སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འཛུགས་སྐྲུན་བྱེད་ཚུལ་ལ་དཔྱད་པ།
སྤེལ་དུས། 2017-12-25   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།
          བོད་ཀྱི་སྐད་ཡིག་འཁྲིད་ཐབས་ནི་གཞུང་ལུགས་ཀྱི་ཆ་དང༌། ལག་ལེན་གྱི་ཆ་དང༌། རིག་ཚན་འདྲེས་མའི་ཆ་བཅས་ལས་གྲུབ་པའི་ཕྱོགས་འདུས་ཅན་གྱི་བསླབ་བྱ་ཞིག་རེད། དེ་མཐོ་རིམ་དགེ་འོས་སློབ་གྲྭའི་བོད་ཀྱི་སྐད་ཡིག་ཆེད་གཉེར་བའི་སློབ་མ་དག་གིས་ངེས་པར་དུ་སྦྱང་དགོས་པ་ཞིག་དང༌། སློབ་ཁྲིད་ཀྱི་བགྱི་བ་དོན་དུ་གཉེར་བཞིན་པའི་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་དགེ་རྒན་དག་གིས་ཀྱང་འདི་ལ་བསྟེན་མཁས་ན་ད་གཟོད་སྐད་ཡིག་སློབ་གསོའི་རྒྱུ་སྤུས་ཇེ་མཐོར་འགྲོ་ཐུབ། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་དགེ་འོས་སློབ་ཆེན་དག་གི་སྐད་ཡིག་སློབ་སྐོར(གླིང)སོ་སོས་མི་རིགས་རང་རང་གི་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འཛུགས་སྐྲུན་བྱེད་པར་མཐོང་ཆེན་བྱས་ཏེ་ཆེད་དུ་ཞིབ་འཇུག་ལས་ཁུངས་བཙུགས་པ་དང༌། རིག་གཞུང་དུས་དེབ་འདོན་སྤེལ་བྱེད་པ། རམ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་སོགས་སྐྱེད་སྲིང་བྱས་ཏེ་བསླབ་བྱ་འདི་ཉིད་རིག་ཚན་ཞིག་ཏུ་གྲུབ་དང་འགྲུབ་བཞིན་མཆིས། རང་རེ་བོད་ལ་མཚོན་ན། ད་ལྟ་དགེ་འོས་སློབ་ཆེན་དག་གི་བོད་སྐད་ཡིག་ཆེད་གཉེར་སློབ་སྐོར་དུ་སྐད་ཡིག་འཁྲིད་ཐབས་ཀྱི་མིང་ཙམ་ལས་མི་རིགས་གཞན་པ་ལྟར་རིག་ཚན་གྱི་མ་ལག་འཐུས་ཚང་ཞིག་ཆགས་མ་ཐུབ་པར་གནས། དཔེར་ན། བོད་ལྗོངས་སློབ་ཆེན་དང། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མི་རིགས་དགེ་འོས་སློབ་གླིང་དང༌། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི(སྔོན་གྱི་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭ)བོད་ཡིག་སློབ་སྐོར་དང༌། སི་ཁྲོན་མི་རིགས་སློབ་གླིང(སྔོན་གྱི་དར་རྩེ་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭ་གི་བོད་ཡིག་སློབ་སྐོར་སོགས་སུ་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་བཀོད་སྒྲིག་ཙམ་བྱས་ཡོད་ཀྱང༌། རྒྱལ་ཁབ་ཕྱི་ནང་གི་དར་རྒྱས་ཅུང་ཆེ་བའི་དགེ་འོས་སློབ་ཆེན་དག་གི་བསླབ་བྱ་འཛུགས་སྐྲུན་བྱེད་ཚུལ་དང་བསྡུར་ན་ཁྱད་པར་ཤིན་ཏུ་ཆེ། སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་བསླབ་དེབ་དང་བསླབ་བྱའི་ཚད་གཞི་སོགས་ཀྱང་བསླབ་བྱ་སྒྱུར་བཅོས་ཀྱི་འགྲོས་དང་བསྟུན་ནས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པས། བོད་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱའང་ངེས་པར་དུ་ཡུལ་དུས་དང་བསྟུན་ནས་སྒྱུར་བཅོས་བྱེད་དགོས། དེར་བརྟེན། ང་ཚོས་མི་རིགས་གཞན་གྱི་དགེ་འོས་སློབ་ཆེན་དག་གི་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འཛུགས་སྐྲུན་བྱེད་ཚུལ་གྱི་གྲུབ་འབྲས་ལེགས་པོ་དག་ལ་དཔེར་བལྟས་ནས། བོད་རང་གི་ད་ལྟའི་གནས་ཚུལ་དངོས་ལ་དཔྱོད་ཁུལ་གྱིས་བོད་ཀྱི་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འཛུགས་སྐྲུན་བྱེད་དགོས་ཚུལ་གྱི་བསམ་འཆར་འགའ་མཁྱེན་ལྡན་དག་ལ་ཅུང་ཟད་ཞུ་བར་འདོད།
དང་བོ། བསླབ་བྱ་འཛུགས་སྐྲུན་བྱེད་ཚུལ།
          ད་ལྟ་དགེ་འོས་སློབ་ཆེན(གླིང)གྱི་བོད་ཀྱི་སྐད་ཡིག་སློབ་སྐོར་དག་གིས། བོད་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་བཀོད་སྒྲིག་བྱས་ཡོད་པ་རྣམས་དོན་གྱིས་དུས་རབས་ཉི་ཤུ་བའི་དུས་སྨད་ཀྱི་བསླབ་བྱ་སྣ་གཅིག་མའི་རྣམ་པ་ཙམ་དུ་ཟད། སྐད་ཡིག་གི་དགེ་རྒན་ཆེད་དུ་གསོ་སྐྱོང་བྱེད་པའི་ཆེད་ལས་ཞིག་ལ་མཚོན་ན། སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་ནི་བསླབ་བྱ་སྤྱིའི་ཁྲོད་ཀྱི་ལས་རིགས་བསླབ་བྱ་ཤིན་ཏུ་གལ་ཆེན་ཞིག་རེད། ད་ལྟའི་གནས་ཚུལ་ལ་གཞིགས་ན《སྐད་ཡིག་འཁྲིད་ཐབས》ཀྱི་སློབ་ཁྲིད་སྣ་གཅིག་ཙམ་བཀོད་སྒྲིག་བྱས་པ་དེ་ཙམ་གྱིས་སློབ་ཁྲིད་དམིགས་ཡུལ་འགྲུབ་མི་ཐུབ་པར། དེར་ད་དུང་སྐད་ཡིག་དགེ་རྒན་གྱི་ཕྱོགས་འདུས་ནུས་པ་སྐྱེད་སྲིང་བྱེད་ཐུབ་པའི་བསླབ་བྱ་སྐོར་ཞིག་ཀྱང་ཁ་གསབ་བྱས་ཏེ་རིམ་གྱིས་སྐད་ཡིག་འཁྲིད་ཐབས་ཀྱི་རིག་ཚན་མ་ལག་ཅན་དུ་འགྱུར་བར་འབད་པ་བྱེད་དགོས། ང་ཚོས་ངེས་པར་དུ་ངེས་སྦྱོང་བསླབ་བྱ་དང༌། འདེམས་སྦྱོང་བསླབ་བྱ་དང༌། ལག་ལེན་བསླབ་བྱ་བཅས་བསླབ་བྱའི་མ་ལག་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས། དེ་ལས་ངེས་སྦྱོང་བསླབ་བྱ་སྙིང་བོར་བཟུང་ནས། འདེམས་སྦྱོང་བསླབ་བྱས་རམ་འདེགས་བྱེད་པ། ལག་ལེན་བསླབ་བྱས་དངོས་སུ་ལས་ཀ་སྒྲུབ་པའི་ནུས་པ་སྐྱེད་སྲིང་བྱེད་དགོས། ངེས་སྦྱོང་བསླབ་བྱར《སྐད་ཡིག་སློབ་ཁྲིད་ཀྱི་རྣམ་བཤད》 ལྟ་བུ་བཀོད་སྒྲིག་བྱེད་དགོས། བསླབ་བྱ་འདི་ཉིད་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ལག་ལེན་དང༌། སློབ་གསོ་རིག་པ་དང༌། སེམས་ཁམས་རིག་པ་དང༌། སྐད་བརྡ་རིག་པ་སོགས་ལ་བརྟེན་ནས་གྲུབ་པའི་གཞུང་ལུགས་རྐྱང་རྐྱང་ཞིག་ཡིན། ད་ལྟ་བོད་ལ་མཚོན་ན་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་ཁྲིད་ལ་གཞུང་ལུགས་ཀྱིས་མཛུབ་སྟོན་བྱེད་ནུས་པའི་དཔྱད་འབྲས་ཚད་མཐོན་པོ་ཤིན་ཏུ་དཀོན་པས། དེར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོ་ལ་མིག་རྒྱང་ཡངས་པ་ཀུན་གྱིས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་བོད་སྐད་ཡིག་གི་ཐུན་མོང་མིན་པའི་ཁྱད་ཆོས་འཛིན་ཐུབ་ཅིང༌། ཡུལ་དུས་ཀྱི་དགོས་མཁོ་བསྐང་ཐུབ་པ། སློབ་ཁྲིད་ལ་ཁྲིད་སྟོན་བྱེད་ནུས་པའི་གཞུང་མཚན་ཉིད་པ་ཞིག་འབྱུང་བར་འབད་པ་བྱེད་རིགས། འདེམས་སྦྱོང་བསླབ་བྱ་ནི་དགེ་རྒན་གྱི་དཔུང་སྡེ་དང་ལོ་རིམ་མཐོ་དམའི་གནས་ཚུལ་ལ་གཞིགས་ནས་བཀོད་སྒྲིག་བྱ་རུང༌། དཔེར་ན། 《སྐད་ཡིག་བསླབ་བྱ་རིག་པ》དང《སྐད་ཡིག་བསླབ་དེབ་རིག་པ》དང《སྐད་ཡིག་དགེ་རྒན》དང《སྐད་ཆ་འཁྲིད་ཐབས》དང་《རྩོམ་རིག་འཁྲིད་ཐབས》དང《སྐད་ཡིག་སློབ་གསོ་རིག་པ》དང《ཁྱིམ་ཚང་གི་སྐད་ཡིག་སློབ་གསོ་རིག་པ》དང《སྐད་ཡིག་སློབ་གསོ་སེམས་ཁམས་རིག་པ》དང《བོད་ཀྱི་སློབ་གསོའི་ལོ་རྒྱུས》དང《བཤེས་གཉེན་བསྟེན་ཚུལ》དང《སྐད་ཡིག་སློབ་གསོའི་ལོ་རྒྱུས》དང《ཕྱི་གླིང་གི་སྐད་ཡིག་སློབ་གསོའི་ལོ་རྒྱུས》སོགས་བཀོད་སྒྲིག་བྱས་ཏེ་སློབ་བུ་ཚོར་འདེམ་དུ་འཇུག་རུང༌། འདེམས་སྦྱོང་གི་རིགས་འདི་དག་རྒྱལ་ཁབ་ཕྱི་ནང་གི་མི་རིགས་གཞན་དག་ལ་ཤིན་ཏུ་མང་མོད། རང་རེར་བསླབ་བྱ་འདི་རྣམས་བྱེ་བྲག་ཏུ་ཕྱེ་ནས་བསླབ་དེབ་བསྒྲིགས་པ་དང་ཆེད་ལས་མཁས་པ་སོགས་ཤིན་ཏུ་དཀོན་པའི་ཚུལ་དུ་གནས། འདེམས་སྦྱོང་གི་བསླབ་བྱ་འཐུས་སྒོ་ཚང་བ་ཞིག་ཆགས་ཕྱིར་སློབ་ཆེན་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོ་མཉམ་འབྲེལ་གྱིས་རྩོམ་སྒྲིག་གི་ལས་ལ་འབད་དགོས་པར་འདོད། བོད་སྐད་ཡིག་གི་སློབ་གསོ་འཛམ་གླིང་གི་འགྲོས་དང་མཉམ་དགོས་ན་འདིའི་ཕྱོགས་ལ་ཤུགས་སྣོན་དགོས་པ་ཁ་ཚ་དགོས་གཏུག་ཏུ་གྱུར། ལག་ལེན་བསླབ་བྱ་ལ་སློབ་གྲྭའི་ཕྱི་ནང་གཉིས་ཀྱི་སྦྱོང་བརྡར་འདུ། དེར་སློབ་གྲྭའི་ནང་ནས་སློབ་མ་ཚོས་ཚོད་ལྟའི་སློབ་ཁྲིད་བྱས་ཏེ་བརྙན་ཕབ་བཟོ་བ་དང༌། ཝེ་ཀེ་སློབ་ཁྲིད(微格教学)བྱེད་པ(སྔོན་གྱི་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭས2007ལོ་ནས་སྤེལ་མགོ་བརྩམས)དང༌། སློབ་ཁྲིད་ཇུས་འགོད་བྱེད་པ་དང༌། སློབ་ཁྲིད་མཉེན་ཆས་བེད་སྤྱོད་དམ་གསར་སྐྲུན་བྱེད་པ་དང༌། དཔྱད་རྩོམ་འབྲི་བ་སོགས་སློབ་གྲྭའི་ནང་གི་སློབ་ཁྲིད་ལག་ལེན་ལ་གཏོགས། སློབ་གྲྭའི་ཕྱི་ནས་དངོས་སྦྱོང་དུ་ཆས་པ་སྟེ་སྐབས་དེར་གཙོ་བོ་སློབ་ཁྲིད་ལ་ཉན་པ་དང་སྦྱང་ཚན་ཞུ་དག་བྱེད་པ་དང་དངོས་སུ་སློབ་ཁྲིད་བྱེད་པ་སོགས་སྦྱོང་བརྡར་སྣ་ཚོགས་བྱེད་དགོས། ང་ཚོས་ལག་ལེན་བསླབ་བྱ་འདི་ཉིད་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱའི་མ་ལག་ཏུ་བསྡུས་ཏེ། སྐད་ཡིག་འཁྲིད་ཐབས་ཀྱི་ལག་ལེན་རང་བཞིན་འབུར་ཏུ་ཐོན་པར་འཇུག་དགོས། དེ་ལྟར་བགྱིས་ཚེ་སློབ་མའི་ཆེད་ལས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་མཐོ་རིམ་དགེ་འོས་སློབ་གྲྭའི་སློབ་ཁྲིད་ཀྱི་དམིགས་འབེན་མངོན་དུ་འགྱུར་བར་ཕན་པ་ཤིན་ཏུ་ཆེ་བར་འདོད། གཤམ་དུ་བསླབ་བྱའི་མ་ལག་འདི་ཉིད་རྟོགས་སླ་བར་བྱ་ཕྱིར་ལག་ལེན་བསླབ་བྱའི་སྐོར་ངེས་སྦྱོང་བསླབ་བྱའི་ཁོངས་སུ་བསྡུས་ཏེ་རེའུ་མིག་ཏུ་དགོད་པར་བྱ་སྟེ།
          རྨང་གཞིའི་གཞུང་ལུགས་སྐོར།
          ངེས་སྦྱོང་བསླབ་བྱ། དངོས་སྦྱོང་ལག་ལེན།
