སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བྱང་ཚད་སློབ་གསོ་ལས་འཕྲོས་པའི་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་མདོ་ཙམ་གླེང་བ།
སྤེལ་དུས། 2016-05-04   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ།  
          ཤེས་རིག་གི་རྒྱ་མཚོ་ལྟར་རྒྱས་པའི་དུས་རབས་འདིར། སྤྱི་ཚོགས་དང་རང་བྱུང་ཚན་རིག་ནི་དུས་ཐུང་སྐར་ཆའི་ཡུན་ལ་གསར་གཏོད་ཀྱི་སྒོ་མོ་གཅིག་རྗེས་གཉིས་མཐུད་དུ་ཕྱེ་ཞིང་། སློབ་གསོའི་ལས་དོན་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བཞིན་པའི་རྨང་གཞིའི་འོག་སློབ་གསོ་ནི་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་ལ་ཁ་ཕྱོགས་པ་བཅས་ཀྱི་དགོངས་དོན་ཟབ་མོའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་བཞིན་བྱང་ཚད་སློབ་གསོའི་མཐོ་རླབས་འཕྱུར་མུས་སུ་སློབ་གསོའི་གཡུལ་ས་མདུན་མར་ཕྱག་ལས་གནང་དང་གནང་མུས་ཀྱི་དགེ་རྒན་རྣམ་པས་ཕྱར་བ་གྲུ་འདེགས་ཀྱིས་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། བྱང་ཚད་སློབ་གསོ་དར་སྤེལ་དང་ཁྱབ་གདལ་གཏོང་རྒྱུ་ནི་མི་རིགས་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བའི་བྱ་བ་གལ་ཆེན་ཞིག་ཏུ་འཁུམས་སོ། བྱང་ཚད་སློབ་གསོའི་ནང་དོན་གཙོ་བོ་ཡིན་པའི་ཀུན་སྤྱོད་སློབ་གསོ་ནི་སློབ་མར་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་རྩ་དོན་བརྩི་སྲུང་དང་ཀུན་སྤྱོད་ཚད་ལྡན་ཡོང་བའི་སློབ་གསོ་གཏོང་བ་དང་། མི་སྒེར་གྱི་ཀུན་སྤྱོད་དང་། ཁྱིམ་ཚང་གི་སྤྱོད་བཟང་། སྤྱི་པའི་སྤྱོད་བཟང་། ཁོར་ཡུག་གི་ཀུན་སྤྱོད་བཅས་ཀྱི་སློབ་གསོ་བཏང་སྟེ་ཡང་དག་པའི་ཀུན་སྤྱོད་ལ་ངོས་འཛིན་དང་། བླ་ན་མེད་པའི་ཀུན་སྤྱོད་ཀྱི་བརྩེ་བ། ཀུན་སྤྱོད་ཀྱི་འདུ་ཤེས་བརྟན་པོ། སྤྱོད་ཚུལ་བཟང་བ་བཅས་ཀྱི་གོམས་གཤིས་ཁོང་ཚོར་འཇགས་པ་བྱ་རྒྱུ་དེ་རེད། དེའང་རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་མཐུན་དགོས་ཞེས