང་སྲིད། རྒྱུ་མཚན། ལྷན་སྐྱེས་དེ་ནི་ཕ་མ་རང་གི་འདོད་འདུན་གྱི་བཙན་དང་དྲག་གི་དབང་གིས་མི་འོང་བར། བུ་ཕྲུག་རང་གི་རྒྱུན་ལྡན་གྱི་བཅོས་མིན་རྫུས་མིན་དང་རང་བཞིན་ངང་འབྱུང་། ལྷོད་བབས་བག་ཡངས་ཀྱི་སྒོ་ལ་འབྱུང་ངེས་པས་སོ། ། འདི་ལ་ཕ་མ་གང་དེ་ངེས་པར་བུ་ཕྲུག་དང་ལྷན་འགྲོགས་ཡིན་དགོས། དེ་ལས་ཀྱང་ཕ་མ་གང་དེས་རང་གི་བུ་ཕྲུག་གི་རྒྱུན་ལྡན་གྱི་བསམ་ལུགས་ལས་ལུགས་བཤད་ལུགས་ལ་ཉམས་ཞིབ་བྱ་དགོས། དེ་ལྟར་ན། ཕ་མ་དག་གིས་རང་གི་བུ་ཕྲུག་གི་ལྷན་སྐྱེས་དང་འཇོན་ཐང་དང་ཁྱད་ཆོས་སྔ་མོ་ནས་རྙེད་པར་འདོད། གལ་ཏེ་སྔ་མོ་ནས་རྙེད་དེ། གང་ལ་དེ་འཚམ་གྱི་མཐུན་རྐྱེན་སྦྱར་ན། རང་འཇོན་ལྷན་སྐྱེས་ཀྱི་ཁྱད་འཕགས་ངང་གིས་ཐོན་ཐུབ། གལ་ཏེ་མི་ཚེ་གང་པོར་མ་རྙེད་པ་ཡིན་ན། མིའི་ཐུན་མིན་ཁྱད་འཕགས་གང་དེ་མངོན་མིན་སྦས་རུལ་དུ་འགྲོ་བ་ཁོ་ནའོ། ། རྒྱུ་མཚན། ཕ་མ་ལ་ནམ་ཡང་རང་གི་བུ་ཕྲུག་ལས་སློབ་བུ་གཞན་དག་མང་པོ་མེད་པས་སོ། །
          ཡང་དེར་མཐུན་གྱིས། དུས་ད་ལྟར་དགེ་རྒན་ཞིག་ལ་མཚོན་ན། སློབ་ཕྲུག་གི་ལྷན་སྐྱེས་རྙེད་ནས་གང་ལ་དེ་འཚམ་བྱ་དགོས་པ་ནི། ཚང་མས་ཤེས་ཀྱང་ཤེས་ལ་བཤད་ཀྱང་བཤད་པའི་ལེགས་བཤད་ཅིག་རེད་མོད། ཡིན་ཡང་སློབ་མ་རེ་རེའི་ལྷན་སྐྱེས་རྙེད་མཁན་གྱི་དགེ་རྒན་ནི་བརྒྱ་མཐའ་ཙམ་རེད། རྒྱུ་མཚན། གཅིག་ཏུ་སློབ་གྲྭ་མང་ཆེ་བ་ནི་གཞུང་གཉེར་ཡིན་པས་སློབ་མ་མང་བའི་མང་སྐྱོན་ཆེ་བ། གཉིས་སུ་རྒྱུགས་སྐར་ཚད་ཤིང་དུ་འཁྱེར་བ་ཐལ་དྲགས་པས་ཐམས་ཅད་རྒྱུགས་ཤོག་སྒྲོམ་གཞི་ལ་བསྟུན་རྒྱུ་མང་དྲགས་པ། གསུམ་དུ་སློབ་གསོས་མིག་མདུན་ཁེ་ཕན་གཉེར་རྒྱུ་ཐལ་དྲགས་པ། བཞི་རུ་དགེ་རྒན་ལ་སློབ་མ་རེ་རེ་ལ་ངོ་འདྲིས་རྒྱུས་ལོན་བྱ་བའི་ཁོམ་ལོང་མེད་པ་སོགས། གང་དང་གང་གིས་ཀྱང་སློབ་མ་རེ་རེའི་རང་འཇོན་ནུས་རྩལ་ཐུན་མིན་ལ་རྒྱུས་ལོན་དཔྱིས་ཕྱིན་པ་བགྱིས་ཐོག གང་དེའི་ཁྱད་འཕགས་དམིགས་སུ་འཕེར་བར་བྱ་རྒྱུ་ནི་རབ་ཏུ་དཀའ་འོ། །
