སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དུས་རབས་གཅིག་གི་བགྲང་བྱའི་འཕོ་འགྱུར་ཁྲོད་། སྨན་རྩིས་བསྟན་པའི་རྒྱལ་མཚན་དགུང་དུ་བསྒྲེངས་།
སྤེལ་དུས། 2016-09-14   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  སྐྱ་རེངས།
——བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་བགྲང་བྱ་བརྒྱ(1916—2016)འཁོར་བར་རྟེན་འབྲེལ་ཞུ།
 
          འདི་ལོ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་བཟང་ཞིག་ཡིན་ཞིང་། དུས་རབས་གཅིག་གི་གོང་དུ་སྨན་རྩིས་ཁང་ཐོག་མར་དབུ་བརྙེས་པ་ནས་བཟུང་ས་མཐོའི་སྨན་རྩིས་མཁས་དབང་མི་རབས་མང་པོའི་འབད་འཐབ་དང་། ལྷག་དོན་དུ་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་བླ་མེད་རྒྱབ་སྐྱོར་དང་ཐུགས་ཁུར་འོག་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་། སྨན་བཅོས་ཆ་རྐྱེན། སྨན་དོན་པའི་གསོ་སྦྱོང་ལས་དོན་སོགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། ད་ཆ་སྨན་ཁང་འདི་ཉིད་གཞི་ཁྱོན་ཆེ་ལ། སྨན་རྩིས་མཁས་དབང་མང་བ། སྨན་བཅོས་སྒྲིག་ཆས་འཐུས་སྒོ་ཚང་བ་བཅས་ཀྱི་རིམ་གསུམ་ཀ་པའི་སྨན་ཁང་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད།
          མེས་རྒྱལ་གྱི་གསོ་རིག་བང་མཛོད་ནང་གི་གྲུབ་ཆ་གལ་ཆེན་ཞིག་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཡིན་པའི་བོད་ལུགས་གསོ་རིག་ནི་བོད་རིགས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་ནད་ཡམས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་ཐོག མི་རིགས་གཞན་གྱི་ལེགས་བྱ་ཡང་བླངས་ནས་དེང་སང་འཛམ་གླིང་གི་ཚན་རིག་པ་དང་གསོ་རིག་མཁས་དབང་ཚོས་གདེང་འཇོག་མཐོ་པོ་བྱེད་པའི་གསོ་རིག་གཞུང་ལུགས་དེ་བཏོད་ཅིང་། རང་རྒྱལ་ཙམ་མ་ཟད་ཐ་ན་འཛམ་གླིང་ཡོངས་སུ་བོད་ལུགས་ཀྱི་སྨན་ཁང་ཆེ་ཤོས་ཡིན་པ་དེས་བོད་ལུགས་གསོ་རིག་གི་དམིགས་བསལ་བཅོས་ཐབས་ལ་བརྟེན་ནས་ནད་རིགས་སྤྱི་དང་ཁྱད་པར་ཀླད་སྐྱོན་དང་། རྩ་དཀར་གྱི་ནད། སྙིང་ནད། གཅོང་ནད་སོགས་ལ་མཆོག་ཏུ་སྨན་པའི་ལེགས་ཆ་སྤྱད་ནས་འཛམ་གླིང་སྤྱི་ཡི་སྐྱེ་བོ་མང་པོའི་ཚེ་སྲོག་ཡུན་དུ་སྲིང་རྒྱུར་བླ་ན་མེད་པའི་ལེགས་སྐྱེས་ཕུལ་ཡོད། དེ་དང་ཕྱོགས་མཚུངས་གནའ་བོའི་བོད་མི་ཚོས་དུས་བཞིའི་དབྱེ་མཚམས་དང་། གཟའ་སྐར་གྱི་འཁོར་བགྲོད། ཉི་ཟླའི་རྒྱུ་ཕྱོགས་སོགས་གསལ་པོ་ཤེས་ཀྱི་ཡོད་པ་མ་ཟད། ཕྱིས་འཕེལ་རྒྱས་ཆེན་པོ་བྱུང་ནས་ད་ཆ་གནམ་གཤིས་ཀྱི་འགྱུར་ལྡོག་དང་རང་བྱུང་གནོད་འཚེ་སྔོན་དཔག་སོགས་ལ་ཚན་རིག་པ་ཚོས་ཀྱང་མགྲིན་གཅིག་ཏུ་བསྔགས་པ་བརྗོད་པའི་གནམ་རིག་སྐར་རྩིས་ཀྱི་གཞུང་ལུགས་དེ་བཏོད་ཅིང་། མདོར་ན་སྨན་རྩིས་གཉིས་ནི་རིག་གཞུང་གི་རྒྱབ་རྟེན་བཙན་ལ་ལག་ལེན་གྱི་བརྡར་ཤ་ཆོད་པའི་གཞུང་ལུགས་ཆེན་པོ་གཉིས་ཡིན།
          མིའི་རིགས་ཀྱི་འཚོ་གནས་ལ་ཤིན་ཏུ་སྨན་པའི་བོད་ལུགས་གསོ་རིག་གི་རྐང་འཛིན་ཚན་པ་ཡིན་པའི་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་བཟང་དེ་ནི་བོད་ལུགས་གསོ་རིག་གི་རྒྱུན་འཛིན་པ་ཙམ་མ་ཟད། སྐྱེ་བོ་ཀུན་གྱིས་རྟེན་འབྲེལ་ཞུ་འོས་པའི་དུས་བཟང་ཁྱད་པར་ཅན་ཞིག་ཡིན་ནོ།
          བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ངོ་སྤྲོད་མདོར་བསྡུས།
          བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནི་1916ལོར་གསར་འཛུགས་བྱས་ཤིང་། ཐོག་མར་ལྷ་ས་སྨན་རྩིས་ཁང(བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་སློབ་གྲྭ)ཞེས་སུ་གྲགས་པ་ཡིན། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྨན་རྩིས་ཁང་དང་ལྕགས་རི་རིག་བྱེད་ངོ་མཚར་འགྲོ་ཕན་གླིང་གཉིས་ཟླ་བསྒྲིལ་བཏང་སྟེ། ལྷ་ས་གྲོང་ཁྱེར་སྨན་རྩིས་ཁང་གསར་འཛུགས་མཛད་པ་དང་། 1980ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཞེས་པར་གནས་སྤར་བྱས་ཤིང་། ད་ལྟའི་བར་ལོ་ངོ་བརྒྱ་ཧྲིལ་པོའི་རྒྱུན་འཛིན་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་ཡོད། ད་ལྟའི་ཆར་མཚོན་ན། སྨན་ཁང་འདི་བཞིན་སྨན་ཁང་ལྟེ་བའི་ཁུལ་དང་། སྒོ་བསྟེན་རྙིང་པའི་ཁུལ། སྨན་སྦྱོར་ལྟེ་གནས། སྨན་རྒྱུ་འདེབས་འཛུགས་རྟེན་གཞི་བཅས་ཁུལ་ཚན་བཞི(སྤྱིའི་རྒྱ་ཁྱོན་མུའུ་317.52ཟིན)རུ་དབྱེ་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6ཟིན་ཡོད། སྒྲིག་གཞིའི་ཁོངས་སུ་ནད་ཁང་གི་ཉལ་ཁྲི་500ཙམ་དང་། དངོས་སུ་བཀོལ་སྤྱོད་བྱེད་བཞིན་པའི་ཉལ་ཁྲི་383 