སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སློབ་ཆེན་སློབ་མས་དཔྱད་རྩོམ་ཉོ་འཚོང་བྱེད་པའི་གནས་ཚུལ་སྔར་ལས་ཚབས་ཆེན་པར་འགྱུར་བཞིན་ཡོད།
སྤེལ་དུས། 2015-03-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དཔལ་མགོན་སྐྱབས།
  ལོ་རེའི་ཟླ་བ ༣ པའི་ནང་དུ། སློབ་གྲྭ་ཆེན་མོ་རུ་མཐར་ཕྱིན་སློབ་མ་ཚོས་ལས་ཀ་བཙལ་བ་དང་། སློབ་གནས་འཕར་རྒྱུར་གྲ་སྒྲིག་བྱེད་དགོས་པ་མ་ཟད། ད་དུང་དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་མཐར་ཕྱིན་དཔྱད་རྩོམ་སྤུས་ལེགས་ཞིག་འབྲི་རྒྱུ་དེ་རེད། ཡིན་ནའང་བློ་ཕམ་པ་ཞིག་ལ། མཐར་ཕྱིན་དཔྱད་རྩོམ་ནི་སྤྱིར་ན་སློབ་མ་ཚོས་སློབ་ཆེན་སྐབས་ཀྱི་སྦྱང་འབྲས་ཚོད་ལེན་བྱེད་པའི་ཆེད་ཡིན་ནའང་། ད་ལྟའི་དུས་སྐབས་འདིར་དེ་ནི་ཉོ་འཚོང་བྱེད་ཆོག་པའི་ཚོང་རྫས་ཤིག་ཏུ་ཆགས་ཡོད་པ་རེད། ཐའོ་པའོ་དྲ་བའི་ཐོག་ནས“དཔྱད་རྩོམ”ཞེས་འཚོལ་བཤེར་བྱས་ཚེ། “དཔྱད་རྩོམ”ཚོང་རྫས་ཁྲི ༡༧ ལྷག་རྙེད་ཐུབ་ལ། འབྲེལ་ཡོད་ཀྱི་ཚོང་ཁང་ཡང ༣༡༠༠ ལྷག་ཡོད་པ་རེད། ཐའོ་པའོ་ཚོང་ཁང་དེ་དག་གི་བརྡ་སྦྱོར་ཐོག་ཏུ། མངོན་གསལ་ཆེ་བའི་ཚོན་མདོག་གིས“དཔྱད་རྩམ་དག་བཅོས”དང་“དཔྱད་རྩོམ་འབྲི་ཚབ་མཁན”སོགས་ཀྱི་བརྡ་ཡིག་མང་པོ་སྦྱར་ཡོད་པ་རེད།
   ཉེ་ཆར། ཀྲུང་གོའི་མཐོ་རིམ་སློབ་གྲྭའི་སྨྱན་སྦྱོར་མནན་འབྲེལ་ཚོགས་པས་སློབ་ཆེན་སློབ་མ ༣༡༨ ལ་སྐབས་བསྟུན་དཔྱད་འདེམས་བྱས་ཏེ། དཔྱད་རྩོམ་འབྲི་ཚབ་བྱེད་པའི་གནས་ཚུལ་སྐོར་ལ་བརྟག་དཔྱད་བྱས། དེ་དག་ལས་སློབ་ཆེན་སློབ་མ ༣༡.༡༣% ཡིས་མི་གཞན་པ་བཙལ་ནས་དཔྱད་རྩོམ་འབྲི་ཚབ་བྱེད་དུ་འཇུག་པར་བསམ་བློ་གཏོང་མྱོང་ཟེར། སློབ་མ ༧༣.