འདི་ལོ་ནི་ཁུང་ཙི་སློབ་གླིང་བཙུགས་ནས་ལོ༡༠འཁོར་བའི་ལོ་ཞིག་རེད་ལ་ལི་གཡོད་རི་ནེ་ལུའུ་གནམ་བདག་ཆོས་ལུགས་སློབ་ཆེན་དུ་ཁུང་ཙི་སློབ་གླིང་གི་སྒོ་བྱང་བཀལ་ནས་ལོ༣འཁོར་བའི་དྲན་གསོའི་ཉིན་མོ་ཞིག་ཀྱང་རེད། ཀྲུང་པར་རྒྱལ་ཁབ་གཉིས་དབར་གྱི་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་སོང་བས་པར་ཙིར་དུ་ཁུང་ཙི་སློབ་གླིང་འཕེལ་རྒྱས་གཏོང་རྒྱུར་ལེགས་ཆ་ངེས་ཅན་ཞིག་ལྡན་པར་གྱུར་ཡོད། ཡུན་རིང་མ་སོང་གོང་སྐབས་བཅུ་གསུམ་པའི “རྒྱ་སྐད་སྦྲེལ་ཟམ”ཞེས་པའི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲང་ཧྲ་རུ་བྱས་པ་དང་པར་ཙིར་གྱི་བདམས་ཐོན་པ་ཧྲི་མོ་ལི་ལ་ཨང་དང་པོ་ཐོབ་པ་རེད།
ཀྲུང་པར་རིག་གནས་སྤེལ་རེས་ཀྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་ཐུབ་རེ་བྱེད་པ།
༢༠༡༤ལོའི་ཟླ་དྲུག་པའི་ཟླ་མཇུག་བར་པར་ཙིར་དུ་ཁུང་ཙི་སློབ་གླིང༧དང་ཁུང་ཙི་སློབ་ཁང༢བཙུགས་ཡོད། ཁན་ཕི་ན་སི་ཀྲོའུ་བཙུགས་སློབ་ཆེན་གྱི་སློབ་སྤྱི་རུའོ་སེ•ཆའོ་ཀྲི་ཡིས་དེ་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་པར་ཙིར་དུ་ཀྲུང་གོའི་རིག་གནས་ཁྱབ་གདལ་གཏོང་བ་མཐོང་སྐབས་རང་ཉིད་ཧ་ཅང་དགའ་པོ་བྱུང་། ད་ཆ་པར་ཙིར་གྱི་མང་ཚོགས་ཀྱིས་ཀྲུང་གོའི་རིག་གནས་སྦྱོང་འདོད་ཆེན་པོ་བྱེད་པ་དང་ཁོང་ཚོས་ཀྲུང་པར་རིག་གནས་སྤེལ་རེས་ཀྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།
པར་ཙིར་གྱི་ཀྲུང་གོའི་གནད་དོན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཨན་ན•ཡ་ཀྭ་ལི་པེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁུང་ཙི་སློབ་གླིང་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་པའི་རྣམ་གྲངས་ཤིག་ཡིན་པ་དང་དེ་ལས་མི་རྣམས་ཀྱིས་ཀྲུང་གོའི་སྐད་ཡིག་དང་རིག་གནས་སྔར་བས་ལེགས་པའི་ངང་ཤེས་རྟོགས་ཐུབ་ཀྱི་ཡོད། སློབ་ཆེན་དང་མཉམ་ལས་བྱ་རྒྱུ་ནི་རྣམ་གྲངས་དེའི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་རེད་ཅེས་བཤད།
པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་རིག་གནས་ཚན་ཙན་ཀྲེང་ཁོ་ཅུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་ཡུན་རིང་མ་སོང་གོང་ཀྲུའུ་ཞི་ཞིས་ཅིན་ཕིང་པར་ཙིར་ལ་འཚམས་འདྲིར་ཕེབས་པ་དང་རྒྱལ་ཁབ་གཉིས་པོའི་དབར་ཚན་རྩལ་དང་ཚོང་དོན་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་རབ་དང་རིམ་པ་བཞག་པ་དང་སྦྲགས་ཕྱོགས་གཉིས་པོས་སྤེལ་རེས་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་གཏོང་རྒྱུ་རེད། པར་ཙིར་ཁུང་ཙི་སློབ་གླིང་འདི་ཉིད་དཔལ་འབྱོར་དར་རྒྱས་ཆེ་ཙམ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཆེ་བའི་ཤར་ལྷོའི་མཚོ་རྒྱུད་ས་ཁུལ་ནས་བྱང་ཤར་སོགས་སྐམ་སའི་དབུས་རྒྱུད་ས་ཁུལ་དུ་ཁྱབ་འགྱེད་འགྲོ་འགོ་ཚུགས་ཡོད་ཅེས་བཤད།
༢༠༡༡ལོའི་ཟླ་བརྒྱད་པར་བཙུགས་པའི་ལི་གཡོད་རི་ནེ་ལུའུ་་གནམ་བདག་ཆོས་ལུགས་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་འདི་ནི་ཀྲུང་གོ་རྒྱལ་ཁབ་རྒྱའི་སྐད་ཡིག་རྒྱལ་སྤྱིར་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་པར་ཙིར་དུ་བཙུགས་པའི་ཁུང་ཙི་སློབ་གླིང་གསུམ་པ་རེད། ན་ནིང་ཟླ་དྲུག་པར་ལི་གཡོད་ཁུང་ཙི་སློབ་གླིང་དང་ལི་གཡོད་ཀྲོའུ་སློབ་གསོ་ཅུས་དང་དེ་བཞིན་ལི་གཡོད་ཐང•ཧེང་ལི་ཁེ་ཀྲོའུ་བཙུགས་སློབ་འབྲིང་དབར “སྐད་གཉིས་སློབ་གྲྭའི་རྣམ་གྲངས” ཀྱི་མཉམ་ལས་འདོད་འདུན་ཡི་གེའི་ཐོག་མིང་རྟགས་བཀོད་ཅིང་། རྣམ་གྲངས་དེ་ལག་ལེན་བསྟར་འགོ་ཚུགས་པ་ལས་བརྒྱུད་རིམ་ལྡན་པའི་རྒྱའི་སྐད་ཡིག་སློབ་ཁྲིད་སློབ་ཚན་ལི་གཡོད་གཞུང་བཙུགས་སློབ་འབྲིང་ཡུལ་སྐོར་ཆེད་ལས་སློབ་ཁྲིད་མ་ལག་ནང་ཐེངས་དང་པོར་བཅུག་པ་མཚོན་པ་མ་ཟད། ད་དུང་ཀྲོའུ་སྲིད་གཞུང་དང་ལི་གཡོད་སློབ་གསོ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁྱབ་གདལ་འོག་ཁུང་ཙི་སློབ་གླིང་གི་ལི་གཡོད་དུ་ཡོད་པའི་རྒྱའི་སྐད་ཡིག་གི་རིག་གནས་སློབ་ཁྲིད་སློབ་ཆེན་སློབ་གྲྭའི་སློབ་དུས་སྐར་འགོད་ལམ་ལུགས་ཀྱི་སློབ་ཚན་དང་ལས་ཞོར་གྱི་དར་མའི་སློབ་ཚན་ཁོ་ན་ཙམ་མིན་པར་དེ་བས་རྨང་གཞི་དང་རྒྱ་ཁྱབ་ཆེ་བའི་སློབ་ཚན་མ་ལག་ཏུ་ཁྱབ་ནས་ལི་གཡོད་ཀྲོའུ་ཡི་གཞོན་ནུ་ལོ་ཆུང་ཚོར་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་གསར་པ་ཞིག་ཕྱེ་བའང་མཚོན་གྱི་ཡོད་པ་རེད།
དགེ་རྒན་དཀོན་པ་ནི་འཕྲད་པའི་དཀའ་ངལ་ཆེ་ཤོས་ཡིན་པ།
མིག་སྔར་པར་ཙིར་ཁུང་ཙི་སློབ་གླིང་འཕེལ་རྒྱས་གཏོང་བར་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་དགེ་རྒན་མི་འདང་བ་དེ་རེད། ཡོ་རོབ་དང་ཨ་མེ་རི་ཁ་གླིང་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་འདྲ་བར་པར་ཙིར་དུ་དབྱིན་ཡིག་ཁྱབ་གདལ་བྱུང་ཚད་མཐོ་པོ་མེད། དབྱིན་ཡིག་མཁས་པའི་ཤེས་ལྡན་མི་སྣ་སློབ་ཆེན་དང་སློབ་གླིང་ཉུང་ཤས་དང་སྲིད་གཞུང་ཚན་པར་གཅིག་སྡུད་ཆེ་ཙམ་ཡོད། ཀྲུང་གོའི་ཕོར་ཐིའུ་ཀལ་སྐད་ཡིག་ཆེད་ལས་ཀྱི་སློབ་མ་མང་ཆེ་བས་སློབ་གྲྭ་ཐོན་རྗེས་ཁེ་ལས་དང་སྲིད་གཞུང་སྡེ་ཚན་སོགས་སུ་ལས་ཀ་བྱེད་པར་བསྐྱོད་པ་ལས་སློབ་གསོའི་བྱ་གཞག་ཏུ་ཞུགས་མཁན་ཤིན་ཏུ་ཉུང་ཉུང་རེད། དེས་པར་ཙིར་ཁུང་ཙི་སློབ་གླིང་གི་སློབ་ཁྲིད་ཐད་དཀའ་ངལ་ཆེན་པོ་བཟོས་ཡོད་པ་རེད།
མིག་སྔར་པར་ཙིར་ཁུང་ཙི་སློབ་གླིང་དུ་ལས་ཀ་བྱེད་མཁན་བསླབ་པ་རྒན་གྲས་ཧ་ཅང་ཉུང་བ་དང་མང་ཆེ་བ་ནི་ན་གཞོན་དང་བླངས་པ་རེད། དང་བླངས་པ་ཚོའི་དེའི་ཐད་ཀྱི་ཤེས་རྒྱ་ཆེན་པོ་མེད་པས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱེད་དཀའ་བ་ཞིག་ཡོད།
ཨན་ན་ཡིས་རྒྱའི་སྐད་ཡིག་སློབ་ཁྲིད་དེ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་དང་ཟུང་འབྲེལ་སྔར་བས་མང་བ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས་པར་ཙིར་བས་ཤེས་འདོད་བྱེད་པ་ནི་ཀྲུང་གོའི་སྐད་ཡིག་ཁོ་ན་མིན་པར་ཀྲུང་གོའི་རིག་གནས་དང་། རང་བྱུང་། ལོ་རྒྱུས་ལ་སོགས་རེད། དེ་ལྟར་བྱས་ན་དམིགས་སའི་རང་བཞིན་སྔར་བས་ཆེན་པོ་ལྡན་པ་ཞིག་ཡོད་ཅེས་བཤད།
པར་ཙིར་བས《སུན་ཙི་དམག་ཇུས》སོགས་ཀྲུང་གོའི་བསྟན་བཅོས་མང་པོ་ཆ་རྒྱུས་ཆེ་ཙམ་ཡོད་ནའང་དེབ་འདི་ནི་དབྱིན་ཡིག་པར་གཞི་ནས་ཕོར་ཐིའུ་ཀལ་སྐད་ཡིག་པར་གཞིར་ཡིག་སྒྱུར་བྱས་པ་ཞིག་རེད། རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་བ་དང་དེ་ནས་ཕོར་ཐིའུ་ཀལ་སྐད་ཡིག་དུ་བསྒྱུར་གྱི་ཡོད། དེ་དག་གི་སྒྱུར་སྤུས་དག་ཚད་ནི་ཞིབ་དཔྱད་བྱེད་དཀའ་བ་ཞིག་ཡོད། པར་ཙིར་གྱི་པར་བསྐྲུན་ཚོགས་པས་མིག་སྔར་ཀྲུང་གོའི་དཔེ་ཚོགས་ཡིག་སྒྱུར་བྱེད་རྩིས་ཡོད་པས་རྒྱལ་ཁབ་གཉིས་པོའི་སྐད་ཡིག་བྱང་ཆུབ་པ་ཤེས་མཁན་དེ་བས་དགོས་གལ་ཆེ། མིག་སྔར་ཁུང་ཙི་སློབ་གླིང་གིས་རྒྱ་ཡིག་དཔེ་དེབ་འགའ་ཞིག་ཕོར་ཐིའུ་ཀལ་སྐད་ཡིག་ཏུ་སྒྱུར་བའི་ལས་དོན་ལ་རོགས་དངུལ་སྤྲད་དེ་རྒྱབ་སྐྱོར་བྱེད་ཀྱི་ཡོད། སླད་ཕྱིན་པར་ཙིར་གྱི་མང་ཚོགས་སྔར་ལས་མང་བར་རྒྱ་ཡིག་དཔེ་དེབ་ལྟ་རྒྱུ་ཡོང་བ་བྱས་ནས་ཀྲུང་གོའི་རིག་གནས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད།
ཁ་བྱང་ཕྱི་མོ། ཁུང་ཙི་སློབ་གླིང་གིས་པར་ཙིར་གྱི་དམངས་ལ་སྐར་ཁུང་གསར་པ་ཞིག་ཕྱེ་བ།
(རྩོམ་འགན་པ ལྷ་དབང་།)