སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཐོ་རྒྱུགས་སླེབས་ལ་ཉེ་བའི་དུས་འདིར་སློབ་གྲོགས་རྣམས་ལ་ཕུལ་བའི་བསླབ་བྱའི་ཚིག་འགའ།
སྤེལ་དུས། 2015-05-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་ཤིས་མཚོ།
  མཐོ་རྒྱུགས་ནི་སློབ་མ་ཞིག་ལ་མཚོན་ན་ཆེས་གལ་འགངས་ཆེ་བའི་ཡིག་རྒྱུགས་ཐེངས་ཤིག་ཡིན་ཏེ། ལོ་ངོ་མང་པོའི་རིང་དཀའ་སྤྱད་འབད་བརྩོན་སྒོས་གསོག་ཉར་བྱས་པའི་རང་ཉིད་ཀྱི་ནུས་ཤུགས་དང་། རང་རྒྱུད་ཀྱི་ཤེས་བྱའི་ཉིང་བཅུད་སོགས་ཕྱིར་མངོན་པའི་གོ་སྐབས་ལེགས་པོ་དེ་ཡིན་པ་སྨོས་མ་དགོས། ཡིག་རྒྱུགས་འདི་ལས་སློབ་གྲོགས་ཚང་མའི་མ་འོངས་པའི་མི་ཚེའི་ལམ་བུ་ཡང་མི་གཅིག་ཁ་ཁར་བཏང་སྟེ་འགྱུར་བ་ཆེན་པོ་གཏོང་སྲིད། དེ་བས། སློབ་གྲོགས་རྣམས་ཀྱིས་ནང་སེམས་ཀྱི་ཞེད་སྣང་དང་དངངས་སྐྲག འཚུབ་ཆ་སོགས་རིང་དུ་སྤངས་ཏེ་། རང་ལ་ཡིད་ཆེས་ཡོད་པའི་སྒོ་ནས་རྒྱུགས་རར་ཞུགས་རྒྱུ་ནི་ཧ་ཅང་གལ་ཆེ་བོ་འདུག་སྙམ། དེ་བས་མཐོ་རྒྱུགས་སླེབས་ལ་ཉེ་བའི་དུས་འདིར། གཤམ་གྱི་ཆེས་མཐོའི་དགེ་རྒན་ཞིག་གི་བསླབ་བྱའི་གདམ་ངག་འདི་དག་རྒྱུགས་སྤྲོད་སློབ་མ་ཚང་མར་ཕུལ་བ་ཡིན།
  རྒྱུགས་མ་བླངས་སྔོན་གྱི་སྒུལ་ཤུགས།
  ༡ མིའི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱེད་པ། གནས་ཚུལ་གང་འདྲར་འཕྲད་ཀྱང་རང་གིས་རང་ལ་ཡིད་ཆེས་བརྟན་པོ་ཡོད་དགོས། མཐོ་རྒྱུགས་ལ་གྲྭ་སྒྲིག་བྱེད་འགོ་ཚུགས་པ་ནས་བཟུང་མཇུག་སྒྲིལ་བའི་བར་དུ་རྒྱུགས་འབྲས་འཕེལ་རྒྱས་ཆེན་པོ་བྱུང་བའི་སློབ་གྲོགས་ཧ་ཅང་མང་བོ་མཐོང་རྒྱུ་འདུག་ལ། གནད་འགག་གི་དུས་སུ་མིའི་འཕེལ་རྒྱུས་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་པར་ཡིད་ཆེས་བྱེད་དགོས།
   ༢ བློ་རྩ་བརྟན་པོ་ཡིན་དགོས་པ། ཞིབ་ཏུ་བརྗོད་ན་མཐོ་རྒྱུགས་ཀྱི་འགྲན་རྩོད་ཁྲོད་དཀའ་ངལ་གང་ལའང་མི་འཛེམ་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། རང་ནུས་ཡོད་རྒུ་བཏོན་ཏེ་དཀའ་བ་ཁྱད་དུ་བསལ་ནས་བློ་སེམས་གཅིག་ཏུ་སྒྲིམ་པ། སྒྱིད་ལུག་གི་རང་བཞིན་རིང་དུ་འདོར་བ། བློ་རྩ་བརྟན་པོའི་ངང་ནས་གོམ་གཤིས་བཟང་པོ་དག་རྒྱུན་འཁྱོངས་བྱ་དགོས།
   ༣ སེམས་ཁམས་སྙོམས་སྒྲིག་བྱེད་པ། མཐོ་རྒྱུགས་ནི་ཤེས་བྱ་དང་བློ་གྲོས་བསྡུར་བའི་འགྲན་རྩོད་ཅིག་ཡིན་པ་མ་ཟད། མིའི་སེམས་ཁམས་ཀྱི་འགྲན་རྩོད་ཅིག་ཀྱང་རེད། མིའི་སེམས་ཁམས་དང་རྣམ་འགྱུར་གྱིས་ཡོད་ཚད་ཐག་གིས་གཅོད་སྲིད་པས། དུས་རྒྱུན་དུ་སེམས་ཁམས་སྙོམས་སྒྲིག་བྱེད་དགོས། སེམས་ཁམས་བཟང་པོ་ཞིག་གིས་མཐོ་རྒྱུགས་ཁྲོད་ནུས་པ་ལེགས་པོ་འདོན་ཐུབ་ངེས།
   ༤ རང་ཉིད་ལ་ངོས་འཛིན་ལེགས་པོ་བྱེད་པ། བསྐྱར་སྦྱོང་གི་དུས་སུ་ནན་ནན་ཏིག་ཏིག་གིས་དགེ་རྒན་གྱི་འཆར་གཞི་དང་བསྟུན་དགོས་མོད། རང་ངོས་ནས་རང་ཉིད་ཀྱི་ཆུ་ཚད་ལའང་ཚད་འཇལ་བཟང་བོ་བྱེད་དགོས་པ་དང་། རང་ཉིད་ཀྱི་ཁྱད་ཆོས་ལྟར་ཆེས་མཐའ་མཇུག་གི་བསྐྱར་སྦྱོང་འཆར་གཞི་ལེགས་པོ་ཞིག་བཟོ་དགོས།
  ༥ རང་ཉིད་ལས་རྣམ་པར་རྒྱལ་དགོས་པ། རང་ཉིད་ལ་ངོས་འཛིན་ལེགས་པོ་བྱེད་པ་ནི་ཧ་ཅང་གལ་འགངས་ཆེ་ལ། རང་ཉིད་ལས་རྣམ་པར་རྒྱལ་བ་ནི་དེ་ལས་ཀྱང་གལ་ཆེ། སློབ་སྦྱོང་གི་དཀའ་ངལ་སྣ་ཚོགས་དང་འགྲན་རྩོད་ཀྱི་གནོན་ཤུགས་དྲག་པོ། སེམས་ཁམས་ཀྱི་འགྱུར་བ་སྣ་འདུས་ཀྱི་མདུན་དུ། རང་ཉིད་་ལས་རྣམ་པར་རྒྱལ་ན་ད་བཟོད་ཡོད་ཚད་ལས་རྣམ་པར་རྒྱལ་ངེས།
   རྒྱུགས་ལེན་ལ་ཉེ་དུས་ཀྱི་བསྐྱར་སྦྱོང་གི་བཀོད་སྒྲིག
  ༦ ཉིན་རེ་བཞིན་འོས་འཚམ་གྱི་རྒྱུགས་གཞི་རེ་འབྲི་བ། རྒྱུགས་ལེན་ལ་ཉེ་དུས་ལུས་སེམས་ཅུང་ལྷོད་ལ་འབབ་དགོས་མོད། ད་དུང་ཉིན་ལྟར་དཀའ་ཚད་འོས་འཚམ་ཡིན་པའི་རྒྱུགས་གཞི་རེ་བྲིས་ན་ལེགས། དེ་ལྟར་སྒྲུབ་པ་ལས་སློབ་མ་རང་ངོས་ནས་རྒྱུགས་ལེན་འདྲི་གཞི་དག་ལ་ཚོར་སྣང་སྐྱེན་པོ་ཡོང་སྲིད་པ་དང་། རྒྱུགས་ར་དངོས་ཀྱི་ནང་ནས་རྒྱུགས་གཞི་དག་ལ་རྒྱུས་མེད་ལྟ་བུར་མི་འགྱུར་རོ།།
  ༧ འདྲི་གཞི་ཐད་ཀར་འགྲོལ་ཐུབ་པར་བྱེད་པ། འོས་འཚམ་གྱི་རྒྱུགས་གཞི་རེ་བདམས་ནས་འགྲོལ་དུས། བློ་སེམས་རྩེ་གཅིག་གིས་བསམ་བློ་བཏང་སྟེ་རིག་ལམ་གསལ་བོར་སྒྲིག་དགོས་པ་དང་ཐད་ཀར་འགྲོལ་ཐུབ་དགོས།
   ༨ དྲིས་ལན་ཚད་ལྡན་ཆ་ཚང་འདེབས་པར་སྦྱོང་བརྡར་བྱེད་དགོས་པ། ལོ་རེའི་མཐོ་རྒྱུགས་ཀྱི་ཁྲོད། སློབ་མ་མང་པོ་ཞིག་གིས་སྤྱིའི་བསམ་བློ་བཏང་བ་འགྲིག་མོད། དྲིས་ལན་བཏབ་པ་ཆ་ཚང་མིན་པས་སྐར་འབྲས་ཤོར་འདུག་པ་ནི་ཡིད་འཕང་དགོས་པ་ཞིག་རེད། དེ་བས་བསྐྱར་སྦྱོང་གི་གོ་རིམ་ཁྲོད་དུ། རྒྱུགས་གཞིའི་དྲིས་ལན་དང་བཅས་པ་ཆ་ཚང་བའི་ཚད་ལྡན་གྱི་རྒྱུགས་གཞི་དག་ལ་དཔེར་བལྟས་ནས་སྦྱོང་བརྡར་ཡང་ཡང་བྱེད་དགོས།
