སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་ཕྱོགས་ཐད་རང་གི་བསམ་ཚུལ་ཕྲན་བུ།
སྤེལ་དུས། 2014-11-21   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མིག་དམར།

   འཇིག་རྟེན་འདིར་འཚོ་ཞིང་གནས་པའི་གང་ཟག་སུ་ཞིག་ཡིན་ཡང་རང་རང་གི་གཅེས་ཕྲུག་རྣམས་ལུས་སེམས་ཐང་ཞིང་། ཤེས་རིག་ལྡན་ལ་ཀུན་སྤྱོད་དྭངས་གཙང་ཞིག་ཏུ་འགྱུར་རེ་བྱེད་པ་སྨོས་མེད་རེད། གལ་ཏེ་རང་གི་ཕྲུ་གུ་སྤྱོད་ཡོན་གཉིས་ལྡན་དང་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་འདོད་ན་ཕྲུ་གུར་ཆུང་དུས་ནས་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་རྒྱུ་ནས་འགོ་རྩོམ་དགོས། 

    ཀུན་སྤྱོད་ནི་མི་ཆོས་ཀྱི་ཐོག་མའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་ལ། ཀུན་སྤྱོད་ཀྱི་སློབ་གསོ་ནི་རིག་གནས་ཀྱི་སློབ་གསོ་ལས་གལ་འགངས་ཆེ་བ་ཞིག་ཡིན་པ་ནིཆུ་ཤིང་བསྟན་བཅོསལས། ཀླད་ཆུང་རང་བཞིན་ངན་པ་ལ།། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།། རྩ་བ་དུག་ཏུ་གནས་པ་ཡི།། མེ་ཏོག་མཛེས་ཀྱང་སུ་ལ་མཁོ།། ཞེས་པ་ལས་མི་གང་ཞིག་ཡིན་ཡང་ཐོག་མར་རང་གཤིས་བཟང་པོ་དང་ཀུན་སྤྱོད་བཟང་པོ་ཞིག་དགོས་པ་ནི་མི་ཆོས་ཀྱི་རྨང་གཞི་ཡིན་པ་མཚོན་ནུས། ལྷག་པར་དུ་དེང་རབས་ཀྱི་སྤྱི་ཚོགས་འཕོ་འགྱུར་འགྲོ་མགྱོགས་པ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཧེ་བག་ཆེ་བའི་སྐབས་འདིར་སློབ་ཆུང་སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རང་རྒྱལ་གྱི་སློབ་གསོ་མཁས་ཅན་ཐའོ་ཞིང་ཀྲེ་ཡིས། ཀུན་སྤྱོད་ནི་འགྲོ་བ་མིའི་རྩ་བ་སྟེ། ཀུན་སྤྱོད་ཉམས་པའི་སྐྱེ་བོ་གང་ཞིག་བློ་གྲོས་དང་འཇོན་ཐང་ཇི་ལྟ་བུ་ཞིག་ཡོད་ཀྱང་རྩལ་ངོམས་ཀྱི་དོ་ར་ཁབ་རྩེ་ལས་དཀོན་ནོ་ཞེས་པ་སོགས་སྔོན་བྱོན་མཁས་པ་དང་སྐྱེས་བུ་དམ་པ་རྣམས་ཀྱིས་ཀུན་སྤྱོད་ལ་ཆེས་ཆེའི་གཙིགས་ཆེན་གནང་བ་མཚོན་ནོ། དེས་ན་ཁོ་བོས་ཀྱང་ཀུན་སྤྱོད་སློབ་གསོའི་ཐད་རང་བློས་གང་རྟོགས་འཆད་པར་བྱ་བ་ལ། 

 

   དང་པོ། སློབ་གྲྭའི་སློབ་གསོ་ནི་གཙོ་གནད་ཡིན། 

    ༡. རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་རྒྱུར་གཙིགས་ཆེན་བྱེད་དགོས། 

