སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཉི་ཧོང་བར་ནོ་པེལ་བྱ་དགའ་བསྟུད་མར་ཐོབ་དོན་ཅི་ཡིན་ནམ།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ཀླུ་འབུམ་རྒྱལ།

༢༠༡༤ལོའི་ནོ་པེལ་དངོས་ལུགས་རིག་པའི་བྱ་དགའ་ནི་འཇར་པན་གྱི་ཚན་རིག་པ་གསུམ་ལ་གནང་། དེ་དག་ནི་འཇར་པན་གྱི་མེ་ཇོར(Meijo University)སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཨེ་ཟ་མི་ཨི་ཁ་ཟ་ཁེ་དང་།(Isamu Akasaki ལོ༨༥)ནཱ་ག་ཡ་སློབ་གྲྭ་ཆེན་མོའི(Nagoya University)དགེ་རྒན་ཧེ་རོ་ཧྲི་ཨ་མི་ནོ།(Hiroshi Amanoལོ༥༣)ཨ་རིའི་ཁ་ལེ་ཧྥོར་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཧྲུའུ་ཆི་ན་ཁ་མུ་ར།(Shuji Nakamuraལོ༦༠) ཚན་རིག་པ་འདི་གསུམ་གྱིས་དེ་སྔོན་ཚན་རིག་པ་རྣམས་ཀྱིས་ཞིབ་འཇུག་བྱས་མྱོང་མེད་པའི་ཏན་འགྱུར་ཀེལ་བེད་སྤྱད་ནས་དཀའ་ཚད་ཆེ་བའི་འོད་འཕྲོ་སྣེ་གཉིས་སྦུ་གུ་སྔོན་པོLEDགསར་གཏོད་བྱས་ཤིང་དེའི་བཀོལ་སྤྱོད་ཀྱི་བྱ་བར་བྱས་རྗེས་ཆེན་པོ་བཞག

ཨ་རིའི་ཁ་ལེ་ཧྥོར་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཧྲུའུ་ཆི་ན་ཁ་མུ་ར།(Shuji Nakamuraལོ༦༠) 

ད་ལྟའི་བར་དུ། འཇར་པན་དུ་ནོ་པེལ་གྱི་བྱ་དགའ་ཐོབ་པའི་མི་སྣ༢༢ཡོད(དེའི་ཁྲོད་དུ་ད་ལོ་བྱ་དགའ་ཐོབ་མཁན་དེ་དག་འདུས་ཡོད།)དཔལ་འབྱོར་རིག་པ་ཁོ་ནའི་བྱ་དགའ་ཐོབ་མེད་པ་ལས་དེ་མིན་དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པ། རྩོམ་རིག་དང་སྐྱེ་དངོས་རིག་པ། གསོ་རིག་དང་ནོ་པེལ་ཞི་བདེའི་བྱ་དགའ་སོགས་ཐོབ་ཡོད། མི༢༢ཁྲོད་ནས་དངོས་ལུགས་རིག་པའི་བྱ་དགའ་ཐོབ་མཁན༡༠ཡོད་པ་དང་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན༧ཡོད། འདི་འདྲའི་འབུར་དུ་ཐོན་པའི་རྒྱལ་ཁའི་འབྲས་བུ་ཡི་མདུན་དུ་མི་རྣམས་རང་དབང་མེད་པར་ཡ་མཚན་དང་ངོ་མཚར་གྱི་ཀློང་དུ་ཚུད་སྲིད། འོ་ན་ཅིའི་ཕྱིར་འཇར་པན་ལ་ནོ་པེལ་བྱ་དགའ་དེ་འདྲའི་མང་པོ་ཐོབ་པ་ཡིན་ནམ་ཞེ་ན། ང་ཚོས་གཤམ་གྱི་དྲིས་ལན་ལ་གསན་རོགས།

ཚན་རིག་གི་ཁོར་ཡུག་སྲ་ཞིང་བརྟན་ལ་འགན་སྲུང་ཡོད་པ།

མེ་ཇོར(Meijo University)སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཨེ་ཟ་མི་ཨི་ཁ་ཟ་ཁེ།(Isamu Akasaki ལོ༨༥)

"འཇར་པན་དུ་ནོ་པེལ་བྱ་དགའ་ཐོབ་མཁན་འདི་འདྲའི་མང་པོ་བྱོན་ཡོད་པས། འདིའི་རྒྱུ་རྐྱེན་ནི་འཇར་པན་གྱི་ཚན་རིག་པའི་མིག་རྒྱང་ཡངས་པ་དང་རྒྱལ་སྤྱིའི་འབྲེལ་འདྲིས་ལ་མཐོང་ཆེན་པོ་བྱེད་པ་དང་འབྲེལ་བ་ཡོད་སྲིད།"ཅེས་འཇར་པན་ཁྲི་པ་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་འབུམ་རམས་པ་ལི་ཀྲུང་ཧྲིན་གྱིས་མི་དམངས་དྲ་བའི་བཅར་འདྲི་དང་ལེན་བྱེད་པའི་སྐབས་སུ་འདི་འདྲ་བཤད། ༡༩༨༧ལོར་ནོ་པེལ་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན་ཐོ་ནེ་ཀ་བ་སི་སིམ(Tonegawa Susum)ནིMITཡི་དགེ་རྒན་ཆེན་མོ་ཡིན་པ་དང་། ཁོང་གི་ཞིབ་འཇུག་གི་འབྲས་བུ་ནི་ཨ་རིའི་ཞིབ་འཇུག་ཁང་ནས་ལེགས་འགྲུབ་བྱུང་བ་རེད། ༢༠༠༠ལོའི་ནོ་པེལ་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་ཧྲི་ར་ཁ་བ་ཧེ་ཏི་ཁ(Shirakawa Hideki)༢༠༠༡ལོའི་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་རོ་ཁིས་ནོ་ཡོ་རིས(Ryoji Noyori)སོགས་ཀྱིས་སྔོན་ཆད་ཨ་རི་ནས་སློབ་སྦྱོང་བྱས་མྱོང་བ་དང་། ཁོ་ཚོས་ཁྱབ་ཁོངས་སོ་སོའི་ཞིབ་འཇུག་གི་ཁ་ཕྱོགས་དང་ཐབས་ལམ་གསར་པ་ཤེས་རྟོགས་བྱས་ཡོད་པ་རེད།

དེ་མིན་ཚད་རིམ་མཐོ་བའི་ཞིབ་འཇུག་གི་ཆ་རྐྱེན་གྱིས་འཇར་པན་གྱི་ཚན་རིག་པར་སྲ་ཞིང་བརྟན་པའི་འགན་སྲུང་བསྐྲུན་ཡོད་པ། ལྷག་པར་དུ་དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པ། ཚེ་སྲོག་ཚན་རིག་སོགས་ཞིབ་འཇུག་གཙོར་ཆེར་འཛིན་པའི་རིག་ཚན་ལ་མཚོན་ན། ཚད་མཐོའི་ཞིབ་འཇུག་གི་ཆ་རྐྱེན་ནི་ཞིབ་འཇུག་པ་ཞིག་ལ་མཚོན་ན་ཆེས་གལ་ཆེན་པོར་མཐོང་། དེས་ཞིབ་འཇུག་གི་འབྲས་བུར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་གྱིན་ཡོད། ༢༠༠༡ལོར་རོ་ཁིས་ནོ་ཡོ་རིས(Ryoji Noyori)ཀྱིས་ནོ་པེལ་བྱ་དགའ་ཐོབ་པའི་རྗེས་སུ་འཇར་པན་སྲིད་གཞུང་གིས་ཨ་སྒོར་ཁྲི༧༠༠༠བཏོན་ནས་ཁོང་ལ་སྔོན་ཐོན་གྱི་ཞིབ་འཇུག་ཁང་ཞིག་འཛུགས་སྐྲུན་བྱས། འཇར་པན་གྱིས་རང་ཉིད་ཀྱི་ཕུལ་དུ་བྱུང་བའི་ལས་སྣོན་བཟོ་རྩལ་དང་རྨང་བརྟན་པའི་ཐོན་ལས་ཀྱི་རྩ་བར་བརྟེན་ནས་ཚན་རིག་པ་རྣམས་ལ་ཞིབ་འཇུག་དང་གསར་གཏོད་ཀྱི་ཆ་རྐྱེན་གང་ལེགས་མཁོ་འདོན་བྱེད་བཞིན་ཡོད།

 