མི་སྣ་གྲངས་517ཙམ་ཡོད། ད་ཡོད་ལས་བཟོ་ཁྱོན་བསྡོམས་མི་གྲངས་602ཙམ་ཡོད་པ་ལས། དངོས་གཞིའི་ལས་བཟོ་451དང་། འདྲེན་བཀོལ་ལས་བཟོ་དང་གླ་པ་མི་གྲངས་159ཙམ་ཡོད། རིམ་པ་མ་གཅིག་པ་དང་རིག་ཚན་མ་གཅིག་པའི་ཆེད་ལས་ལག་རྩལ་མི་སྣ་392ཡོད་པ་དེས་སྨན་ཁང་སྤྱིའི་མི་འབོར་གྱི་བརྒྱ་ཆ་87ཟིན་མོད། དེའི་ནང་འབུམ་རམས་པའི་བསླབ་གནས་མངའ་བ་མི་3དང་། རབ་འབྱམས་པའི་སློབ་གནས་མངའ་བ་མི་23 འབུམ་ཕྱིའི་སློབ་གནས་ལ་འབད་འབུངས་བྱེད་བཞིན་པའི་མི་1བཅས་ཡོད་ཅིང་། མཐོ་རིམ་ལག་རྩལ་གོ་མིང་མངའ་བ་མི་56(དེའི་ནང་འབུམ་རམས་སྨན་པའི་གོ་མིང་མངའ་བ་མི་4ཡོད)དང་། རབ་འབྱམས་ལག་རྩལ་གོ་མིང་མངའ་བ་མི་107ཡོད། གཞན་ཡང་དེ་དག་ཁྲོད་མི་2ལ་རྒྱལ་སྨན་སློབ་དཔོན་ཆེ་མོའི་མཚན་སྙན་ཐོབ་ཡོད་ཅིང་། རྒྱལ་ཁབ་རིམ་པའི་གྲགས་ཅན་སྨན་པ་7དང་ལྗོངས་རིམ་པའི་བོད་ལུགས་གསོ་རིག་གྲགས་ཅན་སྨན་པ་13ཙམ་ཡོད། སྨན་ཁང་ནང་ཁོངས་སུ་འགན་ནུས་ཁྲུའུ(སྡེ་ཁག)11དང་སུའོ་4སྒྲིག་བཀོད་བྱས་ཡོད་ཅིང་། ཆེད་ལས་སྡེ་ཁག་24ཡོད་པ་ནི། ཀླད་ནད་སྡེ་ཁག་དང་། ཕོ་རྒྱུའི་སྡེ་ཁག གློ་ནད་སྡེ་ཁག མཆིན་ནད་སྡེ་ཁག རུས་རྨའི་སྡེ་ཁག ཕྱི་བཅོས་སྡེ་ཁག བུད་མེད་སྡེ་ཁག སྙིང་ནད་སྡེ་ཁག དཔྱད་བཅོས་སྡེ་ཁག དོས་དྲག་སྡེ་ཁག རླུང་ནད་སྡེ་ཁག མིག་ནད་སྡེ་ཁག ཁ་ནད་སྡེ་ཁག རྣ་བ་དང་། སྣ། ཨོལ་མིད་གསུམ་གྱི་སྡེ་ཁག བྱིས་ནད་སྡེ་ཁག གཅིན་སྙི་ཟགས་ཁུའི་སྡེ་ཁག གཞང་འབྲུམ་སྡེ་ཁག པགས་ནད་སྡེ་ཁག ནད་མེད་བདེ་སྲུང་སྡེ་ཁག བོད་ལུགས་གསོ་རིག་གི་ཁྱད་ལྡན་གསོ་ཐབས་ལྟེ་གནས་སོགས་ཡོད་ཅིང་། གསོ་རིག་བརྙན་རིས་དང་། བརྟག་བཤེར(ཁྲག་བླུད་སྡེ་ཁག)རྒྱུ་ལོང་བརྟག་བྱེད་ཤེལ་མིག སྦྲིད་སྨན། སྨན་སྦྱོར། ནད་ཁམས། གཤག་བཅོས་ཁང་། དུག་སེལ་མཁོ་སྤྲོད་ཁང་སོགས་ནད་ཐོག་གསོ་རིག་ལག་རྩལ་སྡེ་ཁག་8སྒྲིག་བཀོད་བྱས་ཡོད། སྨན་བཅོས་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་སྤྱིའི་རིན་འབབ་དེ་2010ལོའི་སྒོར་ཁྲི་2500ནས་2015ལོའི་སྒོར་ཁྲི་8000བར་འཕར་སྣོན་བྱུང་ཡོད་པ་དང་། སྨན་ཁང་གི་གཏན་འཇགས་མ་དངུལ་ནི་2011ལོའི་སྒོར་ཁྲི་13873(དེའི་ཁོངས་སུ་རིག་དངོས་ཚུད་མེད)ནས་2015ལོའི་སྒོར་ཁྲི་24824བར་འཕར་སྣོན་བྱུང་ཡོད། ཉེ་བའི་ལོ་གཉིས་ནང་སྨན་ཁང་ཁྱོན་ཡོངས་ཀྱི་སྨན་བཅོས་སྒྲིག་ཆས་དང་ཡོ་བྱད་གསར་བརྗེ་བྱེད་ཚད་བརྒྱ་ཆ་95ཟིན་ཅིང་། སྨན་བཅོས་གཞུང་ལས་ཁང་གི་སྒྲིག་ཆས་གསར་བརྗེ་བྱེད་ཚད་བརྒྱ་ཆ་100ཟིན་པ་དང་། སྨན་བཅོས་སྒྲིག་ཆས་སྲིད་གཞུང་ནས་ཉོ་སྒྲུབ་བྱེད་ཚད་བརྒྱ་ཆ་96ཟིན་ཡོད།


          སྨན་ཁང་རང་ངོས་ཀྱི་སྨན་སྦྱོར་རིགས་309ཙམ་ཡོད་པའི་ནང་ནས་སྨན་སྣ་117ལ་སྨན་ཁང་གི་སྨན་སྦྱོར་ཆོག་ཨང་ཡོད། སྨན་སྣ་192ཀྱི་སྨན་སྦྱོར་ཆོག་ཨང་གི་སྙན་ཞུ་འབུལ་མུས་ཡིན་པ་དང་། གཞན་ཡང་ཆེད་ནད་སྡེ་ཁག་གི་སྨན་སྦྱོར་35མཆིས། འདི་ལོའི་ཟླ་3པ་ནས་བཟུང་སྟེ་ཆེད་ནད་སྡེ་ཁག་སྨན་སྦྱོར་གྱི་སྙན་ཞུ་འབུལ་བའི་ལས་དོན་བདེ་བླག་དང་། བརྒྱུད་རིམ་ལྡན་པ། ནུས་ལྡན་བཅས་བྱུང་ཡོད།

          2005ལོར་རྒྱལ་ཡོངས་ཀྱི་སྐབས་དང་པོའི་རིམ་གསུམ་ཀ་པའི་མི་རིགས་གསོ་རིག་གི་སྨན་ཁང་ལ་ཚད་ལོན་བདམས་ཐོན་བྱུང་ཞིང་། 2012ལོར་རིམ་གསུམ་ཀ་པའི་སྨན་ཁང་གི་བསྐྱར་དཔྱད་ཚད་ལོན་བྱུང་ཡོད། 2007ལོར་སྐབས་དང་པོའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་མི་རིགས་གསོ་རིག་འཛུགས་སྐྲུན་གྱི་གཙོ་གནད་ཚན་པར་གཏན་འཁེལ་བྱས་པ་དང་། 2009ལོར་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་མི་རིགས་གསོ་རིག་ནད་ཐོག་ཞིབ་འཇུག་ལྟེ་གནས་ཉག་གཅིག་དེར་གཏན་འཁེལ་བྱས། 2013ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ནས་ཀྲུང་ལུགས་གསོ་རིག་གི་རིག་གནས་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་སུ་གཏན་འཁེལ་བྱས་ཤིང་། 