     མེས་རྒྱལ་ལ་དགའ་ཞེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཆེད་དུ་རང་ནུས་ཡོད་རྒུ་སྐྱེས་སུ་འབུལ་རྒྱུའི་འདུ་ཤེས་ལྡན་དགོས་རྒྱུ་ནི་སྤྱི་འབངས་ལ་མེད་དུ་མི་རུང་བའི་བསམ་པའི་འདུ་ཤེས་ཤིག་ཡིན་པས། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་བྱ་རིམ་ཁག་གི་ནང་དུ་བསླབ་གཞིའི་ནང་དོན་དང་རྒྱལ་གཅེས་ཀྱི་འདུ་ཤེས་ཟུང་དུ་སྦྲེལ་རྒྱུ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་དེ་སློབ་མའི་རྒྱུན་གཏན་གྱི་ལག་ལེན་ཐོག་འཁྱོལ་བ་བྱས་ཏེ། སློབ་མའི་རྣམ་ཤེས་ཀྱི་ཞིང་ས་གཤིན་པོར་རྒྱལ་གཅེས་ཀྱི་སོན་བཟང་བཏབ་སྟེ་མེས་རྒྱལ་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མི་རབས་རྗེས་མ་གང་མང་གསོ་སྐྱོང་ཐུབ་པ་བྱེད་དགོས། 

     ༢. སློབ་མའི་སྤྱོད་བཟང་འཛུགས་སྤེལ་བྱ་རྒྱུ་ནི་སློབ་ཁང་སློབ་ཁྲིད་ཀྱི་ལས་འགན་གཙོ་བོ་ཡིན། 

 

   ལོ་ཆུང་བྱིས་པའི་ཀུན་སྤྱོད་སློབ་གསོ་དེ་ཁོར་ཡུག་གི་ཕྱོགས་དུ་མ་དང་འབྲེལ་བ་ཡོད་མོད། འོན་ཀྱང་སློབ་གྲྭའི་སློབ་གསོས་བྱིས་པའི་ཕྱོགས་ཡོངས་ལ་ཆེས་མཐོའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། སློབ་ཆུང་སློབ་མའི་སེམས་ཁམས་ཀྱི་བདེ་ཐང་དང་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རང་རེ་སློབ་གསོའི་ལས་དོན་པ་རྣམས་ཀྱི་ཕྲག་སྟེང་དུ་བབས་པའི་ལས་འགན་ཞིག་རེད། སློབ་ཆུང་སློབ་མ་ནི་གཟུགས་པོ་འཚར་སྐྱེས་དང་། ཤེས་རིག་འཕེལ་བ། བསམ་བློ་ཀུན་སྤྱོད་ཀྱི་གོམས་འདྲིས་འཇགས་པའི་དུས་རིམ་རྩ་ཆེན་ཞིག་ཡིན་ཞིང་། སློབ་མ་རྣམས་ལོ་ན་ཕྲ་བ་དང་། ཤེས་རྒྱ་ཆུང་བ། སྤྱི་ཚོགས་གི་ཉམས་མྱོང་མེད་པའི་རྐྱེན་གྱིས་མི་དང་བྱ་དངོས་ལ་ལེགས་ཉེས་བླང་དོར་འབྱེད་པའི་མཐུ་ནུས་བྲལ་ལ། བྱ་དངོས་གང་ལའང་ཡ་མཚན་གྱི་ཚོར་བ་སྐྱེན་ལ་གཞན་གྱི་བྱ་སྤྱོད་ལ་ལད་མོ་བྱ་རྒྱུར་དགའ་བས། ཕྱི་རོལ་ཡུལ་གྱི་བྱ་སྤྱོད་སྣ་ཚོགས་མིག་དཔེར་འཛིན་རྒྱུར་དེ་བས་དགའ་པོ་ཡོད། དེར་བརྟེན། བསམ་སྤྱོད་དང་གོམས་འདྲིས་ཀྱི་རྨང་གཞི་ཡང་དག་འདིང་ཐུབ་མིན་གྱིས་སློབ་ཆུང་སློབ་མ་རྣམས་བདེ་ཐང་ངང་འཚར་སྐྱེས་ཡོང་རྒྱུ་དང་ཐ་ན་ཁོ་ཚོའི་ཚེ་གང་གི་མདུན་ལམ་ལེགས་ཞན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། ཇི་སྐད་དུ།གང་ཞིག་གསེར་གྱི་རི་ལ་སྔས་བཅོལ་ན། དེ་ཡི་འདབ་ཆགས་རྣམས་ཀྱང་གསེར་དུ་གྱུར། གང་ཞིག་སོལ་བའི་རི་ལ་སྔས་བཅོལ་ན། དེ་ཡི་འདབ་ཆགས་རྣམས་ཀྱང་སོལ་བར་གྱུར ཞེས་པ་ལྟར་ངེས་པར་དུ་སློབ་ཆུང་དུས་སྐབས་ནས་བཟུང་སློབ་མར་ཁོར་ཡུག་དྭངས་གཙང་ཞིག་བསྐྲུན་དགོས་པ་དང་། ཡང་དག་པའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཏང་སྟེ་ཁོ་ཚོའི་ལེགས་ཉེས་བླང་དོར་འབྱེད་པའི་ནུས་པ་སྐྱེད་སྲིང་གང་ལེགས་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་གི་ཐ་ཤལ་བསམ་སྤྱོད་ཀྱི་དྲི་མས་མ་སྦགས་པར་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་མཐུན་རྐྱེན་གང་མང་བསྐྲུན་དགོས་སོ། གལ་ཏེ་སློབ་གྲྭ་དང་དགེ་རྒན་གྱིས་སློབ་མའི་སྦྱངས་འབྲས་ཁོ་ནར་དམིགས་པ་ལས་ཀུན་སྤྱོད་སློབ་གསོར་སྣང་ཆུང་བྱས་ཚེ། རང་རེས་གསོ་སྐྱོང་བྱས་པའི་མི་རབས་རྗེས་མ་རྣམས་ཕན་མེད་ཟོག་རོ་ཞིག་ཏུ་འགྱུར་རྒྱུར་གདོན་མི་ཟའོ། 