《འཇར་པན་དཔལ་འབྱོར་གསར་འགྱུར》ནས་བསྟན་རྒྱུར། ༢༠༡༢ལོར་ནོ་པེལ་སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་བྱ་དགའ་ཐོབ་མཁན་ཡ་མ་ནཱ་ཁར(Shinya Yamanaka)རླབས་ཆེ་བའི་མཇུག་འབྲས་དེ་འདྲ་འབྱུང་བ་ལ། ཁོ་བོའི་ཞིབ་འཇུག་ལ་རྟག་ཏུ་རྒྱབ་སྐྱོར་བྱེད་བཞིན་པའི་ཚན་རིག་ལག་རྩལ་སློབ་གླིང་དང་འཇར་པན་ཚན་རིག་ལག་རྩལ་དར་སྤེལ་ལས་ཁུངས་ཁག་གི་མཐུན་རྐྱེན་དང་འབྲལ་ཐབས་མེད་ཟེར། འདི་ལས་འཇར་པན་གྱིས་སྔར་བཞིན་འབྱུང་སྲིད་པ་ཐམས་ཅད་མངོན་འགྱུར་བྱུང་བའི་ས་ཞིང་གཤིན་པོ་སྔར་བཞིན་སོར་བཞག་བྱས་ཡོད་པ་མཚོན།

རང་བདག་རང་དབང་ལ་བར་ཆད་མི་བྱེད་པ།

ཞིབ་འཇུག་ཁོར་ཡུག་ལ་འགན་སྲུང་ཡོད་པ་ལས་གཞན་འཇར་པན་གྱི་ཚན་རིག་པས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་སྡུག་རུས་དང་འབད་འབུངས་ལྷོད་མེད་བྱེད་པའི་རྣམ་འགྱུར་དང་སྙིང་སྟོབས་ནི། ཁོ་ཚོས་ཁྱབ་ཁོངས་སོ་སོའི་ཁྲོད་དུ་མགྱོགས་མྱུར་གྱིས་ཡོ་རོབ་དར་རྒྱས་ཆེ་བའི་རྒྱལ་ཁབ་རྣམས་ཀྱི་འགྲན་སློང་ཐུབ་པ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་རྩེར་སོན་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གཅོ་བོ་ཞིག་ཡིན། འཇར་པན་གྱི་ཞིབ་འཇུག་པའི་རང་བདག་རང་དབང་གི་ཞིབ་འཇུག་ཐབས་ལམ་ནི་ཡང་ཁོ་ཚོས་ཞིབ་འཇུག་གི་ཁྱབ་ཁོངས་སོ་སོ་ནས་བསྟུར་མུར་གཡུར་དུ་ཟ་བའི་འབྲས་བུ་ལོན་པའི་གཙོ་གནད་ཡིན།

དགེ་རྒན་ཆེན་མོ་བ་ལི་ཀྲུང་ཧྲིན་གྱིས་བསྟན་རྒྱུར། འཇར་པན་གྱི་སླབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་དང་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣའི་ལས་གཞི་རེ་ཞུ་བྱེད་པའི་ཐབས་ལམ་དང་རྣམ་པ་ནི། དོན་དངོས་སུ་ལས་གཞི་ཐོ་འགོད་ཀྱི་ལམ་ལུགས་ཡིན་པ་དང་རེ་ཞུ་དང་ཐག་གཅོད་རབ་དང་རིམ་པ་བརྒྱུད་མི་དགོས། འགྲོ་སོང་གི་མ་དངུལ་ངེས་ཅན་ཞིག་མགྱོགས་པོར་ལག་ཏུ་འབྱོར་ཐུབ་པས་ལོ་དུ་མའི་ཞིབ་འཇུག་ལ་འགན་སྲུང་ཐུབ། གནའ་ནས་ད་བར་དུ་འཇར་པན་གྱི་ཚགས་དམ་པའི་ཚན་རིག་ཞིབ་འཇུག་དང་། བརྒྱུད་རིམ་མང་པོ་མེད་པའི་ཞིབ་འཇུག་ལས་གཞིའི་རེ་ཞུ་ཐོ་འགོད། ད་རུང་ཞིབ་འཇུག་ལ་འགན་སྲུང་ཐུབ་པའི་མ་དངུལ། ཞིབ་འཇུག་གི་ཁོར་ཡུག་ལེགས་པོ་བཅས་ཀྱིས་རང་བདག་རང་དབང་གིས་ཞིབ་འཇུག་ལས་དོན་སྤེལ་བར་སྒྲིག་སྲོལ་ལྡན་པའི་འགན་སྲུང་མཁོ་འདོན་བྱས་ཡོད།