          དེར་སློབ་མ་རེ་རེའི་རང་འཇོན་ནུས་རྩལ་ཐུན་མིན་ལ། ངོས་ཟིན་ཡང་དག་དང་། རྒྱུས་ལོན་གནད་སྨིན་གྱི་གོ་རྟོགས་རྙེད་དགོས་ན། ཏག་ཏག་དགེ་རྒན་གཅིག་སློབ་གཅིག་གི་ལམ་བུ་ནི་མ་བགྲོད་ཐབས་མེད་ཀྱི་བགྲོད་ལམ་ཡིན་པར་འདོད། དེར་བོད་རང་གི་སྔ་རབས་ཀྱི་བླ་མ་བླ་ཆེན་དག་གི་རྣམ་ཐར་ལ་མཇལ་ན་ཤེས་ནུས་ཏེ། བླ་མ་རེ་ལ་ཡོངས་འཛིན་རེ་ཡོད་པས། ཡོངས་འཛིན་དང་བླ་མ་གང་དེའི་དབར་དུ་དཔོན་སློབ་ཀྱི་འབྲེལ་བ་གྲུབ་པ་དང་། ནམ་ཞར་མ་བུ་བཞིན་དང་ཕ་བུ་བཞིན་དུ་འགྲོགས་ཡོད་པས། ཡབ་སྲས་ཀྱི་འབོད་མིང་དོན་མཐུན་དེ་སྦྱར་བ་རེད་འདོད། དེ་ལ་ཡོངས་འཛིན་གྱིས་ཉིན་མཚན་དུས་དྲུག་ཏུ། བླ་མ་སློབ་མ་རུ་གྱུར་པ་གང་དེའི་སྐུ་གསུང་ཐུགས་གསུམ་གྱི་ཁྱད་འཕགས་ལ་གཟིགས་རྟོག་ཐུགས་བཞེས་མཛད་ཀྱིན་འདུག་པས། བླ་མ་སློབ་མ་དེ་ལ་ཐུན་མིན་གྱི་རང་འཇོན་རྩལ་དུ་འདོན་པའི་ཁྱད་འཕགས་ཀྱི་ཡོན་ཏན་མི་མངོན་པ་ག་ལ་སྲིད། གཏན་ནས་མི་སྲིད་དོ། །
          ཏག་ཏག་དཔོན་གཅིག་སློབ་གཅིག་གི་འབྲེལ་བ་ནི་ནམ་ཞར་ཡབ་སྲས་ཀྱི་འབྲེལ་བ་ཡིན་པས་སོ། །
          དེ་བཞིན་དུ། གློག་བརྙན་རང་དུའང་། ཨ་ཕ་གང་དེས་རང་གི་བུ་མོ་གཅེན་གཅུང་གཉིས་ཀྱི་ལྷན་སྐྱེས་ཧ་གོ་བ་སྐད་ཅིག་མ་ནས་བཟུང་། རང་འཇོན་ལྷན་སྐྱེས་དེ་ལ་ཁྱད་འཕགས་ཀྱི་རང་གཤིས་མངོན་ཆེད། གང་ལ་དེ་འཚམ་གྱི་མཐུན་རྐྱེན་ཐམས་ཅད་འབད་པས་བསྐྲུན་པ་ལྟ་བུའོ། །
          མདོར་ན། ཁྱད་འཕགས་ཏེ་གཞན་དང་མི་འདྲ་བའི་ཐུན་མིན་མངོན་པ་ལ། ཐོག་མར་ལྷན་སྐྱེས་ཀྱི་འཇོན་ཐང་རྙེད་རྒྱུ་གནད་དམ་པའོ། །
          ག  སེམས་ཁམས།
          གལ་ཏེ་ཕ་མ་སོ་སོས་རང་གི་བུ་ཕྲུག་གི་ལྷན་སྐྱེས་འཇོན་ཐང་ནི་རྙེད། དེར་གང་ལ་དེ་འཚམ་གྱི་སློབ་གཉེར་མཐུན་རྐྱེན་སྦྱར་ཏེ། འཇོན་ཐང་གི་མངོན་མིན་བག་ནུས་རྩལ་དུ་གདོན་ཐུབ་པར་ནི་བྱས། ཡང་འགྲན་སྡུར་རབ་དང་རིམ་པ་ལ་ཞུགས་ཏེ། རྒྱལ་ཁ་ནི་བླངས་ཀྱང་། ཁ་དཔེར། སྟག་གི་གཉའ་ན་སྒང་། སྒང་གི་གཉའ་ན་གངས་ཟེར་བའི་དཔེ་བཞིན་གང་ལས་གང་འཕགས་ནི་རབ་ཏུ་མང་ན། མཐའ་མཇུག་གི་རྒྱལ་ཕན་རྩོད་པ་ལ། ལུས་པོའི་བྱང་རྩལ་གྱི་མངོན་འཕགས་མ་ཡིན་པར། སེམས་ཁམས་ཀྱི་མངོན་འཕགས་ཡིན་ནོ། ། འདི་ལ་འདི་ལྟར་བཤད་དེ། གློག་བརྙན་དུ། ཨ་ཕ་གང་དེས། སྦེ་ག་འགྲན་མི་གཞན་གྱི་ལུས་པོའི་བྱང་རྩལ་གྱི་ཁྱད་འཕགས་ཧ་གོ་ཡོད་པར་མ་ཟད། ངོ་གདོང་གི་རྣམ་འགྱུར་དང་འགྲན་སྟངས་ཀྱི་ཉམས་འགྱུར་ལ་བརྟགས་ནས་ཕ་རོལ་གང་དེའི་སེམས་ཁམས་རྟོགས་ཡོད་པ་ལྟ་བུའོ། ། གལ་ཏེ། ལུས་པོའི་བྱང་རྩལ་ཨ་ན་མ་ན་གཉིས་གདོང་ཐུག་ན། གཙོ་བོར་རང་དང་གཞན་གྱི་གཅིག་ཚབ་གཅིག་གིས་མི་བཏུབ་པའི་སོ་སོའི་འགྲན་རྩལ་ཧ་གོ་བ་ནི་གནད་དུ་ཆེ། དཔེར་ན། ཕ་རོལ་བ་དེ་འགོག་རྒོལ་ལ་མཁས་ན། རང་གིས་ཕར་རྒོལ་བྱ་དགོས་པ་དང་། ཡང་ཕ་རོལ་བ་དེ་ཕར་རྒོལ་ལ་བྱང་ན། རང་གིས་འགོག་རྒོལ་གྱིས་གདོང་ལེན་བྱ་བ། ཡང་ཕར་རྒོལ་དང་འགོག་རྒོལ་གཉིས་ཀ་གཅིག་མཚུངས་ཡིན་དུས། ངང་སྲིང་བྱ་བ་དེ་ནི་ཡིད་སེམས་ཀྱི་མཛངས་ཡོན་ལ་ཐུག་ཡོད་པར་འདོད། ཡང་ན་རང་སེམས་ལྷོད་ལ་འབབ་རྒྱུ་དང་གཞན་སེམས་འཚུབ་ལ་བསྐུར་བའི་འགྲན་རྩལ་རྫུས་བག་ཅན་མངོན་བསྟར་བྱས་ཏེ། མཐའ་མཇུག་གོ་སྐབས་དམ་འཛིན་བགྱིས་ན། ཕུགས་འདུན་འགྲུབ་པའི་འབྲས་བུ་གཡུར་ཟ་སྨིན་པར་སློབ་པ་ལྟ་བུའོ། ། གང་ལྟར། ནམ་ཡང་གཞན་རྟེན་བྱ་བ་ནི་ཕམ་རྒྱུ་ལས་རྒྱལ་རྒྱུ་མ་ཡིན་པར་གདམས་པ་ལྟ་བུའོ། ། དེ་ལྟར། ཨ་ཅེས་འཛམ་གླིང་རིམ་པའི་སྦེ་འགྲན་ལ་གསེར་གྱི་རྟགས་མ་སྟེ། ཕ་བུ་གཉིས་ཀའི་རེ་འདུན་མངོན་འགྱུར་བྱུང་བ་རེད།
          དེ་བས། ལུས་པོའི་བྱང་རྩལ་ནི་སླ་ཡི། སེམས་ཀྱི་བྱང་རྩལ་སྦྱང་བ་ནི་སླ་བ་མ་ཡིན་ནོ། ། དེར་འགྲན་རིམ་མཐོན་པོ་ལ་ཞུགས་པ་ནི་ནམ་ཡང་ལུས་རྩལ་ཁོ་ནའི་དོན་དག་ཅིག་མ་ཡིན་པར། སེམས་རྩལ་གྱི་མཛངས་ཡོན་མངོན་མིན་གྱིས་མཇུག་འབྲས་ཐག་བཅད་ཡོད་པ་རེད།
          གསུམ། འཛེམ་མི་ཉན་པ་གསུམ།
          ལར་མི་སུ་དང་སུ་ཡིན་རུང་། འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད། རང་གི་དོན་དག་རང་གིས་མྱངས་དང་མྱོང་བཞིན་པའི་སྒོ་ནས་རང་དབང་གིས་ཐག་གཅོད་དང་གདམ་གསེས་བྱས་ན་འགྲིག་མོད། སྐབས་སྐབས་སུ། གནས་ཡུལ་ངེས་ཅན་དུ། རང་དོན་རང་ལ་མི་དབང་བར། གཞན་མི་དང་གཞན་དབང་གིས་གདམ་གསེས་དང་ཐག་གཅོད་བྱས་དང་བྱ་ངེས་པ་རེད། དེ་ནི་མི་སྒེར་བ་ཁ་དར་བའི་རང་དབང་གི་སྤྱི་ཚོགས་ཁོར་ཡུག་ཁྲོད་མ་ཡིན་པར། གཞུང་བསྟུན་གཞུང་འབྲེལ་གཙོ་བའི་གཞན་དབང་གི་ཚོགས་སྤྱི་ལ་ཁ་དར་