 

   དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་སྐྲུན་པ་དང་། ཤེས་རིག་གི་མུན་པ་སེལ་བའི་སྒྲོན་མེ། སློབ་མ་རྣམས་འཇིག་རྟེན་འཇུག་ལྡོག་ལ་ཕྱིན་ཅི་མ་ལོག་པར་འཇུག་པར་བྱེད་པའི་ལམ་སྟོན་པ་ཞིག་ཡིན་པས། ཐོག་མར་དགེ་རྒན་ལ་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ་ཞིག་ཡོད་དགོས་ལ་དེ་བས་ཡང་དག་གི་ཀུན་སྤྱོད་ཞིག་ཀྱང་ཡོད་དགོས། དེར་བརྟེན། དགེ་རྒན་གྱིས་རང་གི་འོས་འགན་དེ་གཟི་བརྗིད་ཅན་དང་ལམ་སྟོན་ཅན་ཞིག་ཏུ་བསམས་ནས་རང་ཉིད་སྤྱི་ཚོགས་ཁོར་ཡུག་ནང་སྟོང་གཏམ་གྱི་སྨྲ་བ་ཉུང་ཞིང་དྲང་བདེན་གྱི་བློ་དཀར་ཞིག་འཁྱེར་ཏེ་ཡང་དག་གི་གཞན་ཕན་བསྒྲུབ་རྒྱུའི་བློ་སྟོབས་དང་རང་དཔེ་གཞན་སྟོན་གྱི་དཔེ་མཚོན་གྱི་ནུས་པ་ལྡན་པ་ཞིག་ཀྱང་ཡིན་དགོས་སོ། དགེ་རྒན་གྱི་བྱ་སྤྱོད་དང་གཏམ་བརྗོད། རྣམ་འགྱུར། རང་གཤིས་སོགས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་མཐུན་པ་བྱས་ཏེ་སློབ་མར་ཡང་དག་པའི་དཔེ་སྟོན་གྱི་ནུས་པ་འདོན་དགོས་པ་དང་ཆབས་ཅིག་དགེ་རྒན་གྱིས་ཕྱོགས་རིས་མེད་པར་སློབ་མའི་གཤིས་རྒྱུད་ལ་རྒྱུས་མངའ་ལོན་པ་དང་། གཤིས་རྒྱུད་དེ་དག་ལས་ལེགས་ཉེས་ཀྱི་དབྱེ་འབྱེད་ལེགས་པར་བྱས་ཏེ་གང་ལ་དེ་འཚམ་གྱི་སློབ་གསོ་སྐུལ་ལྕག་གང་ལེགས་གཏོང་དགོས། 

 

   སྤྱི་ཚོགས་ཁོར་ཡུག་རྙོག་འཛིང་ཆེ་ཞིང་དུས་རབས་ཀྱི་རེ་བ་ཆེས་མཐོ་བའི་དེང་གི་དུས་འདིར་དགེ་རྒན་ལ་དགེ་སྐྱོན་རྟོགས་པའི་སྤྱན་ཟུང་དང་། ལེགས་ཉེས་འབྱེད་པའི་བློ་གྲོས། མངོན་པར་རྟོགས་པའི་རྣམ་ཤེས་ཤིག་ངེས་པར་དུ་དགོས་ངེས། 