ཡང་གཅིག་བཤད་ན། རང་བདག་རང་དབང་དང་བར་ཆད་མེད་པ་ནི་འཇར་པན་ཚན་རིག་པ་རྣམས་ཀྱིས་བསྟུད་མར་ནོ་པེལ་བྱ་དགའ་ལེན་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ད་རུང་འཇར་པན་གྱི་སློབ་གྲྭ་ཆེན་མོ་ཕལ་ཆེ་བ་ནི་ཞིབ་འཇུག་རང་བཞིན་གྱི་སློབ་ཆེན་ཡིན་པ་དང་། ཚན་རིག་ཞིབ་འཇུག་གིས་སློབ་གསོའི་སྣེ་ཁྲིད་པ་ལས་སློབ་ཁྲིད་གཙོར་བཟུང་བའི་སློབ་གྲྭ་མེད། འདི་ནི་ཡང་འཇར་པན་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གི་འབྲས་བུ་མང་དུ་བྱོན་པའི་རྒྱུ་རྐྱེན་གཙོ་བོ་ཡིན། འཇར་པན་དུ་ཐོ་ཁེའོ་སློབ་གྲྭ་ཆེན་མོ(The Universty of Tokyo)དང་ཁེ་ཡོ་ཐོ་སློབ་གྲྭ་ཆེན་མོ(Kyoto University)ལས་གཞན། ནཱ་ག་ཡ་སློབ་གྲྭ་ཆེན་མོ།(Nagoya University)ཤར་བྱང་སློབ་གྲུ་ཆེན་མོ། པེ་ཧེ་ཏོ་སློབ་གྲྭ་ཆེན་མོ(Hokkaido daigku)སོགས་སུའང་ནོ་པེལ་བྱ་དགའ་ཐོབ་མཁན་བྱུང་ཡོད།

ནཱ་ག་ཡ་སློབ་གྲྭ་ཆེན་མོའི(Nagoya University)དགེ་རྒན་ཧེ་རོ་ཧྲི་ཨ་མི་ནོ།(Hiroshi Amanoལོ༥༣)

དེ་མིན་འཇར་པན་ཚན་རིག་པའི་ལས་རིགས་ཀྱི་མཚན་སྙན་མཐོ་བ་མ་ཟད་ཟླ་ཕོགས་སོགས་ཕྱོགས་གང་ཐད་ནས་ཆ་རྐྱེན་ཤིན་ཏུ་ལེགས། དེས་ཀྱང་ཁོ་ཚོས་བློ་སེམས་རྩེ་གཅིག་གིས་སློབ་གཉེར་དང་ཞིབ་འཇུག་བྱ་བར་དགེ་མཚན་བསྐྲུན་ཡོད། འཇར་པན་གྱི"འཇར་པན་སྤྱི་ཚོགས་ཀྱི་གྲལ་རིམ་དང་སྤྱི་ཚོགས་སྤོ་འགུལ"ཞེས་པའི་༡༩༩༥ལོའི་བརྟག་དཔྱད་ཅིག་ལས་མངོན་རྒྱུར། འཇར་པན་གྱི་ལས་རིགས༡༨༧ལྷག་གི་ཁྲོད་དུ་སློབ་ཆེན་དགེ་རྒན་གྱི་ལས་རིགས་ཀྱི་མཚན་སྙན་དང་ཐོབ་ཐང་གི་སྐར་གྲངས་ནི༨༣.༥ཡིན་པ་དང་ཁྲིམས་དཔོན་དང་ཁྲིམས་རྩོད་པའི་སྐར་གྲངས༨༧.༣ལས་ཅུང་ཟད་དམའ་བ་ཙམ་ཡིན། གཞན་ཁེ་ལས་ཆེན་པོའི་འགོ་འཛིན་གྱི་སྐར་གྲངས༧༣.༣དང་མཐོ་རིམ་གཞུང་ཞབས་མི་སྣའི་སྐར་གྲངས༧༠.༥དང་འཁྲབ་སྟོན་པའི་སྐར་གྲངས༥༨.༢སོགས་ལས་ཆེས་ཆེར་མཐོན་པོ་ཡོད།

