བསླབ་གཞི་གསར་པའི་སྒྱུར་བཅོས་ཁྲོད་ཇི་ལྟར་བྱས་ཏེ་བསླབ་གཞིའི་ནང་དོན་དང་སློབ་གསོ་རིག་པའི་གཞུང་ལུགས་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་ཁྲིད་དེ་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་ལག་ལེན་དངོས་ནང་དོན་འཁྱོལ་ཐུབ་པ་བྱ་རྒྱུ་ནི་ང་ཚོ་སློབ་གསོའི་ལས་དོན་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་ཡིན་པས་འདིར་ཁོ་བོས་སློབ་ཆེན་རྒྱ་རིགས་སློབ་མར་བོད་ཡིག་སློབ་ཁྲིད་བྱ་ཐབས་ཐད་ཀྱི་མྱོང་བ་འགའ་ཞིག་གླེང་བར་འདོད་པ་ལ།
དང་པོ། ལྟ་བ་གསར་བརྗེས་ཀྱིས་བོད་ཡིག་སློབ་ཁྲིད་ཀྱི་བྱ་ཐབས་ལ་སྒྱུར་བཅོས་བྱེད་དགོས།
1. སྔོན་མའི་སློབ་ཁྲིད་འདུ་ཤེས་ཀྱི་ཤུགས་རྐྱེན་འོག་བོད་ཡིག་སློབ་ཁྲིད་དེ་བརྡ་སྤྲོད་རིག་གཞུང་སློབ་ཁྲིད་བྱ་རྒྱུ་གཙོ་བོར་འཛིན་པ་ལས་སློབ་མའི་བོད་ཡིག་གི་འཇོན་ནུས་དེ་དོན་དངོས་དང་ལག་ལེན་ནང་བཀོལ་སྤྱོད་བྱ་རྒྱུར་དོ་སྣང་དེ་ཙམ་མ་བྱུང་སྟབས་རྒྱ་རིགས་སློབ་མ་འགའ་ཞིག་ཡིག་རྒྱུགས་སྐབས་སྦྱངས་འབྲས་ཅུང་ལེགས་ཙམ་ཡོད་རུང་དོན་དངོས་ནང་མིང་ཚིག་འགའ་ཤས་ཙམ་ལས་བརྗོད་པ་ཐུང་ངུ་ཞིག་ཀྱང་འཆད་དཀའ་བའི་གནས་སུ་གྱུར་ཡོད་པ་དེས་བོད་ཡིག་སློབ་ཁྲིད་བྱེད་སྟངས་དེ་རྣམ་པ་ཙམ་དུ་ལུས་པ་ལས་དོན་དངོས་ཀྱི་སློབ་སྦྱོང་བྱེད་པའི་དགོས་པ་དེ་ཤོར་འགྲོ་གི་ཡོད་པས། དེས་ན་ང་ཚོས་ད་ལྟའི་ལྟ་བ་དེ་དག་སྒྱུར་བཅོས་ལེགས་པོ་བྱེད་དགོས་པ་སྟེ།
(1)ང་ཚོས་བོད་ཡིག་སློབ་ཁྲིད་སྐབས་བྱ་ཐབས་སྣ་ཚོགས་སྤྱད་ནས་རྒྱུན་དུ་རྒྱ་རིགས་སློབ་མར་འཚོ་བ་དང་སྤྱི་ཚོགས་ཀྱི་ལག་ལེན་དངོས་ནང་མང་ཙམ་བསྐྱོད་ནས་ཁོང་ཚོའི་གཏམ་སྤྱོད་ལ་སྦྱོང་བརྡར་ལེགས་པོ་བྱ་རྒྱུ་ནི་རྒྱ་རིགས་སློབ་མར་བོད་ཡིག་སློབ་ཁྲིད་ནང་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། བྱ་ཐབས་དེས་རྒྱ་རིགས་སློབ་མར་བོད་ཡིག་སློབ་ཁྲིད་ལེགས་ཉེས་གང་འདྲ་བྱུང་ཡོད་མེད་ལ་ཚོད་འཛིན་བྱེད་ཐུབ་པས་ང་ཚོས་གོམ་གང་མདུན་སྤོས་ཀྱིས་བོད་ཡིག་སློབ་ཁྲིད་སྐབས་འཚོ་བའི་རང་བཞིན་ལྡན་པའི་སྐད་བརྡར་སྦྱོང་བརྡར་ལེགས་པོ་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