 

   སློབ་མའི་བསམ་སྤྱོད་ནི་སློབ་གྲྭའི་ཕྱི་ནང་གི་ཕྱོགས་མང་དག་ལས་གྲུབ་ཅིང་། སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་ཐབས་ཀྱང་ཧ་ཅང་མང་པོ་ཡོད། སློབ་གྲྭ་དང་སྤྱི་ཚོགས། ཁྱིམ་ཚང་བཅས་ཕྱོགས་གསུམ་གྱི་སློབ་གསོ་ལས་སློབ་གྲྭའི་སློབ་གསོ་ནི་ཆེས་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་དགེ་རྒན་གྱིས་བསླབ་གཞིའི་ནང་དོན་དང་། སློབ་ཕྲུག་གི་བྱ་སྤྱོད། སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་ལས་དྲང་ལྡོག་གཉིས་ཀྱི་ཐོག་ནས་སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཏང་སྟེ་སློབ་མ་རྣམས་མ་འོངས་པའི་བདག་པོ་དང་། ཕ་མེས་ཀྱི་རྒྱུད་བཟང་། མེས་རྒྱལ་འཛུགས་སྐྲུན་གྱི་བྱས་པ་ཅན་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་བདག་ཅག་དགེ་བའི་བཤེས་གཉེན་གྱི་མིང་ཐོགས་པ་ཐམས་ཅད་ཀྱི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན་ནོ། 

 

   གཉིས་པ། ཁྱིམ་ཚང་གི་སློབ་གསོ་ནི་རྨང་གཞི་ཡིན། 

 