དཔལ་འབྱོར་གྱི་ཡོང་འབབ་ཐད་ནས་འཇར་པན་གྱི་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་གི་ལས་ཁུངས་གཙོ་བོ(厚生劳动省)ཡི"གླ་ཕོགས་སྒྲིག་གཞིའི་གཞི་རྩའི་བསྡོམས་རྩིས་ཞིབ་བཤེར"ཞེས་བ་ལས་མངོན་པའི་མཇུག་འབྲས་ལྟར་ན། ༢༠༠༨ལོའི་འཇར་པན་གྱི་སློབ་ཆེན་དགེ་རྒན་གྱི་ཆ་སྙོམས་ཀྱི་གླ་ཕོགས་ནི་ཕལ་ཆེར་འཇར་སྒོར་ཁྲི༡༡༢༢ཙམ་ཡིན་པ་དང(མི་དམངས་ཤོག་སྒོར་ཁྲི༩༠)དེ་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་གླ་ཕོགས་ལས་འཇར་སྒོར་ཁྲི༦༦༣གྱིས་མང་།

ཚན་རིག་ཞིབ་འཇུག་གི་གྲོན་དངུལ་གཏོང་ཚད་ཆེས་མང་པ།

"དུས་རབས་སྔོན་མའི་ལོ་རབས༨༠བའི་སྐབས་སུ་ཡོ་རོབ་དང་མེ་གླིང་གིས་འཇར་པན་གྱིས་རྨང་གཞིའི་ཞིབ་འཇུག་ཕྱོགས་སུ་གཞན་གྱི་རྨང་གཞིར་བརྟེན་པ་ལ་སྐྱོན་བརྗོད་བྱས་པས། དེར་བརྟེན་འཇར་པན་གྱིས་འཛམ་གླིང་རང་བཞིན་གྱི་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱེད་པའི་སྲིད་ཇུས་བཏོན། དེར་ཚད་ངེས་ཅན་ཞིག་གི་སྟེང་དུ་རྒྱལ་ཁ་ཐོབ།"འཇར་པན་དཔལ་འབྱོར་གསར་འགྱུར་ནས་"ཡིན་ནའང་འདི་ལྟའི་ཡ་གླིང་གི་རྒྱལ་ཁབ་སོ་སོའི་རྒྱུག་རེས་ལས་ཐར་ཐབས་མེད་པར་བརྟེན་ནས་འཇར་པན་གྱིས་ངེས་བར་དུ་ཞིབ་འཇུག་ལ་འཇོན་པའི་མི་སྣ་མང་པོ་གསོ་སྐྱོང་བྱེད་དགོས།"ཞེས་བསྟན་ཡོད།

འཇར་པན་གྱི་ཚན་རིག་ལག་རྩལ་གྱི་སྲིད་ཇུས་ཞིབ་འཇུག་ཁང་(文部科学省)གི་དཔྱད་རྩོམ་གྱི་གྲངས་གཞི་ལས་མངོན་རྒྱུར། འཇར་པན་གྱི་ཆེས་ཕུལ་དུ་བྱུང་བའི་སློབ་གྲྭ་ཆེན་མོའི་རྗེས་སུ་འབྲངས་བའི་སྐས་རིམ་གཉིས་པའི་སློབ་ཆེན་གྱི་གྲངས་ཀ་ནི་ཚད་ཉུང་བ་དང་། སྣེ་གཉིས་ཁ་བྲལ་གྱི་རང་བཞིན་ཧ་ཅང་གིས་མངོན་གསལ་དུ་མཐོང་། ཡིན་ཡང་རྨང་གཞིའི་ཞིབ་འཇུག་ལ་མཁས་པའི་ཡོ་རོབ་དང་མེ་གླིང་གི་རྒྱལ་ཁབ་ཁག་དང་བསྡུར་ན་འཇར་པན་གྱི་ཆུ་ཚད་འདི་ལྟ་བུ་ནི་ཆེས་སྐྱེན་པོའི་རང་བཞིན་དུ་གནས་པ་དང་། སྤྱིའི་ཆ་ནས་བཤད་ན་འགྲན་རྩོད་ཧ་ཅང་དྲག

