སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བཤུ་རོགས་སུ“སྡོམ་རྒྱལ”ལ་བརྫུས་པའི་རྒྱ་གར་གྱི་ཁྱིམ་བདག
སྤེལ་དུས། 2015-03-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རིང་རྣམ་རྒྱལ།

ཁྱིམ་བདག་ཐོག་བརྩེགས་སུ་འགོས་ཏེ“བཤུ་ཤོག”སྟེར་བཞིན་པ།

  ཉེ་བའི་ཉིན་ཤས་རིང་།རྒྱ་གར་ཤར་ཕྱོགས་བྷེར་ཧར་པང་གི་རྒྱུགས་ར་ཞིག་ཏུ་ངོ་མཚར་བའི་ལྟད་མོ་མཐོང་རྒྱུ་འདུག ཁྱིམ་བདག་གང་མང་ཞིག་ཐོག་བརྩེགས་བཞི་ཡོད་པའི་གྱང་ངོས་སུ་འགོས་ཏེ།སྒེའུ་ཁུང་ཕྱི་རོལ་དུ་ལངས་ནས།བཤུ་ཤོག་ཤོག་གྲུའི་བར་དུ་བཅུག་སྟེ།འབྲིང་རྒྱུགས་ལ་ཞུགས་པའི་བྱིས་པར་མངོན་སུམ་འཛེམ་མེད་དུ་རྐུན་རོགས་བྱས།
  གོང་གི་པར་འདི་ཚེས ༡༩ ཉིན།《རྒྱ་གར་གྱི་སི་ཐན་དུས་ཚགས》སུ་བཀོད་པར་ཀུན་གྱིས་དོ་སྣང་ཆེན་པོ་བྱས་པར་མ་ཟད།རྒྱ་གར་དུ་མིག་སྔར་ལག་སྟར་བྱེད་པའི་ཡིག་རྒྱུགས་ལམ་ལུགས་དང་སློབ་མའི་གནོན་ཤུགས་ལ་ལྡོག་འདྲི་བྱས།
  རྒྱུགས་འབུལ་བ་གཅིག་ལ་རོགས་མི་བཞི་ལྔ།
  རྒྱ་གར་དུ་ཀྲུང་གོའི་རྒྱལ་ནང་གི་མཐོ་རྒྱུགས་ལྟ་བུའི་སྤྱི་རྒྱུགས་མེད་ན་ཡང་།དམའ་རིམ་མཐར་ཕྱིན་ལྟར་གྱི་ལོ་རིམ་བཅུ་བ་དང་མཐོ་འབྲིང་མཐར་ཕྱིན་འདྲ་བའི་ལོ་རིམ་བཅུ་གཉིས་པ་སོ་སོར་རྒྱལ་ཡོངས་ཀྱི་སྤྱི་རྒྱུགས་རེ་ཡོད།གཟའ་འཁོར་འདིར།སློབ་མ་ས་ཡ་གཅིག་དང་འབུམ་བཞི་ལྷག་བྷེར་ཧར་པང་གི་རྒྱུགས་ར ༡༢༡༧ རུ་འདུས་ཏེ།ཉིན་ཤས་འགོར་པའི་འབྲིང་རྒྱུགས་སུ་ཞུགས་ཡོད།
   རྒྱ་གར་གྱིས་དབྱིན་ཇིའི་སློབ་གསོའི་ལམ་ལུགས་ལྟར།སློབ་ཆུང་ལོ་ལྔ་དང་།དམར་འབྲིང་ལོ་ལྔ།མཐོ་འབྲིང་ལོ་གཉིས།སློབ་ཆེན་ལོ་གསུམ་དུ་བྱས་ཡོད།
  རྒྱུགས་ལ་ཞུགས་སྐབས་བཤུ་འབྲི་བྱེད་པ་རྒྱུན་མི་ཆད།ཁྱིམ་བདག་དང་ཉེ་གནས་ཀྱིས“སྡོམ་རྒྱལ”ལྟར་བཤུ་ཤོག་སྟེར་བ་ལས་དང་གཞན།སློབ་མ་གང་མང་ཞིག་གིས་དཔེ་དེབ་དང་བཤུ་ཤོག་རྒྱུགས་རར་ཡིབ་ཁྱེར་བྱས་ཡོད་པར་མ་ཟད།WhatsAppསོགས་འབྲེལ་འདྲིས་སྨྱན་སྦྱོར་སྤྱད་དེ་དྲིས་ལན“མཉམ་སྤྱོད”བྱེད་བཞིན་འདུག
   བྷེ་ཧར་པང་གི་སློབ་གསོ་པུའུ་ཀྲང་ཕུའུ་ལ་ཧྲ་ཐྲིར•མ་ཁོར•ཧྲ་ཞི་ལ་ཁྱིམ་བདག་གྱང་ངོར་འགོས་ཏེ།བྱིས་པར་རྐུན་རོགས་བྱེད་པའི་སྣང་ཚུལ་དྲིས་པར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད་འདྲ།ཧྲ་ཞི་ཡིས་ཚེས ༢༠ ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག“ང་ཚོས་དེ་དག་མེ་མདས་མར་གཡུག་དགོས་སམ”ཞེས་བརྗོད་མུར“ཆ་སྙོམས་བྱས་ན་བྱིས་པ་རྒྱུགས་འབུལ་བ་གཅིག་ལ་རོགས་མི་བཞི་ནས་ལྔ་འདུག”ཅེས་གླེང་།
  ལོར་ཐྲི་ཧྲི་ཡིས་བཀོད་པ་ལྟར་ན།རྒྱུགས་ཤོག་བཤུ་འབྲི་བྱེད་པའི་སྣང་ཚུལ་འདི།བྷེ་ཧར་པང་གིས་བྱ་དགའ་སྟེར་བའི་སྲིད་ཇུས་ཤིག་ལག་སྟར་བྱས་པ་ནས་བཟུང་སྔར་ལས་ཚབས་ཆེ་རུ་ཕྱིན།སྲིད་ཇུས་དེ་ནི།སྤྱི་ཚོགས་ཀྱི་ཅུང་དམའ་རིམ་ནས་བྱུང་བའི་སློབ་མ་ཞིག་གི་འབྲིང་རྒྱུགས་ཁྲོད་ཀྱི་དྲིས་ལན་ཕྱེད་འགྲིག་ན།སྲིད་གཞུང་གིས་མི་རེར་ལུའུ་པུས་ཁྲི་གཅིག(ཨ་སྒོར་བརྒྱ་དང་དྲུག་ཅུ་ལྷག)གི་བྱ་དགའ་སྟེར།
  རྒྱུགས་ཁྲིམས་དམ་པར་ནུས་པ་གཅིག་སྒྲིག་བྱ་དགོས།
  ཚེས ༢༤ ཉིན་དུ་འབྲིང་རྒྱུགས་རྫོགས་པར་ད་དུང་ཉིན་ཁ་ཤས་འདུག འོན་ཀྱང་ཚེས ༢༠ བའི་བར་དུ།བྷེ་ཧར་པང་དུ་ཉུང་མཐར་སློབ་མ ༦༠༠ ལྷག་བཤུ་འབྲི་བྱས་ཏེ་རྒྱུགས་ར་ལས་ཕྱིར་ཕུད། བྷེ་ཧར་པང་སློབ་གྲྭའི་སློབ་རྒྱུགས་ཨུ་ཡོན་ཁང་གི་དྲུང་ཡིག་སི་ལི་ནུ་ཧ་ཟི•ཐྲིས་ཝ་ལིས་བཤད་པ་ལྟར་ན།སློབ་མ་འདི་དག་ལོ་གསུམ་གྱི་ནང་འབྲིང་རྒྱུགས་སུ་ཞུགས་མི་ཆོག་ལ།གནས་ཚུལ་ཚབས་ཆེ་བ་ཁ་ཤས་དངུལ་ཆད་གཅོད་པ་དང་ཐ་ན་ཁྲིམས་ཁང་དུ་བསྐྱལ་དགོས།