          སྐད་ཡིག་སློབ་ཁྲིད་ལག་ལེན་གྱི་སྐོར། སློབ་ཁྲིད་བརྟག་དཔྱད། 
          འཁྲིད་ཐབས་བསླབ་དེབ་ལ་དཔྱད་པ།
          བསླབ་བྱའི་སྐད་ཡིག་སློབ་གསོར་དཔྱད་པ་སོགས།
          མ་ལག                                                                  
          སྐད་ཡིག་སློབ་གསོ་སེམས་ཁམས་རིག་པ།
          འདེམས་སྦྱོང་བསླབ་བྱ།  
          སྐད་ཡིག་སློབ་གསོའི་ལོ་རྒྱུས།
          སྐད་ཡིག་སློབ་གསོ་རིག་པ།
          སྐད་ཡིག་བསླབ་དེབ་རིག་པ་ལ་སོགས།
གཉིས་པ། བསླབ་དེབ་ཀྱི་ནང་དོན་དང་རྣམ་པ་སྒྱུར་བཅོས་བྱེད་ཚུལ།
          སློབ་མས་བསླབ་དེབ་ལ་བརྟེན་ནས་བསླབ་བྱ་དོན་དུ་གཉེར་དགོས་ཕྱིར་བསླབ་དེབ་ཀྱི་ནང་དོན་དང་རྣམ་པ་ངེས་པར་དུ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་དགོས། བསླབ་བྱ་བཀོད་སྒྲིག་དང་བསླབ་དེབ་འཛུགས་སྐྲུན་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་པས། བསླབ་བྱ་བཀོད་སྒྲིག་བྱེད་ཚུལ་ལ་འགྱུར་ལྡོག་བྱུང་ཚེ་བསླབ་དེབ་ཀྱི་ནང་དོན་དང་རྣམ་པའང་དེ་དང་བསྟུན་ནས་བསྒྱུར་དགོས། བསླབ་དེབ་ཀྱིས་བསླབ་བྱའི་དམིགས་ཡུལ་དང་ནང་དོན་མཚོན་དགོས་ཕྱིར། མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་སློབ་གསོའི་ཆུ་ཚད་མཐོ་མིན་དེའི་བསླབ་དེབ་ཀྱི་ནང་དོན་དང་རྣམ་པ་ལས་ཀྱང་རྟོགས་སླ་བར་འགྱུར། དེར་བརྟེན་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་དེབ་ཀྱང་དེ་ལས་མ་འདས་པར་ནང་དོན་དང་རྣམ་པ་གང་གི་ཆ་ནས་བོད་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པ་དང༌། ཚན་རིག་དང་མཐུན་པ་དང༌། དེང་རབས་སྐད་ཡིག་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་སོགས་དང་མཐུན་དགོས། ལྷག་པར་དུ་འཁྲིད་ཐབས་རང་གི་རིག་ཚན་གྱི་ཁྱད་ཆོས་དང་འབྲེལ་ཡོད་རིག་ཚན་དག་གི་གྲུབ་འབྲས་གསར་བ་རྣམས་བསླབ་དེབ་ཀྱི་ནང་དོན་གྱིས་མཚོན་ཐུབ་དགོས། ད་ལྟའི་བོད་སྐད་ཡིག་དགེ་རྒན་གྱི་ཆེད་ལས་དག་ལ་མཚོན་ན། སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