2014ལོར་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྲོལ་རྒྱུན་ཤེས་རིག་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་དང་། ལོ་དེ་གར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ནས་སྐབས་དང་པོའི་ཀྲུང་ལུགས་གསོ་རིག་ཚན་རྩལ་ཁྱབ་གདལ་སྔོན་ཐོན་ཚོགས་པའི་མཚན་སྙན་བསྩལ་ཡོད། 2015ལོར་གོང་རིམ་ནས་ནད་སྡོད་དགེ་རྒན་སྨན་པའི་ཚད་ལྡན་ཅན་གྱི་གསོ་སྐྱོང་སྦྱོང་བརྡར་ལྟེ་གནས་སུ་གཏན་འཁེལ་བྱས་ཤིང་། 2015ལོར་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ནས་མཉམ་སྦྲེལ་ངང་་འགྲེམས་སྤྲོད་བྱས་པའི་གྲོན་ཆུང་རྣམ་པའི་ཐུན་མོང་སྒྲིག་གཞིའི་དཔེ་མཚོན་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ལོ་དེ་གར་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་གྱི་སྔོན་ཐོན་ཚན་པར་བདམས་ཐོན་བྱུང་ཡོད།

ནད་ཐོག་སྲི་ཞུའི་ནུས་པ་མཐོ་རུ་བཏེགས།
          རྒྱལ་ཁབ་ཆེད་ནད་ཚན་ཁག་འཛུགས་སྐྲུན་གྱི་ད་ཡོད་རྣམ་གྲངས་9ཡོད་ཅིང་། དེའི་ནང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་གཙོ་གནད་ཆེད་ནད་ཚན་ཁག་འཛུགས་སྐྲུན་གྱི་རྣམ་གྲངས་བོད་ལུགས་གསོ་རིག་སྙིང་དང་ཁྲག་རྩའི་ནད་དང་བོད་ལུགས་གསོ་རིག་ཕྱི་བཅོས་རྣམ་གྲངས་གཉིས་པོ་འཁོར་ཡུན་གྱི་འཛུགས་སྐྲུན་འོས་འགན་ལེགས་སྒྲུབ་ཟིན་ཡོད། མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་ནད་སྡེ་ཁག་དང་ཆེད་ནད་སྡེ་ཁག་འཛུགས་སྐྲུན་སྐྱེད་སྲིང་གི་རྣམ་གྲངས་4ཡོད་པ་སྟེ། བོད་ལུགས་གསོ་རིག་ཕོ་རྒྱུའི་གཙོ་གནད་ཆེད་ནད་སྡེ་ཁག་དང་། བོད་ལུགས་གསོ་རིག་མིག་ནད་དང་། ནད་སྐྱོང་། ནད་ཚབས་ལྕི་བ་བཅས་གསུམ་གྱི་གཙོ་གནད་ཆེད་ནད་སྡེ་ཁག་སྐྱེད་སྲིང་བྱ་རྒྱུ། རྒྱལ་ཁབ་ནད་ཐོག་གཙོ་གནད་ཆེད་ནད་སྡེ་ཁག་འཛུགས་སྐྲུན་གྱི་རྣམ་གྲངས་གསུམ་ཡོད་པ་སྟེ། མཆིན་ནད་སྡེ་ཁག་དང་། རུས་ནད་སྡེ་ཁག བོད་ལུགས་གསོ་རིག་ནད་སྐྱོང་སྡེ་ཁག་བཅས་ཡིན། མིག་སྔར་ཆགས་གྲུབ་ཟིན་པའི་ཆེད་ནད་ཚན་ཁག་གི་གསོ་བཅོས་ལེགས་ཆ་ལྡན་པའི་ནད་རིགས་ཀྱི་བརྟག་བཅོས་ཇུས་གཞི་15དང་། ཆེད་ནད་ཚན་ཁག་གི་ནད་སྐྱོང་ཇུས་གཞི་6ཡོད་ཅིང་། གཙོ་གནད་ཆེད་ནད་ཚན་ཁག་གིས་བོད་ལུགས་གསོ་རིག་གི་ནད་ཐོག་ཐབས་ལམ་ལག་བསྟར་བྱེད་བཞིན་པའི་ནད་རིགས་ཁྱོན་བསྡོམས་10ཡོད།
