སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཡུག་རེན་དང་ཨུ་རུ་སུའི་སློབ་དེབ་ཀྱི་འཐབ་རྩོད།
སྤེལ་དུས། 2015-09-21   ཡོང་ཁུངས། ངེད་དྲ་བ།   རྩོམ་པ་པོ།  ཚེ་རྣམ།

  ༡༩༣༣ལོའི་མུ་གེ་དྲག་པོའི་ཁྲོད་ཀྱི་ཡུག་རེན་བྱིས་པ། 
  ཡུག་ཨུའི་སློབ་དེབ་ཀྱི་འཐབ་རྩོད། 
  ཨ་ལེ་ཁོ་ཧྲན་ཏིའི་དྲན་ངོས་སུ། ༡༩༣༣ལོའི་མུ་གེ་དྲག་པོ་བྱུང་སྐབས་ཁོའི་ཨ་ནེ་ཡེ་ཧྥུ་ཏུའོ་ཅི་ཡ་ད་དུང་བུ་མོ་ཆུང་ཆུང་ཞིག་ཡིན། ཉིན་དེར་ཁོ་མོར་ཁྱིམ་མཚེས་སུ་མགྲོན་དུ་ཕེབས་རྗེས་ཕྱིར་ལོག་རྒྱུ་མ་བྱུང་། རྗེས་སུ་མི་རྣམས་ཀྱིས་ཁྱིམ་མཚེའི་གྱང་རྟིང་ནས་མོའི་ཤ་བྲད་པའི་ཀེང་རུས་ལག་སོན་བྱུང་། 
  ༡༩༣༣ལོར་ཡུག་རེན་དུ་འདི་ལྟ་བུའི་ཡ་ང་བའི་དོན་གང་མང་བྱུང་ཡོད་ལ། སྐབས་ཐོག་དེའི་མུ་གེ་དྲག་པོའི་ཁྲོད་དུ་ཡུག་རེན་པ་ཁྲི༣༣༠ མུག་ཤི་ཐེབས། དེ་ནི་སུའུ་ལེན་སྤྱིའི་མུག་ཤི་ཤོར་བའི་མི་གྲངས་ཀྱི་ཕྱེད་ལས་བརྒལ་ཡོད་པ་རེད། 
  ཡུག་རེན་རང་བཙན་ཐོབ་རྗེས། ལོ་རྒྱུས་མཁས་པ་དག་གིས་མུ་གེ་འདི་སི་ཏ་ལིན་གྱིས་དྲག་པོས་ཐུན་མོང་ཅན་བསྒྱུར་བ་དང་བཙན་གྱིས་འབྲུ་རིགས་རྒྱལ་ཕྱིར་དྲངས་པའི་མཇུག་འབྲས་སུ་འདོད་ལ། ཁ་ཤས་ཀྱིས་རིགས་རྒྱུད་དམར་བསོད་ཅིག་ཏུའང་ངེས་འཛིན་བྱས་ཡོད(ཡུག་རེན་ནི་སུའུ་ལེན་གྱི་མནའ་འབྲེལ་རྒྱལ་ཁབ་བཅོ་ལྔའི་གྲས་སུ་གཏོགས་ཤིང་། ༡༩༩༡ལོར་སུའུ་ལེན་སིལ་བུར་ཐོར་རྗེས་རང་བཙན་བྱས་པ་རེད)། འོན་ཏེ་ད་ལོའི་ཟླ་དགུ་བའི་སློབ་སྐབས་གསར་བ་ནས་བཟུང་། ཡུག་རེན་ཤར་ཁུལ(༢༠༡༤ལོའི་ཕྱི་ཟླ་ལྔ་བའི་ཚེས༡༢ཉིན། ཡུག་རེན་ཤར་ཁུལ་གྱི་དྷོ་ཉེ་ཐྲི་ཁི(Donetsk)མངའ་སྡེ་དང་ལུའུ་ཀན་སི་ཁི(Lugansk)མངའ་སྡེ་གཉིས་ཀྱིས་ཨུ་རུ་སུའི་རྒྱབ་སྐྱོར་འོག“རང་བཙན”བྱས་པར་བསྒྲགས)གྱི་སློབ་དེབ་ངོས་སུ་འདི་ལྟ་བུའི་དཔྱད་བརྗོད་འགོད་མི་སྲིད། དགེ་རྒན་རྣམས་ཀྱིས་ཀྱང་སློབ་མ་ཚོར། ༡༩༣༣ལོའི་མུ་གེ་དྲག་པོ་སུའུ་ལེན་དུ་བྱུང་བ་ནི་སུས་ཀྱང་ཟློག་ཐབས་མེད་པའི་སྐྱོ་གར་ཞིག་ཡིན་ཚུལ་བརྗོད་དགོས། 
  ལོ་རྒྱུས་ཁ་ཤས་འདི་ལྟར་གང་མོས་བཞིན་བསྒྱུར་བར་དྷོ་ཉེ་ཐྲི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་གནས་རེག་ཡོད་ཀྱང་ཨ་ལེ་ཁོ་ཧྲན་ཏི་བྱེད་ཕྱོགས་འདིར་གཏན་ནས་དགའ་བོ་བྱུང་མི་འདུག
  ཡུག་རེན་ཤར་ཁུལ་དུ་བཞུགས་པའི་ལོ་རྒྱུས་དགེ་རྒན་ནཱ་ཐ་ལི་ཡས《ཉོའུ་ཡོག་དུས་ཚགས》སུ་བརྗོད་དོན། ཡུག་རེན་ཤར་ཁུལ་ཁ་བྲལ་བྱུང་རྗེས། ཡུག་རེན་གྱི་ལོ་རྒྱུས་སློབ་དེབ་རྙིང་བ་གད་སྙིགས་བཞིན་དོར་དགོས་པའི་བླང་བྱ་ནན་མོ་འབྱོར་ཡོད་པ་དང་། དེའི་རྗེས་ཀྱི་ཟླ་འགའི་རིང་སློབ་དེབ་དང་སློབ་ཁྲིད་ཀྱི་སྤྱིའི་རྩ་འཛིན་མེད་པས། དགེ་རྒན་རྣམས་ཀྱིས་རང་རང་གི་འཇོན་ནུས་ལྟར་སྐབས་བསྟུན་གྱིས་སློབ་ཁྲིད་བྱས། ད་ལོར་དྷོ་ཉེ་ཐྲི་ཁི་སློབ་གསོ་པུའུ་ཡིས་སློབ་ཁྲིད་རྩ་འཛིན་གསར་བ་ཁྱབ་བསྒྲགས་བྱས་ཡོད་ལ། ཕྱི་ཟླ་དགུ་བ་ནས་ལག་ལེན་བྱ་རྒྱུ་ཡིན་འདུག
  ནཱ་ཐ་ལི་ཡས་མུ་མཐུད་དུ།  “མི་རྣམས་ཀྱིས་འདུ་ཤེས་གསར་བ་སྤྱད་དེ་དོན་དངོས་འཚོལ་བ་ཙམ་ལས་ལོ་རྒྱུས་དངོས་ནམ་ཡང་འགྱུར་མི་སྲིད། མིག་སྔར་ཤེས་ཟིན་པ་ཐམས་ཅད་དེང་རབས་མེ་ལོང་གི་ངོས་གཅིག་ལས་མཐོང་བ་ཙམ་ཡིན། འདས་ཟིན་པ་ནི་འདས་ཟིན་པ་རང་རེད། དོན་ངོ་མར་ཅི་ཞིག་བྱུང་ཡོད་པ་སུས་ཀྱང་བདེན་ཁ་མི་ཐུབ”ཅེས་བརྗོད། 
  ༢༠༡༡ལོར་ཨ་རིའི་ལྗོར་ཅི་མེ་སིན་སློབ་ཆེན་གྱི(George Mason