བ་རེད། དེར་མི་ཚང་མས་ལག་འགུལ་དངོས་སྦྱོར་གྱི་ལག་ལེན་བསྟར་མི་དགོས་ཏེ། ཁ་ནས་བཤད་ཙམ་དང་ངག་ནས་ཐོལ་ཙམ་གྱིས་ཆོག་པ་རེད། དེ་ལ་མྱི་ཁ་ཟེར། གལ་ཏེ། མི་གང་རུང་ཞིག་ལ། མྱི་ཁ་འཁོར་སོང་ན། ཚང་མས་མགྲིན་གཅིག་ཏུ་ཟུར་ཟ་དང་མཚང་འདྲི། འཕྱ་དམོད། སྡིགས་དམོད་སོགས་ཅི་བྱུང་གང་ཐོན་དུ་བྱ་ངེས་པ་རེད། འདི་ནི་མི་ཚང་མ་ཨ་མཉམ་ཆ་མཉམ་དུ་བཞེངས་འདོད་ཀྱི་ཆ་སྙོམས་ཀུན་སྙོམས་ཀྱི་ཁོར་ཡུག་ཏུ་ཧ་ཅང་ཁ་དར་བ་རེད། རྒྱུ་མཚན། མི་སུས་ཀྱང་གཞན་དང་མ་འདྲ་བའི་ཐུན་མིན་ཁྱད་གཤིས་མངོན་མི་ཆོག་པར་ཐུན་མོང་སྤྱི་གཤིས་མངོན་དགོས་པས་སོ། ། ཡང་ན། ཚང་མ་གཡུང་མོ་ལུག་ལྟར་དུ་བཀོད་སྒྲིག་དང་སྙོམས་གཅུན་གྱི་དྲ་གཟེད་ལ་བཅུག་དང་འཇུག་བཞིན་པས་སོ། །
          དེའི་ཐབས་ཤེས་ནི་གཞན་གང་དང་གང་ཡང་མ་ཡིན་པར།མྱི་ཁ་ཁོ་ནའོ། ། ཡིན་ཡང་། རང་གཤིས་རྩལ་དུ་འདོན་པའི་མི་བུ་ཞིག་ཡིན་ན། མྱི་ཁ་དེ་ལྟ་བུ་ལ་རྩ་བ་ནས་སེམས་གཏོད་མི་རུང་། རང་གིས་རང་གི་འཆར་གཞི་དང་རྟོག་ཞིབ་ལྟར། ལྷན་སྐྱེས་ཀྱི་རང་ཆོས་རང་རྩལ་རང་འཇོན་ཁྱད་དུ་འཕགས་པར་མངོན་ཕྱིར། དཔའ་བོ་ཁེར་རྒྱུག་དང་རང་ལམ་ཁེར་བསྙེག་གི་ཁེར་རྐྱང་ལ་ནམ་ཡང་ཡིད་སེམས་འདྲོང་དགོས། ཡང་ན། ཁེར་རྐྱང་ནི་དཔའ་བོའི་མ་བགྲོད་ཐབས་མེད་ཀྱི་འཇུག་ལམ་ཡིན་པ་དང་། སྐྱེས་ཆེན་ནམ་ཡང་ཁེར་རྐྱང་ཡིན་པའི་གདེང་རྙེད་དགོས།
          ཀ མྱི་ཁ།
          ཁ་དཔེར། མཚོན་གྱི་རྨ་ཁ་གསོ་བ་སླ་ཡི། ། ཚིག་གི་རྨ་ཁ་གསོ་བ་དཀའ་འོ། ། ཟེར་བ་ལྟར། མདའ་མཚོན་གྱིས་ནི་ཕྱི་ལུས་ལ་རྨ་ཁ་ཙམ་བཏོད་པ་ལས་མི་ནུས་ཀྱི། ཚིག་མཚོན་གྱིས་མི་སྙིང་དུམ་བུར་གཏོང་ཞིང་མི་སེམས་ལ་རྦ་རླབས་འཕྱུར་དུ་འཇུག་ཐུབ་པ་རེད། དེ་ནི་གཞན་གང་དང་གང་ཡང་མ་ཡིན་པར། མྱི་ཁ་ཟེར་བ་དེའོ། ། མྱི་ཁས་མི་ཞིག་གི་མགོ་བོ་མནན་ཏེ་རྡོག་པས་བརྫི་ཐུབ། མྱི་ཁས་མི་ཞིག་གི་རྒོད་གཤིས་བཏུལ་ཏེ་གཡུང་ལ་འགུག་ཐུབ། མྱི་ཁས་མི་ཞིག་གི་རང་འཇོན་དོར་ཏེ་གཞན་རྟེན་བསྙེག་པར་བྱ་ཐུབ། མྱི་ཁས་མི་ཞིག་གི་རང་གཤིས་བཅོམ་སྟེ་སྤྱི་གཤིས་མངོན་དུ་འཇུག་ཐུབ་ངེས། ཡིན་ཡང་། མི་ཞིག་ལ། གལ་ཏེ་གདེང་སྤོབས་ཀྱིས་བརྟས་ཤིང་ལྕགས་ཀྱི་སྙིང་ཁམས་མངའ་ཚེ། མྱི་ཁ་ནི་རྩྭ་ཡན་དང་འདྲ་བར་རྔོ་ཅི་ཡང་མི་ཐོགས། དཔེར་ན། གློག་བརྙན་ནང་དུ། ཨ་ཕ་དེས་རང་གི་བུ་མོ་གཅེན་གཅུང་གཉིས་ཀྱི་ལྷན་སྐྱེས་འཇོན་ཐང་རྙེད་པ་ནས་བཟུང་། སྡེ་མིའི་མྱི་ཁ་སྟེ། སྦེ་ག་འགྲན་པ་ནི་བུ་ཕོ་ལས་མ་བུ་མོ་ཞིག་གི་ལས་ཀ་ཡིན་ནི་མ་རེད་ལྟ་བུ། ཡང་སྦེ་ག་སྦྱང་ཆེད་བུ་མོ་གཉིས་ཀྱི་རལ་པ་བྲེགས་ཏེ། ཕོ་ཚུགས་བཏོད་པ་ལ་གཞན་ཚོས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་པ་ལྟ་བུ། གང་ལྟར། ཨ་ཕ་དེས་རང་གི་བུ་མོ་གཅེན་གཅུང་གཉིས་ཀྱི་ལྷན་སྐྱེས་འཇོན་རྩལ་རྙེད་པ་ནས་བཟུང་། མྱི་ཁ་ཐམས་ཅད་ནི་གཉིད་གུང་གི་གཡག་དང་ཆང་འཐུང་གི་གཏམ་ལ་བརྩིས་ཏེ་གོ་ཐང་མ་སྤྲད་ལ། སུ་དང་གང་གི་མྱི་ཁས་ཀྱང་ཁོང་གི་ཕུགས་འདུན་སྒུལ་མ་ཐུབ་པ་ནི། ལྷན་སྐྱེས་རྙེད་པས་གཞི་བཟུང་། ཁྱད་འཕགས་ཀྱི་སྲ་བརྟན། སེམས་ཁམས་ཀྱི་འཕེར་ཤ་དོད་ཡོད་པས་སོ། ། དེ་ལྟར་འཆར་ཅན་དང་གྲ་སྒྲིག  དམིགས་འདུན། བློ་གདེང་། དཀའ་སྦྱོང་སོགས་ཀྱི་མཐུན་རྐྱེན་ཚང་བས་ཀྱང་རེད་དོ། །
          ཁ། ཟུར་ཟ།
          མྱི་ཁ་འཁོར་བ་ནི་ཟུར་ཟ་ཡིན་ལ། ཕྲག་དོག་ཡིན། འཕྱ་དམོད་ཡིན་ལ། ཁོག་ངནའང་ཡིན། གང་ལྟར། ཟུར་ཟ་ནི་གལ་ཏེ་གོ་ཤེས་ན། རང་ཉིད་ཀྱི་འཕེལ་རྒྱས་ལ་སྨན་པའི་སྙིང་ཕུར་དུ་འགྲོ་ངེས། གལ་ཏེ་གོ་མ་ཤེས་ན། རང་དམོད་རང་ཕམ་གྱི་རྐྱེན་གྲོགས་སུ་གྱུར་ཏེ་གང་ལ་ཡང་དགེ་མི་ཐོན་པའི་གཟུགས་མེད་བགེགས་རྐྱེན་དུ་འགྲོ་ངེས། དེ་བས། སེམས་ཁམས་མ་བཟང་ན། ཟུར་ཟས་མི་ཕམ་པར་བྱ་སྲིད། སེམས་ཁམས་བཟང་ན། ཅི་ཡང་མ་ཡིན་ནོ། ། དེར་གློག་བརྙན་དུ། སྡེ་མི་དང་གྲོགས་པོ་ལ་སོགས་ཀྱི་ཟུར་ཟའི་ཚིག་ཧ་ཅང་མང་སྟེ། དཔེར་ན། ཨ་ཕ་དེས་བུ་མོ་གཅེན་གཅུང་གཉིས་ཀྱི་སྐྲ་ལོ་ཕོ་ཚུགས་སུ་བཏོད་པ་ལ། རིག་རིག་ཐུག་ཐུག་གིས་ཟུར་ཟ་དང་འཕྱ་དགོད་བྱེད་པ་ལྟ་བུ།
          ག འཕྱ་དམོད།
          འཕྱ་དམོད་དང་ཟུར་ཟ་ནི་མཚམས་ལན་རེར་དོན་གཅིག་ཡིན་ལ། མཚམས་ལན་རེར་ཁ་ཁ་རེད། ཟུར་ཟ་ནི་ཚིག་མཚོན་འདེབས་པ་ཡིན་ལ། འཕྱ་དམོད་ནི་ཚིག་མཚོན་མ་ཡིན། འཕྱ་དམོད་ནི་ངག་འཁྲོལ་དུས་དགོད་པ་དང་འཛུམ་པ་འདྲེས་མར་གྱུར་པའི་འཕྱ་བའི་རྣམ་པ་ཐོན་ལ། ཟུར་ཟ་ལ་འཕྱ་དགོད་ཐོན་པའི་ངེས་པ་མེད། ཟུར་ཟ་ལ་ཚིག་ཕྲེང་གཙོ་ཆེ་སྟེ། དེ་ལ་སྐྱོ་མདོག་དགའ་མདོག་ཁྲོ་མདོག་སོགས་ཉམས་ཅི་རིགས་ཐོན་པར་བྱས་ཆོག་ལ། གང་ཡང་མ་ཐོན་པར་བཏང་སྙོམས་སུ་བཤད་ཀྱང་ཆོག གཙོ་བོར། ཚིག་མདའ་དེ་ཕོག་ན། ཉན་མཁན་དང་བཤད་ཡུལ་ལ། ཉན་རྒྱུ་གོ་རྒྱུ་བསམ་རྒྱུ་ཡོད་པའི་ངག་ཚིག་ཐལ་བ་ཅན་ནོ། ། འཕྱ་དམོད་ནི་བཤད་སྒྲོས་ཚིག་ངོས་ན། མཐའ་གཅིག་ཏུ་དམན་གཅོད་དང་མཐོང་ཆུང་གི་སྒྲ་ལ་དགོད་པ་དང་འཛུམ་པ་བཅུག་པའི་ཆགས་སྡང་མངོན་སུམ་ཅན་ཡིན་པས། ཉན་མཁན་གྱི་ཉེ་འཁོར་ན་སུ་དང་གང་ཡོད་རུང་ཚང་མ་བཞད་གད་ཐེག་གེར་བགད་ཆོག་ལ། འཛུམ་ཁྲིག་གེར་དམུལ་ཆོག ཡང་ན། ཁོང་དགོད་བྱས་ཀྱང་ཆོག དེར་གློག་བརྙན་དུ། ཨ་ཕས་བུ་མོ་ཆེ་བ་ས་གནས་རང་བཞིན་གྱི་སྦེ་འགྲན་ལ་ཞུགས་པར་ཐོ་འགོད་དུ་བཅར་ན། དེར་གནས་པའི་གསར་བུ་དེ་གཉིས་ཀྱི་མཐོང་ཆུང་ཟུར་ཟ་ཡི་ཚིག་ལ་བརྟེན་ནས། དེར་འདུས་ཚང་མ་ཧབ་ཆ་དི་རེར་སོང་བ་ལྟ་བུ། ཡང་ཨ་ཕ་དེས་བུ་མོ་གཉིས་ཀྱི་རལ་པ་བཅད་དེ་མགོ་སྐྲ་ཕོ་ཚུགས་སུ་བཏོད་རྗེས། སྲང་ལ་སོང་ན། དེར་གནས་ཀྱི་ཕ་རྒན་ཞིག་གིས“ཁྱོད་ལ་བུ་ཕོ་གཉིས་སྐྱེས་འདུག”ཅེས་དགོད་འཛུམ་འདྲེས་མའི་ངག་གཏམ་ཤོར་བ་ལྟ་བུ།
          གང་ལྟར། གློག་བརྙན་ནང་ཟུར་ཟ་དང་མཐོང་ཆུང་། འཕྱ་དམོད། ཚིག་རྒྱག ཚིག་མཚོན་སོགས་ཀྱིས་མཚོན་པའི་མྱི་ཁ་ཟ་ཟུར་གང་རུང་ནས་འབུར་དང་འབུར་གྱིན་འདུག ཡིན་ན་ཡང་། ཨ་ཕ་དེས་གང་ལ་ཡང་ཁ་ཡ་མ་བྱས། སེམས་མ་འཁོར། ཡིད་མ་གཏད། བློ་མ་འཆང་བར། རང་གི་འཆར་གཞི་དང་གྲ་སྒྲིག  རིག་གྲིམ། བློ་ཕུགས་ལྟར། འབད་བརྩོན་དང་། ཧུར་བསྐྱེད། བྲོད་སེམས། འཚོལ་རྟོག་སོགས་ཀྱི་མཐུན་སྦྱོར་མཐའ་གཅིག་ཏུ་བྱས་པས། འབྲས་བཟང་རྣམ་པར་སྨིན་པ་རེད།
མཇུག་ཞུ།
          