་དེབ་གཅིག་པུར་བརྟེན་པའི་སྣང་ཚུལ་འདུག་པས་དེའི་རྣམ་པ་ངེས་པར་དུ་བསྒྱུར་དགོས། ཇི་ལྟར་བསྒྱུར་དགོས་ཤེ་ན། བསླབ་དེབ་གཙོ་བོ་དང༌། རམ་འདེགས་བསླབ་དེབ་དང༌། དཔྱད་གཞིའི་ཡིག་ཆ་བཅས་རིམ་པ་གསུམ་དང་ལྡན་པ་ཞིག་འཛུགས་དགོས་པ་དང༌། དཔེ་ཆའི་བསླབ་དེབ་དང༌། སྒྲ་བརྙན་བསླབ་དེབ་དང༌། རྩིས་འཁོར་སློབ་ཁྲིད་ཀྱི་མཉེན་ཆས་བཅས་ཟུང་འབྲེལ་བྱས་ཏེ་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་དེབ་མ་ལག་ཅན་དུ་འགྱུར་བར་རང་གཞན་ཀུན་གྱིས་འབད་པ་ལྷུར་ལེན་པར་རིགས་སོ།།
གསུམ་པ། སློབ་ཁྲིད་བྱེད་སྟངས་སྒྱུར་བཅོས་བྱེད་ཚུལ།
          འདས་པའི་དུས་དགེ་འོས་སློབ་ཆེན་དག་ཏུ《སྐད་ཡིག་འཁྲིད་ཐབས》ཀྱི་བསླབ་བྱ་འདི་ཉིད་ཁྲིད་སྐབས་དགེ་རྒན་ཕལ་མོ་ཆེས་གཞུང་ལུགས་བཤད་ཁྲིད་ཀྱི་ཕྱོགས་གཙོར་འཛིན་ཅིང་སློབ་ཁྲིད་ལག་ལེན་ལ་ནན་ཏན་དེ་འདྲ་མི་གནང་བའི་སྣང་ཚུལ་མཆིས། དེའི་ཕྱིར། མཐར་ཕྱིན་སློབ་མ་ཚོ་དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་ལྟར་གཞུང་ལུགས་ཀྱི་ཐོས་པ་ཅུང་བཟང་ཡང་སློབ་ཁྲིད་ལག་ལེན་གྱི་ནུས་པ་ཤིན་ཏུ་ཞན་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། དགེ་འོས་སློབ་མས་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱའི་དོན་བདེ་བླག་ཏུ་རྟོགས་ཐུབ་མིན་འཁྲིད་མཁན་དགེ་རྒན་ལ་རག་ལས་པས། དགེ་རྒན་གྱི་འཁྲིད་སྟངས་ཡུལ་དུས་དང་བསྟུན་ནས་བསྒྱུར་འོས། བོད་སྐད་ཡིག་གི་སློབ་གསོ་དེང་རབས་ཅན་དུ་འགྱུར་དགོས་ན། ངེས་པར་དུ་སྐད་ཡིག་སློབ་གསོའི་འདུ་ཤེས་དེང་རབས་ཅན་དང༌། སྐད་ཡིག་བསླབ་དེབ་དེང་རབས་ཅན་དང༌། སྐད་ཡིག་འཁྲིད་སྟངས་དེང་རབས་ཅན་དུ་འགྱུར་བར་འབད་དགོས། ད་ལྟ་མིག་རྡེབ་ཙམ་གྱིས་འཛམ་གླིང་ཤར་ནུབ་གྱི་གནས་ཚུལ་རྟོགས་ཐུབ་པའི་ཆ་འཕྲིན་གྱི་དུས་རབས་འདིར། སྤྱི་སྒེར་སུ་ཡིན་ཡང་ཆ་འཕྲིན་ལག་རྩལ་དང་འབྲལ་ཐབས་མེད་པར་གྱུར་དང་འགྱུར་བཞིན་མཆིས། གློག་རྡུལ་ལག་རྩལ་དང༌། སྨྱན་བྱེད་འདུས་མའི་ལག་རྩལ་དང༌། རྩིས་འཁོར་ལག་རྩལ་དང༌། དྲ་སྦྲེལ་ལག་རྩལ་སོགས་ཀྱི་འཕེལ་རྒྱས