University)ཞིབ་འཇུག་པ་ཁཱ་ལིན་ནཱ་ཡིས་ཡུག་རེན་དང་ཨུ་རུ་སུའི་སློབ་དེབ་ཁྲོད་དུ་དོན་རྐྱེན་རིགས་གཅིག་ལ་བརྗོད་ཚུལ་མི་མཐུན་པ་བྱུང་བར་ཞིབ་འཇུག་བྱས་ཤིང་། དེར“སློབ་དེབ་ཀྱི་འཐབ་རྩོད”ཅེས་བཏགས་ཡོད། དཔེར་ན་ཨུ་རུ་སུའི་ལོ་རྒྱུས་སློབ་དེབ་ངོས་སུ་དུས་རབས་བར་མའི་ཁེ་ཝུ་རོའུ་སི(Kiev-Russཁེ་ཝུ་ནི་ཡུག་རེན་གྱི་རྒྱལ་ས་ཡིན)“ཨུ་རུ་སུ་གོང་མའི་རྒྱལ་ཁབ་ཆེན་པོའི”གྲས་སུ་གཏོགས་པ་དང་། གོང་མའི་རྒྱལ་ཁབ་ཆེན་པོ་འདིར་ཨུ་རུ་སུ་མི་དང་ཡུག་རེན་པ། བྷེ་ལ་རུ་སི་བ་སོགས་འདུས་པར་བཤད། ཡུག་རེན་སློབ་དེབ་ཁྲོད་དེ་ལས་ལྡོག་སྟེ། ཁེ་ཝུ་རོའུ་སི་ནི་ལོ་རྒྱུས་ཐོག་གི་ཡུག་རེན་རྒྱལ་ཁབ་ཐོག་མ་ཡིན་པར་གླེང་། ད་ལྟ་ཡུག་རེན་གྱི“སློབ་དེབ་འཐབ་རྩོད”འདི་ཁོའི་ནང་འཁྲུག་དང་འདྲ་བར་ཁྱི་དང་བྱི་ལ་འགྲས་ལྟར་ཆགས་ཡོད་རེད། 
  ལོ་རྒྱུས་ངོས་འཛིན་གྱི་མཐོང་སྣེ་ནས་བཟུང་ན། ཡུག་རེན་ཤར་ནུབ་བར་མི་མཐུན་པའི་གནས་ཚུལ་སྔ་མོ་ནས་མཆིས་ཏེ། དཔེར་ན་ཡུག་རེན་ནུབ་ཁུལ་གྱི་ལོ་རྒྱུས་སློབ་དེབ་ཁྲོད་འཛམ་གླིང་འཁྲུག་ཆེན་གཉིས་པའི་གླེང་གཞི་གཙོ་ཤོས་ནི་རྒྱལ་གཅེས་དཔའ་བོ་དང་པུར་ཧྲི་ཝེ་ཁེ་བར་གྱི་འཐབ་འཛིང་ཡིན། འོན་ཏེ་ཡུག་རེན་ཤར་ཁུལ་པའི་སློབ་དེབ་ཁྲོད་དུ་སུའུ་ལེན་དུས་སྐབས་ཀྱི་གྲུབ་འབྲས་ཚང་མར་ཡི་རང་དང་བསྟོད་བསྔགས་བྱས་ཡོད། ༢༠༡༤ལོར་ཡུག་རེན་གྱི་སྲིད་གཞུང་གསར་བ་ཚུགས་མ་ཐག ཁེ་ཝུ(ཡུག་རེན་གྱི་རྒྱལ་ས)སྲིད་གཞུང་གིས་ནུབ་ཁུལ་ལོ་རྒྱུས་ལྟ་བ་འདི་ཤར་ཁུལ་དུ་ཁྱབ་གདལ་གཏོང་རྩིས་ཡོད་ཀྱང་། ལག་ལེན་མ་བྱས་གོང་ནང་འཁྲུག་གིས་རྡུལ་དུ་བརླགས། 
  ཡུག་རེན་སློབ་གསོ་པུའུ་ཀྲང་གི་གྲོས་འདོན་པ་སྨི་ཧ་དབྱི་ལུའོ་འབུམ་རམས་པས་དབྱིན་ཇིའི《སྲུང་ཚགས》(The Guardian)ལ། “གསར་བརྗེ(འདི་ནི་ཡུག་རེན་གྱི་གསར་བརྗེ་སྟེ། ༢༠༡༤ལོར་ཡོ་རོབ་གནའ་འབྲེལ་ལ་ཞེན་པའི་ཕྱོགས་ཁག་གིས་ཁྲོམ་སྐོར་བྱས་ཏེ་ཙུང་ཐུངViktor Fedorovych