ཤེས་ལྡན་མི་སྣའི་དཔུང་ཁག་ཧྲག་པོ་བཏོད།
          2013ལོ་ནས་2015ལོའི་བར་སྔ་ཕྱི་བསྡོམས་མི་6འདེམས་མངག་གིས་ནུབ་ཁུལ་རྐང་འཛིན་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྐྱོང་ཁོངས་སུ་ཞུགས་ཤིང་། མི་150ལྷག་ཙམ་འདེམས་མངག་གིས་ལྗོངས་ཕྱི་ནང་དུ་ཟབ་སྦྱོང་སློབ་གཉེར་ལ་ཞུགས་སུ་བཅུག་པ། མི་30ཉེ་བ་དགེ་རྒན་གྱི་རྒྱུན་འཛིན་སློབ་གསོར་ཞུགས་ནས་དགེ་རྒན་བྱས་ཆོག་པའི་དཔང་ཡིག་ཐོབ་ཅིང་། ད་ལྟར་སྐབས་ལྔ་པའི་དགེ་རྒན་རྒྱུན་འཛིན་གྱི་འབུམ་རམས་པ་དང་རབ་འབྱམས་པ་སོ་སོའི་ཡོན་ཚད་ཀྱི་སློབ་གསོ་དང་ལེན་བྱེད་བཞིན་པའི་མི་3 དེ་མིན་དགེ་རྒན་རྒྱུན་འཛིན་གྱི་འབུམ་རམས་ཕྱི་ཚར་གྱི་བསླབ་གནས་ལ་འབད་འབུངས་བྱེད་བཞིན་པ་མི་1བཅས་ཡོད། གཞན་ཡང་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད་པ་སྟེ། མི་10ལྷག་ཙམ་གྱིས་དགེ་རྒན་གྱི་རྒྱུན་འཛིན་སློབ་གསོའི་འབུམ་རམས་ཕྱི་ཚར་དང་། འབུམ་རམས་པ། རབ་འབྱམས་སློབ་མ་བཅས་ཀྱི་མཛུབ་སྟོན་དགེ་རྒན་གྱི་ཐུགས་འགན་བཞེས་མུས་ཡིན་ཅིང་། མི་15བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་དང་དགེ་རྒན་གཅིག་ལྕོགས་ལ་གདན་ཞུ་བསྐོ་གཞག་བྱས་པ་སྟེ་ནད་ཐོག་དང་སློབ་ཁྲིད་གཅིག་ལྕོགས་ཀྱི་འགན་འཁྲི་འཁུར་བའི་དགེ་རྒན་གྱི་དཔུང་ཁག་གཅིག་སྐྱེད་སྲིང་བྱས་ཡོད། 2013ལོ་ནས་2015ལོའི་བར་ལྗོངས་ཡོངས་རང་བཞིན་གྱི་བོད་ལུགས་གསོ་རིག་གཞི་རིམ་རྐང་འཛིན་སྨན་པ་དང་ནད་སྐྱོང་བའི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་ཁྱོན་བསྡོམས་སྐབས་གསུམ་ཙམ་གཉེར་འཛུགས་བྱས་པར་སློབ་ཞུགས་མི་ཐེངས་300ཉེ་བ་ཟིན་ཡོད། 2015ལོའི་ཟླ་7པ་ནས་བཟུང་སྟེ་རྒྱལ་ཁབ་གཙོ་གནད་ཆེད་ནད་སྡེ་ཁག་བརྙན་ཟློས་དྲ་རྒྱའི་ལས་སྟེགས་ལ་སྔས་རྟེན་བྱས་ཏེ་སྨན་རྩིས་ཁང་དུ་ཞིང་ཆེན་བཞི་དང་ལྗོངས་གཅིག་གི་བོད་ལུགས་གསོ་རིག་སྒྲིག་གཞིའི་ནང་ཁོངས་སུ་རྦད་དེ་ཁྱབ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་བརྙན་ཟློས་དྲ་རྒྱའི་ལྟེ་གནས་བསྐྲུན་སྐྱེད་བྱས་ཤིང་། འཁོར་སྐྱོད་ཚོད་སྤྱོད་བྱས་ཚུན་གྲགས་ཅན་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་གཉིས་ལྡན་གྱི་ཆེད་མཁས་པ་བསྟན་འཛིན་བཀྲ་ཤིས་སོགས་སྤྱན་འདྲེན་ཞུས་ཏེ《མན་ངག་བྱེ་བ་རིང་བསྲེལ》དང་།《བོད་ལུགས་གསོ་རིག་གཏར་བཅོས་ཀྱི་མྱོང་བྱང》 《བོད་ལུགས་སྨན་སྦྱོར་གྱི་ཕན་ནུས་དང་འདུལ་སྦྱོང་ལག་ལེན》 《བོད་སྨན་དང་ཟས་སྤྱོད》 《བོད་ཕྱི་ཟུང་འབྲེལ་གྱི་དོས་དྲག་མྱུར་སྐྱོབ་ཤེས་བྱ》སོགས་བོད་ལུགས་གསོ་རིག་འཛིན་སྤེལ་གྱི་རིག་གཞུང་འཆད་ཁྲིད་ཐེངས་32ཙམ་གྱི་ལས་གཉེར་བགྱིས་ཡོད། ཧུར་བརྩོན་ཡར་སྐྱེད་ཀྱིས་བོད་ལུགས་གསོ་རིག་གྲགས་ཅན་སྨན་པ་རྒན་རབས་ཀྱི་ཉམས་མྱོང་འཛིན་སྤེལ་གྱི་ལས་གཉེར་བྱས་དང་བྱེད་མུས་ལགས་པ་སྟེ། 2015ལོར་མ་དངུལ་རང་གྲབས་ཀྱིས་བོད་ལུགས་གསོ་རིག་གྲགས་ཅན་སྨན་པ་རྒན་རབས་ཀྱི་ངག་བརྗོད་ལོ་རྒྱུས་རྣམ་གྲངས་འགོ་སློང་བྱས་ནས་ལྗོངས་ཕྱི་ནང་གི་བོད་ལུགས་གསོ་རིག་གྲགས་ཅན་སྨན་པ་རྒན་རབས་པ་170ཙམ་ལ་བོད་ལུགས་གསོ་རིག་སྨན་བཅོས་དང་། སློབ་གསོ། ཐོན་སྐྱེད། བྲིན་ཚོང་། དོ་དམ་སོགས་དང་འབྲེལ་བའི་ངག་བརྗོད་ལོ་རྒྱུས་སྒྲ་འཇུག་ཡིག་ཕབ་ཀྱི་ལས་དོན་གཉེར་དང་གཉེར་མུས་ཡིན། ཉེ་བའི་ལོ་གསུམ་རིང་ཡུན་ནན་དང་། ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ལྗོངས་ཕྱིའི་ཟབ་སྦྱོང་སྨན་པ་མི་230ཙམ་དང་། ལྗོངས་ནང་ཁུལ་གྱི་སྡེ་ཁག་འཐུས་ཚང་གི་སྨན་པའི་ལས་བསྒྱུར་གསོ་སྦྱོང་དང་། ཟབ་སྦྱོང་སྨན་པ། དགེ་རྒན་དགེ་ཕྲུག་གི་སློབ་མ་སོགས་མི་500ལ་ཉེ་བ་རྩིས་ལེན་ཞུས་ཡོད། ནད་སྡོད་དགེ་རྒན་སྨན་པའི་ཚད་ལྡན་ཅན་གྱི་གསོ་སྐྱོང་སྦྱོང་བརྡར་ལས་དོན་འཁོར་སྒུལ་བྱས་ཐོག སྣེ་ཁྲིད་སྒྲིག་འཛུགས་ཀྱིས་《བོད་ལུགས་གསོ་རིག་ནད་སྡོད་སྨན་པ་དཀའ་བཅུ་བའི་ཚད་ལྡན་ཅན་གྱི་གསོ་སྦྱོང་ཚད་གཞི》སྒྲིག་བཟོ་བྱས་པ་མ་ཟད། བོད་ལུགས་གསོ་རིག་དོ་དམ་ཅུས་ནས་པར་འགྲེམས་བྱས་ཡོད། དེ་མིན་2014ལོ་དང་2015ལོར་ཚད་ལྡན་ཅན་གྱི་གསོ་སྦྱོང་སློབ་མ་མི་གྲངས་109བསྡུ་སྐོང་བྱས་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716