   ༩ རྨང་གཞིའི་ཤེས་བྱར་དོ་སྣང་གང་ལེགས་བྱེད་པ། སྤྱིར་བཏང་དུ། རྒྱུགས་ལེན་ལ་ཉེ་བའི་དུས་སུ། རྙོག་འཛིང་ཅན་གྱི་རྒྱུགས་གཞི་ལ་འཐམས་ནས་བསྡད་ན་དེ་འདྲའི་འོས་འཚམ་ཞིིག་མ་རེད། དེ་ལས་རང་ཉིད་ཀྱིས་སྦྱངས་ཟིན་པའི་རྨང་གཞིའི་ཤེས་བྱ་དག་ལ་ནན་གྱིས་བསྐྱར་སྦྱོང་ལེགས་པོ་བྱས་ནས་རྨང་གཞི་བརྟན་པོ་བཟོ་རྒྱུ་ནི་གལ་ཆེའོ།།
  ༡༠ དུས་བཀག་སྦྱོང་བརྡར་བྱེད་པ། རང་ཉིད་ཀྱིས་འདྲི་གཞི་སྐོར་ཞིག་(དཔེར་ན་འདེམ་སྐོང་འདྲི་གཞི ༡༠)བཙལ་ནས་དུས་ཚོད་གཏན་ཁེལ་བྱས་ནས་འབྲི་བ། ཡང་ན་དྲིས་ལན་རྒྱས་འདེབས་འདྲི་གཞི་ཞིག་བཙལ་ནས་གཏན་ཁེལ་གྱི་དུས་ཚོད་ནང་འགྲུབ་པར་བྱེད་་པ་བཅས་ལས། སློབ་མ་རང་ཉིད་ལ་རྒྱུགས་ལེན་སྐབས་ཀྱི་ཁོར་ཡུག་གི་རྣམ་པ་ཞིག་བསྐྲུན་ནས། ཆེས་བློ་འཚབ་ཆེ་བའི་དུས་སུ་རང་ཉིད་ཀྱི་བསམ་བློའི་ཆུ་ཚད་ལ་ཚད་འཇལ་དང་སྦྱོང་བརྡར་བྱེད་ཐུབ་བོ།།
   ༡༡ བློ་སྒོ་འབྱེད་པའི་བསམ་གཞིགས་བྱེད་པ། རྒྱུགས་གཞི་རེ་བཙལ་ནས་དེ་འགྲོལ་ཐབས་ཀྱི་བསམ་བློ་གཏོང་ཕྱོགས་ལ་བསམ་གཞིགས་བྱེད་པ་སྟེ། དེ་འགྲེལ་ཐབས་ཀྱི་གོ་རིམ་རེ་རེ་ལ་བསམ་གཞིགས་གཏོང་བ་དང་། དེ་ཞིབ་ཏུ་འགྲེལ་དགོས་པའི་ངེས་པ་མེད། འབྲེལ་ཡོད་དྲིས་ལན་ལྟར་རང་ཉིད་ཀྱི་བསམ་ཕྱོགས་ལ་ཞིབ་དཔྱད་བྱེད་དགོས། དེ་ལྟར་བསྒྲུབ་པ་ལས་རང་ཉིད་ཀྱིས་དུས་ཡུན་ཐུང་ངུའི་ནང་དྲིས་ལན་རྒྱག་ཕྱོགས་ཀྱི་ཐད་དུ་སྦྱོང་བརྡར་གང་ལེགས་ཐོབ་ཐུབ་བོ།།
  ༡༢ སྦྱངས་ཟིན་པའི་ཤེས་བྱ་དག་ཕྱོགས་བསྡོམས་བྱེད་དགོས་པ། རང་ཉིད་ཀྱི་བསྐྱར་སྦྱོང་གི་བརྒྱུད་རིམ་ནི་ཤེས་བྱ་གསོག་ཉར་དང་རྒྱུགས་ལེན་ནུས་པའི་སྦྱོང་བརྡར་གྱི་གོ་སྐབས་ཤིག་ཏུ་བརྩི་དགོས། བསྐྱར་སྦྱོང་གི་བརྒྱུད་རིམ་ཁྲོད་ནས་འཕྲད་པའི་ཤེས་བྱ་རེ་རེ་དང་ཐབས་ཤེས་རེ་རེ་ཕྱོགས་བསྡོམས་དང་གསོག་ཉར་བྱེད་དགོས་པ་དང་། དྲིས་ལན་འདེབས་པའི་ཉམས་མྱོང་དང་ཆོས་ཉིད་ལ་སྦྱངས་པ་བྱས་ནས་རང་ཉིད་ཀྱི་རྒྱུད་ལ་ལེགས་པོར་ལེན་དགོས་སོ།།
  ཁ་བྱང་ཕྱི་མོ། མཐོ་རྒྱུགས་སླེབས་ལ་ཉེ་བའི་དུས་འདིར་སློབ་གྲོགས་རྣམས་ལ་ཕུལ་བའི་བསླབ་བྱའི་ཚིག་འགའ།
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070