་ཤིན་ཏུ་མྱུར་བས་དེས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་རྙིང་བའི་རྣམ་པ་བསྒྱུར་ནས། དེང་རབས་ལག་རྩལ་ལ་བརྟེན་པའི་སྒྲ་བརྙན་སློབ་ཁྲིད་དང༌། ཝེ་ཀེ་སློབ་ཁྲིད་དང༌། རྩིས་འཁོར་གྱིས་རམ་འདེགས་བྱེད་པའི་སློབ་ཁྲིད་སོགས་སློབ་ཁྲིད་བྱེད་སྟངས་ཀྱི་རྣམ་པ་གསར་བ་སྤྱོད་པའི་དུས་སུ་བསླེབས། རང་རེའི་དགེ་རྒན་ཚོས་སློབ་ཁྲིད་བྱེད་སྐབས་ས་སྨྱུག་དང༌། སྒོ་སམ། བསླབ་དེབ་ཙམ་ལས་དེང་རབས་ཀྱི་སྔོན་ཐོན་ལག་རྩལ་བེད་མ་སྤྱད་ན་སློབ་མའི་མཐོང་ཐོས་ཀྱི་རྒྱ་བསྐྱེད་པར་དགེ་སློབ་གཉི་གས་ཚེགས་ཤིན་ཏུ་ཆེན་པོར་བརྟེན་དགོས། གལ་ཏེ་ཆ་འཕྲིན་ལག་རྩལ་བེད་སྤྱད་ཚེ། འཛམ་གླིང་གི་སློབ་གྲྭ་ཆེན་མོ་གྲགས་ཅན་དག་གི་སློབ་ཁྲིད་སྤུས་བཟང་རྣམས་སྐད་ཅིག་ཙམ་དུ་སློབ་མ་ཚོས་མྱོང་ཐུབ་པ་མ་ཟད། དཔྱད་འབྲས་གསར་བ་དག་ཀྱང་སྐར་ཆ་འགའ་རེའི་ནང་རང་གི་མིག་མདུན་དུ་ལེན་ཐུབ། དེ་འདྲའི་མཐུན་རྐྱེན་འཛོམས་ན་དུས་ཐུང་ངུ་ཞིག་ལ་གྲུབ་འབྲས་ཅུང་མངོན་གསལ་རེ་འཐོབ་པར་ཐེ་ཚོམ་ཅི། དེ་ལྟར་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འདི་ཉིད་ཁོང་དུ་ཆུད་པར་བགྱིས་ཏེ། སློབ་ཁྲིད་སྒྱུར་བཅོས་མིང་དོན་མཚུངས་པ་ཞིག་འབྱུང་བར་འབད་འོས།
མཇུག་བསྡུ་བའི་གཏམ།
          ད་ལྟ་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ཤིན་ཏུ་མྱུར་བས། མི་ཆོས་རིག་གནས་དང་ཚན་རྩལ་རིག་གནས་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱས་ཤིང༌། སྤྱི་ཚོགས་ཧྲིལ་བོ་བརྡ་འཕྲིན་དུས་རབས་སུ་གྱུར་དང་འགྱུར་བཞིན་མཆིས། དེའི་ཕྱིར། མཐོ་རིམ་དགེ་འོས་སློབ་ཆེན(གླིང)དག་གིས་ནན་ཏན་གྱིས་སློབ་གྲྭ་ཆུང་འབྲིང་གི་བསླབ་བྱ་སྒྱུར་བཅོས་བྱས་པའི་གནས་ཚུལ་ལ་གཞིགས་ནས། སློབ་ཆེན་གྱི་བསླབ་བྱའི་སྒྲིག་གཞི་སྒྱུར་བཅོས་བྱེད་དགོས།《སྐད་ཡིག་འཁྲིད་ཐབས》ཀྱི་བསླབ་བྱ་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པ་ནི་མཐོ་རིམ་དགེ་འོས་སློབ་ཆེན་གྱི་བསླབ་བྱ་སྒྱུར་བཅོས་ཁྲོད་ཀྱི་ལས་གཞི་གལ་ཆེན་ཞིག་རེད། དེར་ང་ཚོས་བསླབ་བྱའི་མ་ལག་གི་ཆ་ནས།  