Yanukovychཁྲི་ལས་ཕབ་རྗེས་སྲིད་གཞུང་གསར་བ་བཙུགས་པའི་གསར་བརྗེ་ལ་གོ་དགོས་སྙམ)རྗེས་ཀྱི་ཆེས་ཐོག་པའི་བསྒྱུར་བཅོས་སློབ་གསོའི་ཕྱོགས་ཡིན། ཡིད་སྐྱོ་བ་ཞིག་ཏུ་ང་ཚོར་དྷོ་ཉེ་ཐྲི་ཁི་ཡི་མིས་བསྒྱུར་བཅོས་ཀྱི་རིན་ཐང་ལྟ་བ་འདི་དང་ལེན་བྱེད་དུ་འཇུག་པའི་ཐབས་མེད་པས། དྷོ་ཉེ་ཐྲི་ཁི་དང་ལུའུ་ཀན་སི་ཁིའི་མི་དམངས་ཀྱིས་ཨུ་རུ་སུ་ཞེན་པའི་ཕྱོགས་ཁག་གི་སློབ་གསོ་ཐབས་བདམས་སོང་། འདི་དངོས་གནས་ངོ་ནོངས་དགོས་པ་ཞིག་རེད”ཅེས་བརྗོད། 
  དྷོ་ཉེ་ཐྲི་ཁིའི་བཟོ་ལས་སློབ་ཆེན་གྱི་ལོ་རྒྱུས་སློབ་དཔོན་ཨེ་ལི་ཧྲན་དྷོར་གྱིས་གླེང་ཚུལ་ལྟར་ན། ད་ལྟར་ཡུག་རེན་ཤར་ཁུལ་དུ། དུས་རབས་བར་མའི་ཁེ་ཝུ་རོའུ་སི་རྒྱལ་ཁབ་ནས་སུའུ་ལེན་དུས་སྐབས་བར་གྱི“ཡུག་རེན་པའི་ལོ་རྒྱུས་ལྟ་བར”བཤགས་བཅོས་སྣ་ཚོགས་བྱས་ཏེ་ལོ་རྒྱུས་སློབ་ཁྲིད་ཀྱི་རྩ་འཛིན་གསར་བ་བྱུང་འདུག 
  དེའི་ཁྲོད་ཀྱི་འཁྲུག་ཆེན་གཉིས་པར་ཨུ་རུ་སུའི་གླེང་ཚུལ་བཀོད་ཡོད་པ་དང་། སི་ཏ་ལིན་དུས་རབས་ཀྱི་ཕྱོགས་ཡོང་གཙང་སེལ(Great Purge)དང ༡༩༣༣ ལོའི་མུ་གེ་དྲག་པོ་གཉིས་ཚིག་གཅིག་གཉིས་ཀྱིས་འཐུས་པར་བྱས། 

  སློབ་གྲྭ་ལས་“ཡོ་གླིང་གི་ཤུགས་རྐྱེན”སྤྱུག་རྒྱུ། 
  ཡུག་རེན་ཤར་ཕྱོགས་ཀྱི་དྷོ་ཉེ་ཐྲི་ཁི(Donetsk)རུ་ཡུག་རེན་པའི་མཚོན་རྟགས་མང་པོ་མི་འདུག་སྟེ། ཡུག་རེན་གྱི་རྒྱལ་དར་དང་རྒྱལ་རྟགས་འདུ་ར་སོགས་ནས“ཕྱིར་ཕུད”པའི་ཚབ་ཏུ་ནག་སྔོ་དམར་གསུམ་ཅན་གྱི་རྒྱལ་དར་དཔྱངས་ཡོད། རྒྱལ་དར་འདི་ནི“དྷོ་ཉེ་ཐྲི་ཁྀ་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི་མཚོན་རྟགས་སུ་བསྒྲགས་ཡོད་པ་རེད། 
  འཛམ་གླིང་ཐོག་སྤྱི་མཐུན་རྒྱལ་ཁབ་འདི་ཁས་ལེན་ཐོབ་མེད་ཀྱང་། གནས་འདིའི་མགོ་ཁྲིད་དག་གིས་ཡོ་གླིང་གི་ཤུགས་རྐྱེན་སྤྱུག་ཅི་ནུས་ཀྱིས་ཨུ་རུ་སུར་བཅར་བཞིན་ཡོད་ལ། ལྷག་པར་སློབ་གསོ་པུའུ་ཡི་འགྱུར་བ་འདི་མངོན་གསལ་དོད་པོ་རེད། 
  མཚན་གསང་འདོད་པའི་སློབ་འབྲིང་གི་དགེ་རྒན་ཞིག་ན་རེ། “ལོ་རྒྱུས་སློབ་དེབ་ངོས་སུ་ཨུ་རུ་སུའི་སྐོར་གྱི་ནང་དོན་ཇེ་མང་དུ་བཏང་ཡོད་ལ། ས་ཁམས་ལ་མཚོན་ན་མང་ཤོས་ཨུ་རུ་སུའི་ས་ཁོངས་བཀོད་འདུག”“ཡུག་རེན་སྐད་ཀྱི་སློབ་ཁྲིད་སྔར་བཞིན་ཡོད་ཀྱང་། གཟའ་རེའི་དུས་ཚོད་བརྒྱད་ནས་ད་ལྟ་གཉིས་ལྷག་ཏུ་ཉུང་འཕྲི་བྱས་ཡོད། དེ་ལས་ལྡོག་སྟེ་ཨུའི་སྐད་དང་ཨུ་རུ་སུའི་རྩོམ་རིག་གི་སློབ་ཡུན་ཇེ་རིང་དུ་བཏང་ཡོད”ཟེར། 
  དེར་མ་ཟད། ཡུག་རེན་གྱི་སྐར༡༢དགོས་པའི་དཔྱད་ཞིབ་མ་ལག་གི་ཚབ་ཏུ་ཨུ་རུ་སུའི་སྐར ༥ ཅན་བཞག་འདུག འདིའི་ཕྱོགས་ནས་དྷོ་ཉེ་ཐྲི་ཁི་ཨ་པ་ཁུའུ་མོ་ཧྥུ་སློབ་གླིང་གི་སློབ་གཙོ་ཨོ་ལིའེ་ཀོ་ལུའུ་ས་ཁུའུ་ཧྥུ་ཡིས་དབྱིན་ཇིའི《སྲུང་ཚགས》ལ”ང་ཚོས་སློབ་མ་ཚོར་གདམ་ཀ་བྱེད་དུ་བཅུག་པར་མང་ཤོས་ཀྱིས་སྐར ༥ ཅན་བདམས་བྱུང”ཞེས་བརྗོད་འདུག
  སྨི་ཧ་དབྱི་ལུའོ་འབུམ་རམས་པས་བལྟས་ན། སློབ་མའི་སྦྱངས་འབྲས་དང་སློབ་ཐོན་དཔང་ཡིག་ངོས་ནས་ཡུག་རེན་གྱི་མཚོན་རྟགས་བསུབས་པ་ནི“ཚབས་ཆེ་བའི་ཁ་བྲལ་རིང་ལུགས་ཀྱི་མཚོན་ཚུལ”ཡིན་ལ། མ་ཟད་ཁོས་སྐར༥ ཅན་གྱི་ལམ་ལུགས་སུ་ཞུགས་པ་འདི“དུས་རབས་ཀྱི་འགྲོས་དང་མི་མཐུན་པར་ལོ་བཅུ་ལྷག་ཕྱིར་ནུར་བྱས་ཏེ་སུའུ་ལེན་དུས་རབས་སུ་བསྐྱོད་པ་རེད”ཅེས་སྐྱོན་བརྗོད་བྱས། 
  སློབ་སྐབས་གསར་བ་མགོ་བརྩམས་པ་ནས་བཟུང “རྒྱལ་ཁབ་གསར་བ”དྷོ་ཉེ་ཐྲི་ཁིའི་ལོ་རྒྱུས་གཙོ་གནད་དུ་འཛིན་དགོས་པ་དང་། ལངས་ཕྱོགས་གསར་བ་ཞིག་གིས་འདས་ཟིན་པར་ངོས་འཛིན་བྱེད་ཀྱིན་འདུག