གློག་བརྙན་འདི་ལ། ད་དུང་ངོས་གཞན་དག་ནས་ཀྱང་བལྟས་ཆོག་སྟེ། བུ་མོ་དེ་གཉིས་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད། ཨ་ཕས་ཁོ་གཉིས་ཀྱི་བྱིས་དུས་ཀྱི་རྩེད་མོ་དང་དགའ་སྤྲོ་མང་པོ་ཞིག་བཅོམ་པ་ལ། དེ་ལ་ངོ་ཡ་བྱེད་ཆེད་ཐབས་ཤེས་འདྲ་མིན་འཐེན་པ། ཡང་ན་ཨ་ཕའི་བཀོད་སྒྲིག་ལ་མ་འཐད་པའི་དབང་གིས་སུན་སྣང་གི་གཏམ་དང་བྱ་སྤྱོད་རབ་ཅིག་མངོན་པ་ལྟ་བུ། ལྷག་ཏུ། བུ་མོ་ཆེ་བ་རྒྱལ་ཁབ་རིམ་པའི་ལུས་རྩལ་སློབ་གླིང་ལ་ཞུགས་རྗེས། ལང་ཚོའི་གཟི་དཔལ་རྒྱས་པ་དང་མཉམ་དུ་ང་རྒྱལ(ངན་ཆ་ཅན་ལ་བལྟ་མི་རུང་། གཞོན་ནུ་ལ་རང་བཞིན་གྱིས་ཐོན་ངེས་པའི་ཆེ་མཐོང་ལ་གོ་དགོས)གྱི་མགོ་འཕང་ཇེ་མཐོར་སོང་སྟེ། ཨ་ཕའི་རྩལ་ཁྲིད་ལ་མིན་དགག་གིས་ཕ་བུ་གཉིས་སྦེ་འགྲན་བྱས་པ་ལྟ་བུ། དེར་ན་ཚོད་སྨིན་པ་དང་མཉམ་དུ་གསར་མོ་མཛེས་ངོམ་གྱི་ལང་ཚོའི་སྣང་བ་ལ་རོལ་བར། ལུས་སྦྱང་རྩལ་བྱང་གི་ཆུ་ཚད་ཡར་ཐོན་མ་བྱུང་བར་ཇེ་ཐུ་ཇེ་སྡུག་ཏུ་སོང་བ་ལ། སྦེ་ག་འགྲན་ཐེངས་གཉིས་ལ་ཕམ་ཁ་ཉོས་པ། རྗེས་སུ་ཨ་ཕ་ལ་འགྱོད་བཤགས་ཀྱིས། ཡང་བསྐྱར་ཕ་སྨད་གཉིས་ཀྱིས་དཔོན་སློབ་ཀྱི་གསེར་ཟམ་བཙུགས་པ་བཅས་ཀྱི་གོ་རིམ་ནི་མི་གཤིས་དང་ཧ་ཅང་འཚམ་ལ། དགའ་སྐྱོ་ཆགས་སྡང་ཅན་གྱི་མི་ཞིག་སྐྱོང་བའི་འཚར་ལོངས་ཀྱི་གོ་རིམ་དང་ཧ་ཅང་འཕྲོད་པ་རེད།  ཕ་སྨད་དབར་གྱི་དགེ་སློབ་ཀྱི་གསེར་ཟམ་ཡང་བསྐྱར་བཙུགས་པ་ནས། སློབ་གླིང་དགེ་རྒན་གྱི་སྣེ་སྟོན་མཛུབ་ཁྲིད་དང་ཨ་ཕའི་སློབ་སྟོན་གཉིས་ཁ་ཁར་གྱུར་པ་རེད། དཔེར་ན། སྦེ་འགྲན་དངོས་ཀྱི་སྐབས་སུ། དགེ་རྒན་དེས་འགྲན་ཡ་ལ་ཕར་རྒོལ་བྱོས་ཟེར་ན། ཨ་ཕས་འགོག་རྒོལ་བྱོས་ཟེར་བ་ལྟ་བུ། དགེ་རྒན་གྱིས་འགོག་རྒོལ་བྱོས་ཟེར་དུས། ཨ་ཕས་ཕར་རྒོལ་བྱོས་ཟེར་བ་ལྟ་བུ། ལྷག་ཏུ། མཇུག་མཐའི་འཛམ་གླིང་རིམ་པའི་རྟིང་རྩོད་ལ། ཨ་ཕས་ཐབས་ཤེས་གཞན་གང་དང་གང་ཡང་མ་བཤད་པར། ཁྱོད་ཀྱི་རྒྱལ་ཁ་ནི་གསེར་གྱི་རྟགས་མ་ཁོ་ན་ཙམ་མ་ཡིན་པར། ད་ལ་ཐུག་གི་དབར་གྱི་ཟུར་ཟ་དང་འཕྱ་དགོད། ཚིག་མཚོན། མྱི་ཁ་སོགས་ལས་རྒྱལ་སོང་བ་དང་། དེ་ལས་ཀྱང་བུད་མེད(བུ་མོ་ཆུང་ཆུང་དེ་དག་བསྟན་ནས)ཀྱི་རྒྱལ་ཁ་ཡིན་པར་སེམས་གསོ་དང་། རང་སེམས་རང་གསོ། རང་འཇོན་རང་འདོན། སེམས་རྩ་ཞེ་རྩལ་གདོན་པ་ནི་གནད་ཀྱི་དམ་པ་ཡིན་པར་སྐུལ་བ་ལྟ་བུའོ། །