  དེ་ལྟར་ལགས་མོད།ཁྱིམ་བདག་ཁ་ཤས་ཀྱིས་ཁོ་ཚོའི་བྱེད་ལུགས་དེ་འདྲའི་འགྲིག་མེད་ཀྱང་།སྲིད་གཞུང་དང་དགེ་རྒན་གྱིས་བཤུ་འབྲི་རྩད་གཅོད་ཡག་པོ་མི་བྱེད་པ་ལས་ཀྱང་སྲོལ་ངན་ལུགས་ངན་འདི་སྐྱེད་པར་འདོད།
  ཁོ་ཚོའི་སེམས་སུ།ཁ་གྲངས་ས་ཡ་འགའ་ལྡན་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་མཚོན་ན།འབྲིང་རྒྱུགས་ནི་མི་ཚེའི་ཁྲོད་ཀྱི་དཀྱོགས་མཚམས་ཤིག་ཡིན་པས།གནོན་ཤུགས་དེ་ལས་ཤེས་ཡོང་།གནས་ཚུལ་འདི་ལྟ་བུའི་འོག་ཏུ།སྲིད་གཞུང་དང་དགེ་རྒན་གྱིས་འགན་འཁྲི་ཕྲག་ཏུ་བླངས་ཏེ།རྒྱུགས་ཁྲིམས་བཙན་པོས་དྲང་བདེན་ཡོང་བར་བྱ་དགོས་སྙམ།
   ལོར་ཐྲི་ཧྲི་ཡིས་ཁྱིམ་བདག་ཁ་ཤས་ཀྱི་སྐད་ཆར་གཞིགས་ཏེ་བཀོད་དོན།བྷེ་ཧར་པང་སྲིད་གཞུང་གིས་འབྲེལ་ཡོད་དཔང་ཡིག་བརྟག་དཔྱད་མ་བྱས་པའི་གནས་ཚུལ་འོག དགེ་རྒན་འབུམ་བཞི་ལྷག་ལ་ལས་ཀའི་གན་རྒྱ་བཞག འདས་པའི་ལོ་གཉིས་ཀྱི་ནང་དུ།པང་ཧྲིལ་བོའི་དགེ་རྒན་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ནུས་པ་ཚོད་རྒྱུགས་ལས་བརྒལ་མ་ནུས་ལ།ཁ་ཤས་ཀྱིས་ལོ་རིམ་ལྔ་བའི་དྲི་བར་ཡང་ལན་མ་ཕོག དགེ་རྒན་དཔུང་ཁག་བཟང་ངན་སྣ་ཚོགས་བསྲེས་བས།རྒྱུགས་སྤྲོད་ལྟ་ཞིབ་པ་དགེ་རྒན་རེ་འགས་བཤུ་འབྲི་བྱེད་པར་རྣ་གཡས་འོན་པ་དང་མིག་གཡས་ཞ་ར་བྱས།ལ་ལས་ཁྱིམ་བདག་གི་ལྐོག་དངོས་བླངས་ཏེ།སློབ་མས་བཤུ་འབྲི་བྱེད་པར་ལང་ཤོར་དུ་བཏང་།
  པར་ཆས་ཀྱིས་བཟུང་བའི་བཤུ་ཤོག
  “སློབ་མ་ཁོ་ནར་་སྐྱོན་བརྗོད་བྱེད་དོན་ཅི”ཁྱིམ་བདག་སངས་ཆོས་ཧྥུ•མ་ཁོར•ཞིན་ཀིས་འཁང་ར་ཡིས“སློབ་གྲྭས་སློབ་གསོ་ཚད་ལྡན་མཁོ་སྤྲོད་བྱེད་ཡོད་དམ།ཚད་ལྡན་གྱི་དགེ་རྒན་ཤིན་ཏུ་ཉུང་སོང་”ཞེས་བརྗོད།
      ཁ་བྱང་ཕྱི་མོ། བཤུ་རོགས་སུ“སྡོམ་རྒྱལ”ལ་བརྫུས་པའི་རྒྱ་གར་གྱི་ཁྱིམ་བདག
      (རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070