་པ་ལྟར་སློབ་མ་སུ་ཞིག་ཡིན་རུང་རང་ཉིད་ལ་ཤེས་བྱ་ཡོན་ཏན་ཇི་ཙམ་ཡོད་ཀྱང་སྤྱོད་པ་བཟང་པོ་ཞིག་མེད་ན་མི་འགྲིག་པ་ཞིག་རེད། དེས་ན། སློབ་ཆུང་དུས་ནས་ཀུན་སྤྱོད་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱེད་ཕྱོགས་དང་། ཀུན་སྤྱོད་སློབ་གསོའི་ལས་འགན་ཁག་ཇི་ལྟར་བསྒྲུབ་དགོས་པ། རིགས་པའི་གཞུང་ལུགས་དང་དོན་དངོས་གཉིས་ཟུང་འབྲེལ་ཇི་ལྟར་བྱེད་དགོས་ཚུལ། སློབ་ཁྲིད་བྱས་པ་བརྒྱུད་སློབ་མའི་ཀུན་སྤྱོད་ལེགས་བཅོས་ཐད་ཕན་འབྲས་གང་འདྲ་ཐོན་མིན། དེང་རབས་དང་སྲོལ་རྒྱུན་གྱི་ཀུན་སྤྱོད་སློབ་གསོའི་མ་ལག་གཉིས་ཟུང་འབྲེལ་ཇི་ལྟར་བྱེད་དགོས་པ། དེང་རབས་དང་སྲོལ་རྒྱུན་གྱི་ཀུན་སྤྱོད་སློབ་གསོའི་མ་ལག་གཉིས་ཁག་སོ་སོར་དགེ་སྐྱོན་གང་མཆིས་པ་སོགས་ཞིབ་འཇུག་བྱ་གཞི་མང་ཡང་འདིར་རང་ཉིད་ཀྱི་མཐོང་ཐོས་མྱོང་གྲུབ་དང་འབྲེལ་ནས་དེ་དག་གི་སྐོར་ལ་ལྟ་ཚུལ་རོབ་ཙམ་ཞུ་བར་བྱའོ།
          གཅིག  བྱང་ཚད་སློབ་གསོའི་དགོངས་དོན་གསལ་རྟོགས་དགོས་པ།
          བྱང་ཚད་སློབ་གསོ་ནི་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་སློབ་གསོའི་བསམ་བློ་ཞིག་ཡིན་པ་དང་ལག་ལེན་ཐད་ནས་བརྗོད་ན་དེ་ནི་སློབ་གསོའི་བྱེད་ཕྱོགས་སྔོན་ཐོན་ཅན་ཞིག་ཡིན་པས་དགེ་རྒན་གྱི་རྒྱུད་ལ་ཐོག་མཐའ་བར་གསུམ་དུ་བློ་སྒོ་འབྱེད་པའི་སློབ་ཁྲིད་ཀྱི་འདུ་ཤེས་གསར་པ་ཡོད་དགོས་པ་དང་། བཤད་ཁྲིད་བྱེད་སྐབས་སེམས་ཁམས་རང་བཞིན་དང་། སྐབས་བསྟུན་རང་བཞིན། ལྟོས་བཅས་རང་བཞིན་སོགས་བྱེད་ཐབས་འདྲ་མིན་སྣ་ཚོགས་བཀོལ་ནས་གླེང་མོལ་དང་ཚོད་ལྟ། རྩེད་འཇོ། དཔེ་མཚོན། དྲི་བ་འདོན་པ་དང་ཆབས་ཅིག་སློབ་མས་སློབ་སྦྱོང་བྱེད་པའི་དང་བ་འདྲེན་ཐུབ་པ་བྱས་ཏེ་སློབ་མའི་བསམ་གཞིག་ནུས་པ་དང་གསར་གཏོད་ནུས་པ་སྐྱེད་སྲིང་ཐུབ་པ་བྱེད་དགོས། དེ་ཡང་སློབ་ཁྲིད་ཁྲོད་དུ་ཐད་ཀར་བཀོལ་ཆོག་པའི་ཤེས་བྱའམ་ནུས་རྩལ་སོགས་དགེ་རྒན་གྱིས་ནུས་ཤུགས་ཡོད་རྒུས་སློབ་མ་རང་ཉིད་ཀྱིས་བེད་སྤྱོད་དུ་འཇུག་པའི་གོ་སྐབས་སྤྲོད་པ་དང་སློབ་མ་རྣམས་ཀྱིས་དེ་དག་ལག་བསྟར་བྱེད་པའི་གོ་རིམ་ནང་གསར་གཏོད་རང་བཞིན་གྱི་རྣམ་པ་གྲུབ་གང་ཐུབ་དང་སློབ་མའི་རང་འགུལ་དང་རང་རྐྱ་འཕེར་བའི་ནུས་པ་འཕེལ་རྒྱས་གཏོང་བར་གཙིགས་ཆེན་བྱེད་པ། དེ་བཞིན་སློབ་མའི་བློ་ངོར་རྙོག་འཛིང་རང་བཞིན་གྱི་འདྲི་རྟགས་དུ་མ་ཐོན་པ་དང་ཅིག་ཅར་དུ་རིགས་པའི་གཞུང་ལུགས་བེད་སྤྱད་དེ་དེ་དག་རེ་རེ་བཞིན་བཀྲོལ་སེལ་ཐུབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད་དགེ་རྒན་གྱིས་གསོན་ཉམས་ལྡན་པའི་སྐད་ཆ་དང་རྣམ་འགྱུར། སྟངས་སྟབས་སོགས་ལ་བརྟེན་ནས་སློབ་མར་གནད་དོན་འཚོལ་ཞིབ་དང་ཐག་གཅོད་ཐུབ་པའི་གོམས་གཤིས་བཟང་པོ་རྒྱུད་ལ་འཇགས་པར་བྱས་ཏེ་ཁོ་ཚོས་གནད་དོན་གཅིག་གི་ཕྱོགས་མི་འདྲ་ས་རེ་རེ་ནས་དཔྱད་པ་གཏོང་བ་དང་སྤོབས་པ་ཆེན་པོས་གསར་གཏོད་དང་འཚོལ་ཞིབ་ཀྱི་འདུ་ཤེས་གྲུབ་པ་བྱས་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་མ་སོ་སོའི་དགའ་ཕྱོགས་དང་མཐུན་ཞིང་དགེ་མཚན་ལྡན་པའི་སློབ་གསོའི་མ་ལག་ཅིག་གྲུབ་རྒྱུར་བརྩོན་ལེན་བྱེད་དགོས།
          གཉིས། སློབ་ཆུང་གི་ཀུན་སྤྱོད་སློབ་ཚན་གྱི་ནང་དོན་དང་གཙོ་གནད་ཀྱི་སྐོར།
          སློབ་གྲྭ་ཆུང་བའི་ཀུན་སྤྱོད་སློབ་ཚན་གྱི་ནང་དོན་གཞི་རྒྱ་ཅུང་ཆུང་བ་སྟེ། དགའ་ཞེན་ལྔ་དང་དོ་སྣང་བྱེད་དགོས་པ་ལྔ། དེ་མིན་མཛེས་པ་བཞི་སོགས་གཙོ་གནད་དུ་བྱས་པའི་སྤྱི་ཚོགས་ཐུན་མོང་གི་ཀུན་སྤྱོད་སློབ་གསོ་དང་། སྤྱི་ཚོགས་ཀྱི་རྒྱུན་ཤེས་སློབ་གསོ། རྒྱལ་གཅེས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་སློབ་གསོ། དངོས་གཙོ་སྨྲ་བའི་སློབ་གསོ་སོགས་ཁག་བརྒྱད་ཙམ་ཡོད། འོན་ཀྱང་སློབ་ཆུང་སློབ་མའི་ན་ཚོད་དང་། ཤེས་ཡོན་གྱི་རྨང་གཞི། སྤྱི་ཚོགས་ཀྱི་ཉམས་མྱོང་། བྱ་དངོས་ལ་དབྱེ་ཞིབ་དང་བསམ་གཞིག་བྱེད་པའི་ནུས་པ། སློབ་གསོའི་མ་ལག་ཆ་ཚང་མིན། སྤྱི་ཚོགས་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་སོགས་ལ་གཞིགས་ནས། ཀུན་སྤྱོད་སློབ་གསོ་གནད་ལ་སྨིན་པ་ཞིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། དེ་ཡང་སློབ་ཆུང་སློབ་མ་རྣམས་ལ་ངེས་པར་དུ་རྣམ་ཀུན་གྱི་ཀུན་སྤྱོད་ལེགས་པོ་དང་། ཤེས་རིག་སྦྱངས་བརྩོན་ལ་དགའ་བའི་གོམས་གཤིས་བཟང་པོ་འཇགས་པ་བྱ་རྒྱུ་ནི་ཀུན་སྤྱོད་སློབ་གསོའི་མ་ལག་ཧྲིལ་པོའི་གཙོ་གནད་དུ་འཇོག་དགོས་པར་སེམས། དེའི་དམིགས་ཡུལ་ནི་ཕྱིས་འབྱུང་མི་སྣ་བཟང་པོ་ཞིག་ཏུ་འཚར་ལོངས་ཐུབ་པའི་ཆེད་ཡིན་སྟབས་རྣམ་ཀུན་འཚོ་བའི་འགྲོ་འདུག་སྤྱོད་གསུམ་དང་། མི་ཚེར་འཛིན་པའི་ཡང་དག་པའི་རྣམ་འགྱུར། རྟག་ཏུ་ཡར་རྒྱས་ཡོང་རྒྱུར་སྤྲོ་བའི་བསམ་བློའི་རྨང་གཞི་བཟང་པོ་བཏིང་ནས། དུས་དང་རྣམ་པ་ཀུན་དུ་འབད་པ་རྒྱུན་སྲིང་བྱེད་ཐུབ་པའི་འདུ་ཤེས་ལྡན་དགོས་ལ། དེ་ཡང་རྒྱལ་གཅེས་རིང་ལུགས་དང་མཉམ་སྡེབ་ལ་དགའ་ཞེན། ཡ་རབས་གུས་ཞབས་བཅས་ཀྱི་སློབ་གསོ་འཐུས་ཚང་ཞིག་གཏོང་དགོས། སློབ་ཆུང་གི་དུས་རིམ་ནི་མི་ཚེའི་ལམ་བུའི་ཐོག་གི་བསམ་སྤྱོད་ཀྱི་རྨང་གཞི་འཛུགས་པའི་དུས་རིམ་གལ་ཆེན་ཞིག་ཡིན། འོན་ཀྱང་བྱིས་པའི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་དོན་དངོས་ཟུང་འབྲེལ་བྱས་ཏེ་སློབ་ཆུང་སློབ་མར་འོས་ཤིང་འཚམ་པའི་སློབ་གཞི་དང་། སློབ་གསོ་གཏོང་ཐབས་འཐུས་སྒོ་ཚང་བ་ཞིག་མེད་པར་རྒན་བྱིས་ཀུན་གྱི་སྦྱང་བྱ་རྩ་བའི་ཆ་ནས་གཅིག་པར་གྱུར་པ་དེ་ནི་ཞན་ཆ་ཞིག་རེད། དཔེར་ན། དགའ་ཞེན་ལྔའི་སློབ་གསོར་ཆ་མཚོན་ན། དེ་ནི་སྤྱི་དམངས་ཡོངས་ཀྱི་སློབ་གསོར་གྱུར་ནས་བཅའ་ཁྲིམས་ཀྱི་ལམ་ནས་གཏན་འབེབས་བྱས་པའི་ཀུན་གྱི་བསྲུང་བྱ་ཞིག་ཡིན། འོ་ན་དོན་དེ་སློབ་ཆུང་སློབ་མར་ཇི་ལྟར་བྱས་ནས་སློབ་གསོ་གཏོང་དགོས་ཤེ་ན། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་བསམ་པའི་ལྟ་བ་འཛུགས་པར་སྤྱི་ཚོགས་རིང་ལུགས་ཀྱི་མི་ཆོས་སློབ་གསོ་གཏོང་རྒྱུ་ནས་འགོ་འཛུགས་དགོས། འཚོ་བའི་ཁྲོད་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་སློབ་གསོ་ནི་ཀུན་སྤྱོད་སློབ་གསོའི་རྨང་གཞི་ཡིན་པས་གལ་ཏེ་རང་རེས་ཀུན་སྤྱོད་སློབ་གསོའི་རྨང་གཞི་འདི་ལེགས་པོ་ཞིག་འདིང་མ་ཐུབ་པ་ཡིན་ན། རིམ་པ་དེ་ལས་མཐོ་ཞིང་གཏིང་དེ་བས་ཟབ་པའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་རྒྱུར་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་དང་གསལ་བཤད་ཐུབ་ཡོད། མི་སུ་འདྲ་ཞིག་ཡིན་རུང་གཞུང་དྲང་བ་དང་སྤྱི་སེམས་ཆེ་བ། ལྷག་བསམ་ཟོལ་མེད། ཁ་བཤད་ལག་བསྟར་ཐུབ་པ་ཞིག་མེད་ན་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་ནི་སྟོང་གཏམ་རང་ཡིན་པ་དང་ཐ་ན་སུས་ཀྱང་ཡིད་ཆེས་བློས་འགེལ་དང་དགའ་གུས་མི་བྱེད་པ་ནི་ཀུན་གྱི་མཐོང་ཆོས་སུ་སྣང། དེ་བཞིན་སློབ་མ་ཞིག་ལ་རང་གི་ཕ་མ་དང་། དགེ་རྒན། སློབ་གྲོགས་སོགས་ལ་བཅོས་མིན་གྱི་བརྩེ་སེམས་དང་། ལྷད་མེད་དགའ་གུས་ཀྱི་བསམ་པ་རྣམ་དག་ཅིག་མེད་ན་དེས་སླད་ཕྱིན་གཞན་ཕན་གྱི་ཁུར་ལེན་དཀའ་ཞིང་། སྒེར་སེམས་ཆེ་བ་དང་ལེ་ལོ་ཅན་ཞིག་ལས་སྤྱི་ཚོགས་ལ་ཕན་སེམས་དང་ཐུན་མོང་ཡར་རྒྱས་ཡོང་བའི་བསམ་པ་འཆང་དཀའ་བ་ནི་དོན་དངོས་ཀྱི་འཚོ་བའི་ཐོག་ནས་ར་འཕྲོད་ཐུབ། དེར་བརྟེན་སློབ་ཆུང་སློབ་མ་རྣམས་ལ་རྣམ་ཀུན་ནས་ཡ་རབས་སྤྱོད་བཟང་གི་སློབ་གསོ་རྒྱུན་སྲིང་ངང་བཏང་ནས་གོམས་གཤིས་ལེགས་པོ་ཞིག་འཇགས་པ་བྱ་རྒྱུ་ནི་ཀུན་སྤྱོད་སློབ་གསོའི་རྨང་གཞི་དང་། འགག་གནད་ཅིག་ལ་བཟུང་ནས་ལས་དོན་དེ་ཡང་དག་པར་གཉེར་དགོས་སོ།
          གསུམ། སློབ་མའི་སེམས་ཁམས་སློབ་གསོར་སྣང་ཆེན་བྱེད་དགོས།
          བྱང་ཚད་སློབ་གསོའི་གྲུབ་ཆར་སོང་བའི་བྱེ་བྲག་སློབ་གསོའི་མ་ལག་སྟེ། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་ནི་ཚན་རིག་རང་བཞིན་དང་ལག་ལེན་རང་བཞིན་གྱི་སློབ་གསོའི་བྱ་བ་ཞིག་ཡིན་གཤིས། སློབ་མ་རང་ཉིད་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་ཞི་མཐུན་བག་ཕེབས་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་ཡོད་དགོས་ཏེ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་ཡོངས་ནས་སློབ་མ་རང་རང་གི་དགའ་ཕྱོགས་འཁྱེར་སོ་བཞིན་སྐྱེད་སྲིང་བྱེད