   ཁྱིམ་བདག་ནི་ལོ་ཆུང་བྱིས་པའི་ལམ་སྟོན་པའི་དགེ་རྒན་ཐོག་མ་ཡིན་ལ་ལོ་ཆུང་བྱིས་པ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། ཁྱིམ་ཚང་གི་སློབ་གསོ་ཡང་དག་མིན་གྱིས་འབྱུང་འགྱུར་བྱིས་པ་རྣམས་འཚར་ལོང་གི་ཁ་ཕྱོགས་ཡང་དག་མིན་ཐད་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཁྱིམ་ཚང་སློབ་གསོར་དོ་ཁུར་ཆེན་པོ་བྱ་རྒྱུ་དེ་སྟོང་གཏམ་ཙམ་མ་ཡིན་ལ་སློབ་ཁང་སློབ་གསོ་ཁོ་ནར་བློས་བཀལ་ཏེ་བཞག་ན་དེ་བས་མི་འགྲིག དེར་བརྟེན། ཁྱིམ་བདག་གིས་ཁྱིམ་ཚང་སློབ་གསོ་རྒྱག་རྒྱུར་དོ་ནན་བྱེད་དགོས་པ་དང་ཆབས་ཅིག་ཧུར་བརྩོན་ཆེན་པོས་སློབ་གྲྭ་དང་དགེ་རྒན་ལ་གཞོགས་འདེགས་བྱས་ཏེ་ཐུན་མོང་ཐོག་ཕྲུ་གུའི་འཚར་ལོང་ལ་སེམས་འཁུར་དང་། ཕྲུ་གུའི་བྱ་སྤྱོད་དང་གཏམ་བརྗོད་ལའང་ཞིབ་དཔྱད་བྱ་དགོས། སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་གོམས་གཤིས་བཟང་པོ་འཇགས་པ་བྱ་རྒྱུ་དེ་ཉིན་ཞག་རེ་གཉིས་ནང་བསྒྲུབ་ཐུབ་པ་ཞིག་མ་ཡིན་པར་རྒྱུན་གཏན་གྱི་འཚོ་བའི་ནང་གི་བྱ་བ་ཆུང་ཙག་དང་གནད་དོན་ཕྲན་ཚེགས་ནས་དོ་ཁུར་བྱས་ཏེ་ཕྲུ་གུ་སློབ་གྲྭར་མ་ཞུགས་གོང་ནས་ཀུན་སྤྱོད་ཀྱི་གོམས་གཤིས་ཚད་ལྡན་ཞིག་ཡོད་དགོས། དེ་ལྟར་ཁྱིམ་བདག་གིས་ཕྲུ་གུར་ཡང་དག་པའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བརྒྱབ་པ་བརྒྱུད་ཕྲུ་གུས་གང་ཞིག་བྱ་སྤྱོད་ཡང་དག་དང་གང་ཞིག་བྱ་སྤྱོད་ནོར་འཁྲུལ་ཡིན་པར་དབྱེ་འབྱེད་ཀྱི་ནུས་པ་དང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱས་ཏེ་ཕྲུ་གུའི་ལུས་སེམས་བདེ་ཐང་ངང་འཚར་ལོང་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་ཐུབ་པ་དགོས། གཞན་ཡང་སློབ་ཁང་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དགེ་རྒན་གྱིས་ཀུན་སྤྱོད་སློབ་གསོ་རྒྱུན་མ་ཆད་པར་གཏོང་བ་དང་། སློབ་གྲྭའི་ལྟ་སྐུལ་འོག་སློབ་མའི་ཀུན་སྤྱོད་དང་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཞིག་འཇགས་ཐུབ་པ་བྱུང་ནས་སློབ་ཆུང་སློབ་མའི་སྒྲིག་སྲོལ་དང་ཀུན་སྤྱོད་ཀྱི་ཚད་གཞི་དང་མཐུན་ཙམ་ཡོད་ཀྱང་། གུང་གསེང་དང་དུས་ཆེན་སོགས་ཀྱི་ངལ་གསོའི་དུས་ཚོད་ནང་ཁྱིམ་བདག་གིས་སློབ་མའི་བྱ་སྤྱོད་ལ་ཕྱོགས་ཡོངས་ཀྱི་ལྟ་སྐུལ་བྱ་རྒྱུར་ཧོལ་རྒྱུགས་སོང་བའི་རྐྱེན་གྱིས་སློབ་མའི་ཀུན་སྤྱོད་དང་སློབ་སྦྱོང་གི་གོམས་གཤིས་ཐད་སྔར་བཞིན་ལང་ཤོར་བསྐྱར་ལོག་ཏུ་སོང་ནས་སློབ་འགོ་ཚུགས་སྐབས་སླར་ཡང་གོམས་གཤིས་དང་ཀུན་སྤྱོད་ཐད་ཡང་བསྐོར་བསྐྱར་བསྐོར་གྱིས་སློབ་གསོ་བྱེད་དགོས་ཀྱི་ཡོད། དེར་བརྟེན། ཁྱིམ་ཚང་སློབ་གསོ་རྒྱུན་གཏན་ཅན་དུ་འགྱུར་བ་བྱ་རྒྱུ་ནི་སློབ་མ་རྣམས་སྐྱོན་བྲལ་ངང་འཚར་ལོང་ཡོང་བའི་འགན་ལེན་གཙོ་བོ་དེ་ཡིན། 

 

   《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱལས། ལྕང་གསར་ཆུང་དུས་འདྲོངས་ན་འདྲོངས་བཟང་ཡིན། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན། ཞེས་པ་ལྟར་ཆུང་དུས་ནས་ཕྲུ་གུར་ཡང་དག་པའི་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་རྒྱུ་དེས་ཕྲུ་གུའི་ཚེ་གང་གི་རང་གཤིས་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་ལ། ཁྱིམ་བདག་གི་སློབ་གསོས་སློབ་མ་རྣམས་ཀྱི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ཕྲུ་གུའི་འཚར་ལོངས་ཀྱི་བརྒྱུད་རིམ་དེ་ཕ་མའི་ཚེ་གཅིག་དང་མཉམ་དུ་འགྲོགས་ཤིང་ཕ་མའི་གཤིས་སྤྱོད་དང་གོམས་གཤིས་དེ་སློབ་མའི་རང་གཤིས་གྲུབ་པའི་རྨང་གཞི་ཞིག་ཏུ་གྱུར་ངེས། དེང་དུས་ཀྱི་ཕྲུ་གུ་རྣམས་ནི་ཕ་མ་དང་རྒན་རབས་ཀྱི་གཅེས་ནོར་དུ་བརྩི་ཞིང་། ཟས་གོས་གནས་མལ་སོགས་འཚོ་བའི་ཆ་རྐྱེན་ལ་སེམས་ཁྲལ་མི་དགོས་པ་མ་ཟད། རྒྱུན་གཏན་འཚོ་བའི་ནང་གི་བྱ་བ་ཙག་ཙིག་ཙམ་ཡང་བསྒྲུབ་མ་ཐུབ་པར་བྱ་བ་ཆེ་ཆུང་གང་ཡིན་ཡང་ཕ་མར་བརྟེན་དགོས་པས་རང་རྐྱ་འཕེར་བའི་ནུས་པ་དང་བྲལ་བར་གྱུར། དེར་བརྟེན་ཁྱིམ་བདག་གིས་ཕྲུ་གུར་ཡང་དག་པའི་ཀུན་སྤྱོད་དང་མི་ཆོས་ཀྱི་སློབ་གསོ་གཏོང་དགོས་པ་མ་ཟད་འཚོ་བའི་གོམས་འདྲིས་ཀྱི་སློབ་གསོ་གཏོང་རྒྱུ་དེ་དེང་རབས་སྤྱི་ཚོགས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལས་འགན་ཞིག་ཡིན། 