          མདོར་ན། རྩོམ་འདི་ནི་གློག་བརྙན་དེ་ལ། ཁྱིམ་ཚང་སློབ་གསོ་ཡི་ངོས་ནས་བལྟས་པའི་འཕྲོས་བཤད་ཅིག་ཡིན། དེར་རྩོམ་དངོས་གཞི་ལ། གཅིག དོར་མི་ཉན་པ་སྟེ། དམིགས་ཡུལ། ཨུ་ཚུགས། དཀའ་སྦྱོང་བཅས་གསུམ་ནི་ཕ་མ་ཞིག་ལ་བཏོན་པའི་རེ་བ་ཡིན་ལ། ཕ་མ་གང་དེས་རང་གི་བུ་ཕྲུག་གིས་སློབ་གསོ་སློབ་གཉེར་མྱོང་རིམ་ཁྲོད། ངེས་ཅན་དུ་ལག་ཏུ་བསྟར་དགོས་པར་འདོད། གཉིས། བརྟག་ངེས་བྱ་དགོས་པ་སྟེ། ལྷན་སྐྱེས། ཁྱད་འཕགས། སེམས་ཁམས་བཅས་གསུམ་ནི། ཕ་མས་ནམ་རྒྱུན་རང་གི་བུ་ཕྲུག་གི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་ལ་བརྟག་པའི་ཚེ། གཟབ་བྱ་གཙིགས་བྱ་གཙོ་བ་དག་བཤད་པ་ཡིན་པར། ཕ་མས་བུ་ཕྲུག་གི་སྟེང་གི་ལྷན་སྐྱེས་རྙེད་པར་བྱ་རྒྱུ་ནི་ཐོག་མའི་རྩ་དོན་དང་། དེ་རྙེད་རྗེས་གོང་གི་དོར་མི་ཉན་པ་གསུམ་ལ་བརྟེན་ནས་ཁྱད་འཕགས་མངོན་འགྱུར་འབྱུང་བར་བརྩོན་རྒྱུ། མཐའ་མཇུག་ལུས་པོའི་བྱང་རྩལ་ཁོ་ན་མ་ཡིན་པར། སེམས་ཁམས་ཏེ་ཕ་རོལ་པོ་འགྲན་ཡ་གང་དེའི་གདོང་གི་རྣམ་འགྱུར་དང་འགྲན་རྩལ་ལ་བརྟེན་ནས་གཞན་སེམས་ཀྱི་འགྱུ་བ་ཧ་གོ་བར་བྱ་རྒྱུ། རང་སེམས་ལ་ཡིད་ཆེས་དང་སྤོབས་པ། ངང་རིང་གིས་ཁེངས་པར་བྱ་རྒྱུ་བཅས་ནི་གསང་བའི་འགྲན་ཐབས་ཡིན་པར་ངེས་ཤེས་རྙེད་པར་འབད་པ་དེའོ། ། དེར་ཕ་མ་ངོས་ཀྱི་དོར་མི་ཉན་པ་གསུམ་དང་བུ་ཕྲུག་ངོས་ཀྱི་བརྟག་ངེས་བྱ་དགོས་པ་གསུམ་ལ་མངོན་པར་ཕྱོགས་པའི་གོ་རིམ་ཁྲོད། ཤ་ཉེ་རིང་དང་། བཟང་ས་རྒྱན་ས། སྡེ་མི་གྲོང་མི་སོགས་མི་ཆེ་མ་ཆུང་གསུམ་དང་། འདྲ་མིན་སྣ་ཚོགས་ཀྱི་གཏམ་དགོས་པ་ཡོད་མེད་དང་། ཟུར་ཟ། ཕྲག་དོག སྐྱོ་གཏམ། ཚིག་མཚོན། འཕྱ་དམོད་སོགས་ཀྱིས་མཚོན་པའི་མྱི་ཁ་ཆར་བ་འབབ་འབབ་ཡིན་པ་ལའང་ངེས་ཤེས་རྙེད་དགོས། དེ་ལྟར་ན། ཕ་མ་ཕུལ་བྱུང་ལ་བུ་ཕྲུག་ཕུལ་བྱུང་འབྱུང་བ་ཆོས་ཉིད་ཡིན་ནོ། ། ཡང་ན། བུ་ཕྲུག་གང་དེ་རང་གཞན་ཀུན་ལས་གཟེངས་སུ་ཐོན་ངེས་ཤིང་རྣམ་པར་རྒྱལ་ངེས་པ་ཡང་གདོན་མི་ཟའོ། ། དེ་ནི་ལྷའམ་དཀོན་མཆོག་གམ་མི་མ་ཡིན་པ་གང་རུང་ཞིག་གིས་མགོན་སྐྱོབ་མཛད་པ་མ་ཡིན་པར། རང་གྲུབ་རང་འཇོན་གང་དེ་རང་འདོན་རང་སྤེལ་བྱས་པའི་རང་རྟེན་རང་རྒྱལ་འབའ་ཞིག་གི་གཡུར་ཟའི་འབྲས་བུ་རུ་འཁུམས་ཆོག་ཆོག་ཡིན་ནོ། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716