་དགོས། དཔེར་ན། སློབ་གྲྭ་དང་འཛིན་གྲྭས་རྒྱུན་དུ་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ཏེ། སློབ་མ་རྣམས་སྤྱི་ཚོགས་ལ་རྒྱུས་ལོན་དང་འཚོ་བའི་ཉམས་མྱོང་། སློབ་ཞོར་ལས་ཀ་སོགས་སྤྱི་ཚོགས་དངོས་ཀྱི་ཁྲོད་ཞུགས་ཏེ་སློབ་སྦྱོང་དང་འཚོ་བ། མི་དང་མིའི་དབར་གྱི་འབྲེལ་བར་བསམ་གཞིག་བྱེད་སྟངས་བཅས་ལ་དགེ་མཚན་ཡོད་པའི་ཕྱོགས་སུ་འཚར་ལོངས་ཡོང་དུ་འཇུག་དགོས། དེ་མིན་ད་དུང་དཀའ་སྤྱད་འབད་བརྩོན་གྱི་ཤེས་བྱ་སྦྱངས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྦྱོང་བརྡར་བྱེད་པ་དང་། གསར་གཏོད་ཀྱི་ནུས་པ་དང་སེམས་ཁམས་ཀྱི་གནད་དོན་སྣ་ཚོགས་ལ་འབྲེལ་བ་བྱས་ཐོག་རང་ཉིད་ཀྱི་ནུས་པ་སྦྱོང་བརྡར་བྱེད་པ་དང་། རྒྱུན་གཏན་གྱི་སེམས་ཁམས་ཤིག་ཏུ་འགྱུར་བ་བྱས་ཐོག་ཐུན་མོང་ལ་དགའ་ཞེན་དང་གཞན་ལ་བརྩི་བཀུར་བྱེད་པའི་འདུ་ཤེས་སོགས་སེམས་ཁམས་བདེ་ཐང་གི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས།
          བཞི་པ། བསམ་བློ་ཀུན་སྤྱོད་སློབ་གསོ་དེ་འཚོ་བ་དངོས་དང་ཟུང་འབྲེལ་བྱེད་དགོས།
          “སྒྱུར་བཅོས་ཀྱི་འགག་རྩ་ནི་དོན་དངོས་དང་རིགས་པའི་གཞུང་ལུགས་ཟུང་འབྲེལ་བྱ་རྒྱུའི་བྱེད་ཕྱོགས་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུ་དེ་ཡིནཞེས་གསུངས་པ་ལྟར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དེ་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ནས་སློབ་ཕྲུག་ཚོའི་རྒྱུན་གཏན་གྱི་འཚོ་བའི་ནང་དུ་མཐོང་མཐོང་རིག་རིག་གི་བྱ་དངོས་སྣ་ཚོགས་ལ་ལྟ་ཚུལ་ཡང་དག་པ་ཞིག་འཛུགས་ཐུབ་པ་བྱས་ཏེ་སྤྱི་ཚོགས་ནང་བྱུང་བའི་ཡར་ཐོན་གྱི་ཆ་དང་། སློབ་མའི་བསམ་སྤྱོད་གཉིས་མཐུན་སྦྱོར་བྱེད་པའི་བསམ་བློ་གཏོང་དགོས། དེང་དུས་སྤྱི་ཚོགས་ཐོག་རུལ་སུངས་དང་ཚུལ་མིན་བྱ་སྤྱོད་ཀྱང་མི་ཉུང་བ་ཞིག་ཐོན་དང་ཐོན་མུས་ལགས་ཀྱང་དེ་དག་ནི་སྐྱེ་བོ་འགའ་ཞིག་གི་བྱེད་སྤྱོད་ཡིན་པ་དང་། ཡོངས་ཁྱབ་ཐོག་ནས་བལྟས་ན་ལེགས་པའི་ཕྱོགས་མང་