   ཕྲུ་གུ་ནི་མི་གཞན་ལ་ལད་མོ་བྱ་རྒྱུར་དགའ་ཞིང་ཁྱིམ་བདག་གི་གཏམ་བརྗོད་དང་། བྱ་སྤྱོད། རང་གཤིས། གོམས་འདྲིས་སོགས་ནི་ཕྲུ་གུས་ལད་མོ་བྱེད་ཡུལ་གཙོ་བོ་དེ་ཡིན། དེས་ན་རང་གི་ཕྲུ་གུ་སྐྱོན་བྲལ་ངང་འཚར་ལོང་དང་། སྤྱོད་ཡོན་ལྡན་པ། གཞན་ལ་ངོམས་ཆོག་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ནི་ཁྱིམ་བདག་ཡོངས་ཀྱི་ཐུན་མོང་གི་རེ་བ་ཡིན་པས་རྒྱུན་གཏན་ནས་རང་དཔེ་གཞན་སྟོན་གྱིས་ཕན་གནོད་ཀྱི་དབྱེ་འབྱེད་དང་། ལེགས་ཉེས་བླང་དོར་གྱི་གནད་ཡང་དག་སྟོན་པ། སྐད་ཆ་ཤོད་སྟངས་དང་། བསམ་པའི་འདུ་ཤེས། རང་ནུས་ཀྱི་སྦྱོང་བརྡར། ཡ་རབས་གུས་ལུགས་སོགས་ཕྱོགས་ཡོངས་ནས་སློབ་གསོ་གཏོང་དགོས་པ་མ་ཟད་། ཕྲུ་གུའི་དགའ་ཕྱོགས་དང་དད་ཕྱོགས་ལའང་དཔྱད་ཞིབ་ཀྱིས་ཡང་དག་གི་དགའ་ཕྱོགས་དང་དད་ཕྱོགས་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། མ་དག་པར་གོ་བསྐོན་བློ་འགུགས་ཀྱིས་ལེགས་ལམ་དུ་འཇུག་ཐུབ་པ་བྱས་ཏེ་སློབ་མའི་ལེགས་ཉེས་བླང་དོར་འབྱེད་པའི་ནུས་པ་གསོ་སྐྱོང་བྱེད་དགོས་སོ། 

 

   མདོར་ན། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ཏེ་དུས་རབས་ཀྱི་གོམ་བགྲོས་དང་མཐུན་པའི་ཕྱོགས་ཡོངས་ཕུལ་དུ་བྱུང་བའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་དེང་རབས་སློབ་གསོའི་ཁ་ཕྱོགས་གཙོ་བོ་ཡིན་པས་སྤྱི་ཚོགས་དང་། སློབ་གྲྭ། ཁྱིམ་ཚང་བཅས་ཕྱོགས་གསུམ་གྱིས་ཕྱར་བ་གྲུ་འདེགས་ཀྱིས་མི་རབས་རྗེས་མར་ཡང་དག་པའི་བསམ་སྤྱོད་ཀྱི་སློབ་གསོ་བཏང་སྟེ་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་མི་སྣ་གང་མང་གསོ་སྐྱོང་ཐུབ་པ་བྱ་རྒྱུ་དེ་ནི་རང་རེའི་ཚེ་གང་གི་དམིགས་རེ་ཡིན་ནོ། 

   ཁ་བྱང་ཕྱི་མོ། སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་ཕྱོགས་ཐད་རང་གི་བསམ་ཚུལ་ཕྲན་བུ།

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060