༩%ཡིས་རང་ཉིད་ཀྱི་ཉེ་འཁོར་དུ་དཔྱད་རྩོམ་འབྲི་ཚབ་བྱེད་པའི་གནས་ཚུལ་བྱུང་མྱོང་ཟེར། དཔྱད་རྩོམ་འབྲི་ཚབ་བྱེད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་དྲིས་པར། ལས་ཞུགས་གནོན་ཤུགས་ཆེན་བ་དང་། ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་རྒྱུ་དང་རྒྱལ་ཁབ་གཞན་དུ་སློབ་སྦྱོང་དུ་འགྲོ་བར་བྲེལ་འཚུབ་ཆེ་བ། སྒྱིད་ལུག་ཆེ་བ་དང་ཕྱིར་འགྱངས་བྱེད་པར་དགའ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་རེད།
   ཁྭ་ཁྭ་ཞེས་པའི་སློབ་མ་དེས།“ཞོར་ལས་དེ་བཙལ་རྗེས། ཕལ་ཆེར་ཉིན་ལྟར་ང་རང་ནམ་གོང་ཆུ་ཚོད་གཉིས་ཀྱི་རྗེས་སུ་ད་གཟོད་ཉལ་བ་ཡིན། ཉི་མ་རེ་རེར་གློག་ཀླད་མདུན་ནས་ཆུ་ཚོད་བརྒྱད་ཀྱི་རིང་དུ་རྒྱུ་ཆ་འཚོལ་བསྡུ་དང་རྩོམ་འབྲི་བྱས་པ་ཡིན”ཞེས་བཤད། ཕྱི་འགྲིམ་སློབ་མའི་དཔྱད་རྩོམ་འབྲི་ཚབ་བྱས་པའི་རྗེས་སུ། ཁྭ་ཁྭ་ཕལ་ཆེར་སློབ་ཁྲིད་ལ་ཐེངས་གཅིག་ཀྱང་སོང་མྱོང་མེད་པར། དུས་ཚོད་ཡོད་ཚད་ལས་ཀའི་ཐད་དུ་བཀོལ་ཡོད་པ་རེད།
   ཐེངས་ཤིག་ལ་ཁྭ་ཁྭ་ཡིས་དབྱིན་ཇི་དང་ཨོ་སི་ཁྲུ་ལི་ཡའི་ཕྱི་འགྲིམ་སློབ་མར་དཔྱད་རྩོམ་འབྲི་ཚབ་བྱེད་པའི་སྡེ་ཁག་ཅིག་གིས་ལས་སྒྲུབ་མི་སྣ་བསྡུ་ལེན་བྱེད་བཞིན་པ་མཐོང་བས་ཁོ་རང་དེར་སོང་བ་ན། “ཆ་རྐྱེན་ཧ་ཅང་མཐོན་པོ་འཛོམས་དགོས་པ་དང་། ཐེངས་གཉིས་ལ་རྒྱུགས་བླངས་རྗེས། གཟའ་འཁོར་གསུམ་རིང་དུ་སྦྱོང་བརྡར་བྱས་རྗེས་ད་གཟོད་ལས་ཀ་སྒྲུབ་འགོ་བརྩམས། ལས་ཀ་ཧ་ཅང་མང་པོ་འདུག”ཅེས་ཁོང་གིས་དེ་ལྟར་བཤད།
 
   སློབ་མ་ཚོས་ཟླ་བ་གཅིག་དང་ཡང་ན་སློབ་སྐབས་གཅིག་གི་རིང་ད་གཟོད་ལེགས་འགྲུབ་བྱུང་ཐུབ་པའི་དཔྱད་རྩོམ། སྡེ་ཁག་དེ་ཡིས་ཉིན་གསུམ་གྱི་རིང་དུ་ལེགས་འགྲུབ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱི་འགྲིམ་སློབ་མ་མང་ཆེ་བས་ཚོང་ལས་སྐོར་སྦྱང་བཞིན་ཡོད་པས། ཁྭ་ཁྭ་ཡིས་ཡུལ་སྐོར་དོ་དམ་དང་མི་ཤུགས་ཐོན་ཁུངས་དོ་དམ། ཚོང་རའི་ཉོ་ཚོང་དོ་དམ་སོགས་ཁོ་མོར་སྔོན་ཆད་རྒྱུས་ལོན་ཙམ་ཡང་མེད་པའི་རིག་ཚན་གྱི་དཔྱད་རྩོམ་མི་འབྲི་ཐབས་མེད་བྱུང་། དེ་དག་ལས་མང་ཆེ་བ་ནི་རབ་འབྱམས་པའི་དཔྱད་རྩོམ་རྐྱང་རྐྱང་ཡིན་པ་རེད།
   “སྔོན་ཆད་རང་ཉིད་ཀྱིས་ཚོང་ལས་སྐོར་གྱི་དབྱིན་ཡིག་གི་དཔྱད་རྩོམ་འབྲི་སྐབས། ཡིག་གྲངས ༤༠༠༠ ཡང་འབྲི་ཁག་པ་དང་། ད་དུང་གཟའ་འཁོར་གཉིས་ཀྱི་དུས་ཚོད་བཀོལ་དགོས། འོན་ཀྱང་ཞོར་ལས་དེ་གཉེར་རྗེས། ཉི་མ་གསུམ་རེའི་ནང་དུ་ཡིག་གྲངས ༢༠༠༠~༣༥༠༠ ཡི་དཔྱད་རྩོམ་ལེགས་འགྲུབ་བྱེད་དགོས་པ་རེད” ཅེས་བཤད། ཁྭ་ཁྭ་ཡིས་དཀའ་ལས་མ་ཐེག་པར་དགོང་མོ་ཞིག་ལ་སྡེ་ཁག་དེའི་འགན་ཁུར་མི་སྣར་གནོན་ཤུགས་ཧ་ཅང་ཆེན་པོ་འདུག་ཅེས་སྐད་འཇོག་བྱས། ཕྱིར་ཉིན་ཁོ་མོས་རང་ཉིད་ལས་གནས་ནས་ཕུད་ཡོད་པར་སེམས་ཁྲལ་བྱེད་པའི་སྐབས་སུ། འགན་ཁུར་མི་སྣས་ཁོ་མོར་ཁ་པར་བཏང་སྟེ་ལས་ཀ་ཅུང་ཙམ་ཇེ་ཡང་བཏང་ནས་ངལ་གསོ་བྱེད་བཅུག
   དཔྱད་རྩོམ་འབྲི་ཚབ་བྱེད་པ་སོགས་ཀྱི་སྐོར་ལ། སློབ་གྲྭ་སོ་སོར་ཆེད་དུ་ཞིབ་བཤེར་མ་ལག་ཡོད་ནའང་། ཀྲུང་གོའི་ན་གཞོན་ཆབ་སྲིད་སློབ་གླིང་གི་སློབ་གནས་དཔྱད་འདེམས་ཨུ་ལྷན་གྱི་ཚོགས་མི་ལའོ་ཙི་ཝུན་གྱིས། “ད་ལྟའི་བརྟག་དཔྱད་མ་ལག་དེ་དག་གིས་དཔྱད་རྩོམ་བཤུས་འབྲིའི་གནས་ཚུལ་ཙམ་ཡང་ཡོངས་སུ་ཞིབ་བཤེར་མི་ཐུབ་པས། དཔྱད་རྩོམ་འབྲི་ཚབ་ཀྱི་གནས་ཚུལ་དེ་ལས་ཀྱང་བཤད་མ་དགོས་པ་རེད། རྒྱལ་ཁབ་ཀྱི་ཤེས་ཡོན་ཐོན་དངོས་བདག་དབང་སྲུང་སྐྱོང་རྩ་ཁྲིམས་ཀྱིས་ཀྱང་ཕྱི་ངོས་ཙམ་ལས་སྲུང་སྐྱོང་མི་ཐུབ་པས། གནས་ཚུལ་དེ་ཡིས་སློབ་གྲྭ་ཁག་གི་སྒྲིག་སྲོལ་དང་ལམ་ལུགས་གསར་འཛུགས་ཐད་ལའང་དཀའ་ཁག་ཆེན་པོ་བཟོས་ཡོད་པ་རེད”ཅེས་བཤད།
     ཁ་བྱང་ཕྱི་མོ། སློབ་ཆེན་སློབ་མས་དཔྱད་རྩོམ་ཉོ་འཚོང་བྱེད་པའི་གནས་ཚུལ་སྔར་ལས་ཚབས་ཆེན་པར་འགྱུར་བཞིན་ཡོད།
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070