་ལག་ལེན་དངོས་ནས་འགོ་འཛུགས་དགོས་པ་མ་ཟད། རྒྱ་རིགས་སློབ་མའི་ཁྲོད་དུ་སྐད་ཆའི་ཁོར་ཡུག་ཅིག་བསྐྲུན་ཏེ་སློབ་མ་རྣམས་བོད་སྐད་སློབ་སྦྱོང་བྱེད་འདོད་པའི་ཉམས་སྣང་ཞིག་སླེབས་པའི་ནུས་པ་སྐྱེད་སྲིང་བྱེད་དགོས། དཔེར་ན། བོད་ཡིག་སློབ་ཁྲིད་སྐབས་དྲི་བའི་ཐོག་ནས་ད་ལྟ་དུས་ཚོད་ག་ཚོད་རེད་དམ། དེ་རིང་གནམ་གཤིས་གང་འདྲ་འདུག་གམ། དེ་རིང་རེས་གཟའ་གང་རེད་དམ་སོགས་རྒྱུན་སྤྱོད་སྐད་ཆ་མང་ཙམ་བེད་སྤྱོད་ཀྱིས་རྒྱ་རིགས་སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་བ་བྱ་དགོས།
(2)བོད་ཡིག་དེ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བ་བྱེད་པའི་ལག་ཆར་བརྩིས་ཏེ་རྒྱ་རིགས་སློབ་མ་ཕན་ཚུན་ནམ། དེ་བཞིན་བོད་རིགས་སློབ་མ་དང་བོད་ཡིག་ཐོག་ནས་གཏམ་གླེང་བྱ་རྒྱུར་འབོད་སྐུལ་བྱེད་དགོས།
(3)རྒྱུན་དུ་རྒྱ་རིགས་སློབ་མར་བརྗོད་བྱེད་ཚིག་དུམ་ཞིག་གི་བརྗོད་དོན་མཚོན་སྟངས་མི་འདྲ་བའི་སྐད་ཆའི་སྒྱུ་རྩལ་ལ་སྦྱོང་བརྡར་གང་ཐུབ་ཀྱིས་སྐབས་དང་མཐུན་པའི་སྐད་ཆ་ཤོད་ཐུབ་པའི་ནུས་པ་སྐྱེད་སྲིང་བྱས་ཏེ་རྒྱ་རིགས་སློབ་མའི་བོད་ཡིག་སློབ་སྦྱོང་བྱེད་མི་འདོད་པའི་བསམ་པ་དེ་རིམ་བཞིན་རང་འགུལ་གྱིས་བོད་ཡིག་སློབ་སྦྱོང་བྱེད་འདོད་པའི་བསམ་པར་སྐོང་འཐེན་ཐུབ་པ་བྱེད་དགོས།
2.ཉན་བཤད་འབྲི་ཀློག་ཕྱོགས་ཡོངས་ཀྱི་སྦྱོང་བརྡར་འཛིན་གྲྭ་དང་དངོས་སྦྱོང་འཛིན་གྲྭ་ལ་སོགས་པའི་བོད་ཡིག་སློབ་ཁྲིད་ཀྱི་བྱ་ཐབས་གསར་པ་སྤྱད་ནས་སློབ་མའི་ཉན་བཤད་འབྲི་ཀློག་གི་ནུས་པ་མཐོ་རུ་གཏོང་དགོས།
དེ་ཡང་། གཅིག་ནས་བོད་ཡིག་སློབ་སྦྱོང་བྱེད་པའི་སྐད་ཡིག་གི་ཁོར་ཡུག་བསྐྲུན་གང་ཐུབ་བྱེད་དགོས་པ་དང་། གཉིས་ནས་མཐའ་གཅིག་ཏུ་རྒྱ་སྐད་རང་བཞིན་གྱི་བོད་ཡིག་སློབ་ཁྲིད་སྤོང་དགོས་པ། གསུམ་ནས་ཚོགས་ཆུང་རང་བཞིན་གྱི་སྦྱོང་བརྡར་རྒྱུན་འཛིན་བྱེད་དགོས་པ། བཞི་ནས་སྣེ་མང་རང་བཞིན་གྱི་ཚིག་གསར་དང་བརྗོད་པ་ཁག་ཤེས་ཐུབ་པ་བཟོ་དགོས་པ། ལྔ་ནས་རྣམ་པ་མི་འདྲ་བའི་བྱ་ཐབས་ཀྱིས་ཉན་བཤད་སྦྱོང་བརྡར་བྱ་དགོས་པ། དྲུག་ནས་སློབ་གཞི་མི་འདྲ་བར་གཞིགས་ཏེ་སློབ་ཁྲིད་བྱ་ཐབས་ཀྱང་མི་འདྲ་བ་སྤྱོད་དགོས་པ་བཅས་སོ།