  དྷོ་ཉེ་ཐྲི་ཁི་ལས་གཞན་ཡུག་རེན་ཤར་ཁུལ་དུ་ཡོད་པའི“ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”རུ་འབོད་པར་ཡང་སུའུ་ལེན་གྱི་རྗེས་ཤུལ་མངོན་གསལ་དོད་པོ་ཆགས། དེ་ལྟར་ཡུག་རེན་ཤར་ཁུལ་དུ་ཟོར་བ་ཐོ་བའི་རྟགས་མཚན་གང་སར་ཁྱབ་ཅིང་མི་སེར་དང་ཡུལ་དམག་གིས་སི་ཏ་ལིན་ང་རྒྱལ་དུ་ངོམ། སྨི་ཧ་དབྱི་ལུའོ་ཡིས“ཁོ་ཚོས་ཡུག་རེན་གྱིས་སྤྱོད་བཞིན་པའི་སྐར་གྲངས་དཔྱད་སྡུར་ཐབས་དོར་བ་འདིས། ཨུ་རུ་སུ་ཐ་ན་སུའུ་ལེན་གྱི་ཤུགས་རྐྱེན་དང་ལེན་བྱེད་པར་མོས་པ་ལས། ཡོ་རོབ་ཀྱི་དངོས་པོ་ཚང་མ་དང་ལེན་མི་འདོད་པ་རང་རེད”ཅེས་བརྗོད། 
  གཞན་ཡང་ཡུག་རེན་ཤར་ཁུལ་གྱི་མཐོ་འབྲིང་སློབ་མའི་མཐར་ཕྱིན་དཔང་ཡིག་ངོས་སུ་ཨུ་རུ་སུའི་གླག་དབུ་ཟུང་ཅན་གྱི་མཚོན་རྟགས་ཕབ་ཡོད་པར་མ་ཟད། གནས་དེ་ག་འམ་ཨུ་རུ་སུ་ནས་སློབ་ཆེན་དུ་ཞུགས་པར་རེ་ཞུ་བྱ་ཆོག
  དེ་ལྟར་ལགས་མོད། སྨི་ཧ་དབྱི་ལུའོ་ཡིས“སྒྲིག་ལུགས་གསར་བ”འདི་བྱུང་བ་ནས་བཟུང“སློབ་མ་འདི་དག་གིས་ཨུ་རུ་སུ་ལས་རྒྱལ་ཁབ་གཞན་པའི་སློབ་ཆེན་དུ་ཞུགས་པའི་རེ་ཞུ་ཕུལ་རྒྱུ་ཉུང་ངུར་འགྱུར་སྲིད་པས”འདིས་སློབ་མར་གནང་བའི་གོ་སྐབས་སྔར་ལས་ཉུང་དུ་ཕྱིན་པ་འདྲ་བས། ཤར་ཁུལ་སློབ་མ་རྣམས་མི་འགྱངས་པར“དགའ་པོ་འབྱུང་མི་སྲིད”པར་འདོད། 
  ཁོར་རེ་མེ་ཡ(Crimea)རང་བཙན་བྱས་པ་ཁྱབ་བསྒྲགས་བྱས་རྗེས། ལོ་རྒྱུས་སློབ་དེབ་གསར་བ་སྤྱོད་མགོ་ཚུགས། འདིར་ཁེ་ཝུ་རོའུ་སི(Kiev-Russ)སློབ་གསོ་པུའུ་ཀྲང་རབ་ཏུ་ཁྲོས་ཀྱང་། ཁ་བྲལ་ས་ཁུལ་འདི་དག་གིས་སློབ་གསོ་བཅོས་སྒྱུར་ལ་དོགས་ཟོན་བྱེད་ལས་གཞན་པའི་ཐབས་ཅི། 
  སྨི་ཧ་དབྱི་ལུའོ་ཡིས་ཡི་སྐྱོ་བའི་ངང་“ཡུག་རེན་དུ་ཆབ་སྲིད་ཀྱི་ཤན་ཞུགས་པ་གསུམ་ཡོད་དེ། གཅིག་ནི་མཚོན་རྟགས་དང་གཉིས་སུ་ལོ་རྒྱུས་དཔྱད་གླེང་། གསུམ་ནི་སྐད་བརྡ་ཡིན། ད་ལྟ་འདི་གསུམ་ཁྲོད་ཀྱི་རིགས་གཉིས་ཁ་བྲལ་དུ་ཕྱིན་འདུག”ཅེས་གསུངས་སོ།
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070