"སྤྱིར་བཏང་དུ་ཚན་རིག་ལག་རྩལ་གྱིས་ཐོན་སྐྱེད་ནུས་ཤུགས་ལ་བསྒྱུར་བཅོས་བྱེད་དགོས་ན་ངེས་བར་དུ'རྨང་གཞི་ནས་འགོ་བརྩམས་ནས་བེད་སྤྱོད་རང་བཞིན་དང་། དེ་ནས་གསར་སྤེལ་ཞིབ་འཇུག'གི་གོ་རིམ་བརྒྱུད་དགོས། ཨ་རི་དང་སུའུ་ལེན། དེ་མིན་ཡོ་རོབ་ཀྱི་སྟོབས་ལྡན་རྒྱལ་ཁབ་ཁག་ལ་མཚོན་ན་ཚང་མ་ནི་བགྲོད་ལམ་འདི་བརྒྱུད་ནས་ཚན་རྩལ་དར་བའི་རྒྱལ་ཁབ་ཏུ་གྱུར་བ་རེད།"ལི་ཀྲུང་ཧྲིན་གྱིས་བསྟན་རྒྱུར། "ཡིན་ནའང་འཇར་པན་ནི་སྔོན་དུས་ཚན་རྩལ་ཐད་དུ་ལྟོས་བཅོས་སུ་རྗེས་ལུས་ཡིན་པ་དང་འཛམ་གླིང་གི་མདུན་གྲལ་དུ་རྒྱུག་པའི་ཆེད་དུ་ཁོ་ནི་སྔ་མའི་གོ་རིམ་དེ་དང་ལྡོག་ཕྱོགས་སུ་བསྐྱོད་པ་རེད། འཇར་པན་གྱིས'དང་པོ་གསར་སྤེལ་ཞིབ་འཇུག་ནས་འགོ་བརྩམས་ཏེ་བེད་སྤྱོད་རང་བཞིན་དུ་ཞུགས་པ་དང་། མཐའ་མར་རྨང་གཞའི་ཞིབ་འཇུག་ལ་བརྩོན་པའི'ཐབས་ཤེས་སྤྱད་པ་མ་ཟད་མཇུག་འབྲས་ཀྱང་མི་དམན་པ་བླངས།"

སྤྱི་བསྒྲགས་བྱས་པའི་ཡིག་ཆའི་ཁྲོད་དུ། འཇར་པན་གྱི་མིང་ཀྲི་ལུགས་བསྒྱུར་གྱི་རྗེས་ནས་བཟུང་མཐོ་རིམ་སློབ་གསོས་གཙོ་བོ་འཇར་མན་ལ་ལད་བཟློས་བྱས་པ་དང་ཚན་རིག་ཞིབ་འཇུག་གཙོར་བཟུང་། པེ་ཅིང་དགེ་ཐོན་སློབ་གྲྭ་ཆེན་མོའི་ཞིབ་བསྡུར་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཟུར་པ་གོ་དབྱི་མིང་གིས་དེ་སྔོན་གསལ་བཤད་བྱེད་རྒྱུར། འཇར་པན་གྱི་སྲིད་གཞུང་དང་ཁེ་ལས་ཀྱིས་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་ཐད་ལ་མཐོང་ཆེན་བྱེད་པ་དང་ཚན་རིག་ཞིབ་འཇུག་ཐད་ཀྱི་འགྲོ་སོང་གིGDPཡི་ཟིན་ཚད་ནི་བརྒྱ་ཆའི༣ཇ༦༧ཡིན་པ(༢༠༠༧)། འདི་ནི་འཛམ་གླིང་སྟེང་གི་ཆེས་མཐོ་བ་དེ་རེད། སློབ་ཆེན་གྱི་ཞིབ་འཇུག་གྲོན་དངུལ་གྱིས་ཞིབ་འཇུག་གྲོན་དངུལ་ཡོངས་ཀྱི་བརྒྱ་ཆའི༡༨ཇ༣ལས་ཟིན་མེད་ན་ཡང་(༢༠༠༦)སློབ་ཆེན་གྱི་ཞིབ་འཇུག་གྲོན་དངུལ་ནི་གྱི་སྒྲིག་གཞི་ནི་ཁེ་ལས་དང་ཞིབ་འཇུག་ལས་ཁུངས་གཞན་དང་ཡོངས་སུ་མི་མཚུངས་བ་དང་། རྨང་གཞའི་ཞིབ་འཇུག་གི་གྲོན་དངུལ་གྱིས་གོ་གནས་གཙོ་བོ་ཟིན་པས(ཕལ་ཆེར་བརྒྱ་ཆའི༥༥)རྨང་གཞིའི་ཞིབ་འཇུག་ནི་ཚད་མེད་པའི་སྒོ་ནས་ནོ་པེལ་བྱ་དགའ་ལ་བཅར་བའི་གདན་ས་ཡིན།

ཁ་བྱང་ཕྱི་མོ། འཇར་པན་གྱི་མིར་ནོ་པེལ་བྱ་དགའ་བསྟུད་མར་ཐོབ་དོན་ཅི་ཡིན་ནམ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070