པོ་ཡོད་པས་དེ་དག་ལ་མིག་དཔེ་བལྟས་ནས་ལེགས་བརྩོན་ཉེས་དོར་གྱི་སློབ་གསོ་རྒྱུད་ལ་འཇགས་པ་བྱེད་དགོས། ཡིན་ན་ཡང་། ང་ཚོས་ཤེས་དགོས་པ་ཞིག་ལ་ནམ་ཞག་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ཚུལ་མིན་གྱི་བྱ་བ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ན་ཆུང་སློབ་མ་རྣམས་ལ་ཤུགས་རྐྱེན་ཐེབས་དང་ཐེབས་མུས་ཡིན་པས། སློབ་མ་རྣམས་ལ་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོ་གཏོང་རྒྱུ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་ཏུ་གྱུར་ཡོད། དེས་ན་དགེ་རྒན་ཚོས་རིག་པ་བསྒྲིམས་ཏེ་ཀུན་སྤྱོད་སློབ་གསོར་དམ་འཛིན་དང་། ཀུན་སྤྱོད་སློབ་གསོ་གཏོང་ཤེས་པ། ཀུན་སྤྱོད་སློབ་གསོ་གཏོང་མཁས་པ། ཀུན་སྤྱོད་སློབ་གསོ་བཏང་ནས་ནུས་པ་ཐོན་པ། ཀུན་སྤྱོད་སློབ་གསོ་གཏོང་རྒྱུར་ལྷོད་གཡེང་མེད་པ། ཀུན་སྤྱོད་སློབ་གསོ་གཏོང་བའི་འགན་འཁུར་གྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་སློབ་མར་འགན་འཁུར་བ་དང་། ཁྱིམ་བདག་ལ་འགན་འཁུར་བ། སྤྱི་ཚོགས་ལ་འགན་འཁུར་ཐུབ་པ་བཅས་བྱེད་དགོས། མདོར་ན། སློབ་ཆུང་སློབ་གསོའི་མ་ལག་ཁག་ལས་ཀུན་སྤྱོད་སློབ་གསོ་ནི་ཆེས་གལ་ཆེ་བའི་སློབ་གསོའི་མ་ལག་ཅིག་ཡིན་པ་དང་། སློབ་གསོ་དེ་སློབ་མའི་སེམས་ཁམས་དང་། ན་ཚོད། ཤེས་ཡོན་གྱི་ཆུ་ཚད། སྤྱི་ཚོགས་ཀྱི་དོན་དངོས་གནས་ཚུལ་བཅས་དང་འབྲེལ་བ་ཡོད་པའི་དོན་གནད་འགངས་ཆེན་ཞིག་ལགས། སློབ་གསོ་དེ་གནད་ལ་འཁེལ་ཞིང་། ཕན་ནུས་ཐོན་པ་ཞིག་གཏོང་དགོས་ན། ངེས་པར་དུ་ངང་རྒྱུད་རིང་ལ་རྒྱུན་སྲིང་གིས་སློབ་གསོའི་ཐབས་ལམ་སྣ་མང་སྤྱོད་དགོས་པ་དང་། རྒྱུན་གཏན་འཚོ་བའི་ཆ་ཤས་རེ་རེ་དང་འབྲེལ་བ་དམ་ཟབ་བྱས་ནས་བློ་སྒོ་འབྱེད་དགོས། ཁྱིམ་བདག་གིས་དུས་རྒྱུན་ནས་ཕྲུ་གུའི་ཟས་སྤྱོད་འགྲོ་འདུག་ཐད་སློབ་གསོ་དང་མིག་དཔེ་འདོན་དགོས་པ་དང་དགེ་རྒན་གྱིས་རང་དཔེ་གཞན་སྟོན་ཐུབ་པ་བྱ་རྒྱུ་ནི་དེ་བས་གལ་ཆེའོ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716