ངེས་སྦྱོང་བསླབ་བྱ་དང༌། འདེམས་སྦྱོང་བསླབ་བྱ་དང༌། ལག་ལེན་བསླབ་བྱ་བཅས་སྐོར་ཚན་གསུམ་འཛོམས་ཀྱི་མ་ལག་གསར་བ་འཛུགས་པ་དང༌། བསླབ་དེབ་ཀྱི་མ་ལག་གི་ཆ་ནས། བསླབ་དེབ་གཙོ་བོ་དང༌། རམ་འདེགས་བསླབ་དེབ་དང༌། དཔྱད་གཞིའི་ཡིག་ཆ་བཅས་རིམ་པ་གསུམ་ལྡན་ཅན་ནམ།  དཔེ་ཆའི་བསླབ་དེབ་དང༌། སྒྲ་བརྙན་བསླབ་དེབ་དང༌། རྩིས་འཁོར་སློབ་ཁྲིད་ཀྱི་མཉེན་ཆས་བཅས་ཟུང་འབྲེལ་བྱས་ཏེ་བསླབ་དེབ་ཀྱི་མ་ལག་གསར་བ་འཛུགས་པ་དང༌། སློབ་ཁྲིད་བྱེད་སྟངས་ཀྱི་ཆ་ནས། སྒྲ་བརྙན་སློབ་ཁྲིད་དང༌། ཝེ་ཀེ་སློབ་ཁྲིད་དང༌། རྩིས་འཁོར་གྱིས་རམ་འདེགས་བྱེད་པའི་སློབ་ཁྲིད་སོགས་དེང་རབས་ཚན་རྩལ་ལག་རྩལ་ལ་བརྟེན་པའི་སློབ་ཁྲིད་ཀྱི་རྣམ་པ་གསར་བར་བསྒྱུར་དགོས་པར་འདོད། གོང་དུ་ཞུས་པ་བཞིན་སྐད་ཡིག་འཁྲིད་ཐབས་ཀྱི་བསླབ་བྱ་འདི་ཉིད་དངོས་ཡོད་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་སློབ་ཆེན་དུ་རིག་ཚན་མ་ལག་ཅན་ཞིག་ཏུ་འཛུགས་སྐྲུན་བྱས་ཐུབ་ཚེ། འབྱུང་འགྱུར་གྱི་རྨང་གཞིའི་སློབ་གསོའི་སྐབས་ཀྱི་སྐད་ཡིག་དགེ་རྒན་གྱི་ནུས་པ་དང་སྐད་ཡིག་སློབ་གསོའི་རྒྱུ་སྤུས་སོགས་ཇེ་ལེགས་སུ་འགྲོ་ཐུབ་པར་འདོད་དོ།།
ཟུར་ལྟའི་དཔྱད་ཡིག
1. ལྗོངས་ཞིང་ལྔའི་སློབ་གསོ་ཐིང༌། སྐད་ཡིག་བསླབ་ཚན་གྱི་ཚད་གཞི།[S] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 2005.2
2. བྱམས་པ་ཚུལ་ཁྲིམས་སོགས། སློབ་འབྲིང་བོད་ཡིག་སློབ་ཐབས།[Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང༌། 2005.10.
3. ཨ་བཟང་བློ་བཟང་རྒྱ་མཚོ། བོད་ཀྱི་སྐད་ཡིག་འཁྲིད་ཐབས་ཀྱི་རིག་གཞུང་རྣམ་བཤད།[Z] ཁྲེན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། 2005.1.
4.དཀོན་མཆོག་རྒྱ་མཚོ། རྨང་གཞིའི་སློབ་གསོ་སྐབས་ཀྱི་བོད་ཀྱི་སྐད་ཡིག་འཁྲིད་ཐབས། ལན་ཇུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 2003.5.
5. (英)霍尔姆斯和麦克莱恩著,张文军译.比较课程论[M].北京.教育科学出版社,2001.6
6. 张华.课程与教学论[M].上海.上海教育出版社,2001.11
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716