སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམངས་སྒྲུབ་ནས་སློབ་གསོའི་ལམ་བུར་ཞུགས་པའི་ཆུ་ཀྱཱ་བྱིས་སྐྱོང་ཁང་།
སྤེལ་དུས། 2015-05-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་འབུམ།

    ད་ལྟའི་དཀའ་ཁག་དང་མ་འོངས་ཀྱི་འཆར་འགོད།

    མིག་སྔའི་དཀའ་ཁག

  ང་ཚོའི་མིག་སྔའི་དཀའ་ཁག་ཆེས་ཆེ་ཤོས་ནི་སྤྱིར་གོང་རིམ་སློབ་གསོའི་སྲིད་ཇུས་ལྟར་ལོ་དྲུག་ཅན་གྱི་མན་ཞིག་སློབ་གྲྭའི་ནང་དུ་ཞུགས་ཚེ་སློབ་སྐབས་རེར་སྒོར༧༠༠ཡི་སློབ་རིན་བསྡུ་དགོས་པ་རེད། དེས་ཁྱིམ་བདག་དག་གིས་སློབ་མ་དག་སློབ་གྲྭར་སྐྱེལ་བར་བར་ཆད་ཆེན་པོ་བཟོ་གིན་འདུག ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ལོ་ཆུང་ཆུང་དེ་ལྟ་བུ་ཞིག་ལ་སྒོར་དེ་འདྲའི་མང་པོ་ཞིག་བྱིན་ཏེ་སློབ་གྲྭར་བསྐྱལ་ཡང་དེའི་ཚོད་ཀྱི་ཤེས་བྱ་ཞིག་ལོན་ཐུབ་མི་འདུག་འདོད་ནས་སློབ་མ་དག་ལོ་དྲུག་བདུན་ལ་མ་ཐོན་པར་གྲ་སྒྲིག་གི་འཛིན་གྲྭར་མི་སྐྱེལ་བའི་སྣང་ཚུལ་འདུག དྲང་མོར་བཤད་ན་བྱིས་པ་ཆུང་ཆུང་ལོ་ལྔ་དྲུག་ཅན་ཞིག་སློབ་གྲྭར་ཐོན་མ་ཐག་ཤེས་བྱ་མང་པོ་ཞིག་དུས་ཐུང་ངུ་ཞིག་གི་ནང་དུ་ཤེས་རྒྱུ་ནི་ཤིན་ཏུ་དཀའ་མོ་རེད་ལ། བྱིས་པའི་ལོ་ཚོད་དང་ཡང་མི་མཐུན་པ་ཞིག་རེད། གལ་ཏེ་བྱིས་པ་ལོ་ན་དྲུག་མན་གྱི་བྱིས་པའང་དེའི་ཡན་གྱི་བྱིས་པ་ལྟར་འདྲ་མཉམ་གྱིས་སློབ་གསོ་མྱངས་འོས་པའི་བྱིས་པའི་ཁྲོད་དུ་འཇོག་པའི་ལམ་ལུགས་ཤིག་འབྱུང་ཐུབ་ཚེ། ཁྱིམ་བདག་གིས་བྱིས་པ་སློབ་གྲྭར་སྐྱེལ་བར་སྐུལ་མ་བྱེད་ཐུབ་ལ། བྱིས་པོ་ཚོ་སློབ་ཆུང་ལ་དངོས་སུ་ཞུགས་པའི་སྔོན་གྱི་སྟ་གོན་ནམ་བར་བརྒལ་གྱི་དུས་རིམ་ཡང་ལེགས་པོའི་ངང་འགྲུབ་ངེས་རེད།
 
   བྱིས་པ་ཁྲིད་ནས་འགྲོ་གིན་པའི་ཁྱིམ་བདག
   མ་འོངས་ཀྱི་འཆར་འགོད།
   དགེ་རྒན་གསུམ་གྱིས་ཐོག་མའི་སློབ་མ༡༧ནས་ད་ལྟའི་སློབ་མ༣༠-༤༠ལྷག་གིས་གྲུབ་པའི་སློབ་གྲྭ་འདིའི་ཀྱག་ཀྱོག་གི་འདས་པ་དང་། གནད་འགག་གི་ད་ལྟ། རེ་བའི་བལྟམས་པའི་མ་འོངས་པ་སོགས་ལ་འཆར་གཞི་འགོད་ཀྱིན་འདུག
   དགེ་རྒན་གསུམ་གྱི་གཏམ།
   ད་ལྟར་མཚོན་ན་སྔོན་ཆད་དང་བསྡུར་ན་ཆ་རྐྱེན་ཤིན་ཏུ་ལེགས་པ་རེད། ཡིན་ཡང་ད་དུང་ཆ་རྐྱེན་གྱིས་མི་འདང་ས་མང་པོ་འདུག དཔེར་ན་ཇ་ཁང་རྙིང་ཞིང་ས་རྡུལ་ཆེ་ལ་ཇ་མར་དཀའ་ཁག་ཆེ་བ། མལ་ཁྲི་ཡོད་ཀྱང་བྱིས་པ་ཚོ་ཉིན་གུང་ངལ་གསོ་སའི་མལ་ཁང་མེད་པ། ཁང་པའི་ཕྱི་ཡི་བྱིས་པའི་རྩེད་ཆས་ཀྱིས་མི་འདང་བ། སློབ་གྲྭའི་ར་སྐོར་སྡོང་བོ། མེ་ཏོག ཆུ་སོགས་འཛོམས་པའི་ལྗང་མདོག་ཅན་དུ་སྒྱུར་ཐུབ་མེད་པ་དང་། རྡོ་ཟེགས་ཀྱི་ནང་དུ་བྱིས་པ་ཚོ་རྩེད་མོ་རྩེད་སྐབས་རྨས་སླ་བ་སོགས་ཕྱི་ཡི་ཁོར་ཡུག་མཛེས་མིན་གྱིས་བྱིས་པའི་སེམས་ཁམས་དང་སློབ་སྦྱོང་གི་འདུ་ཤེས་ལ་ཐད་ཀར་དུ་རག་ལས་པས་མ་འོངས་པར་སློབ་གྲྭ་འདིའི་ཁོར་ཡུག་ཇེ་མཛེས་སུ་གཏོང་རྒྱུ་དེ་ང་ཚོའི་དམིགས་འབེན་དང་། སློབ་གྲྭར་དྲ་རྒྱ་མེད་པའི་དེང་རབས་ཀྱི་རྗེས་སྙེག་དཀའ་བ། བྱིས་པ་ལ་ཉེ་བར་མཁོ་བའི་ལག་ཤེས་དང་། གླུ་དབྱངས། རི་མོ་སོགས་མུ་མཐུད་དུ་སློབ་སྦྱོང་བྱེད་དགོས་པ་དང་། བྱིས་པའི་སེམས་ཁམས་ལ་ཕན་ཞིང་མི་རིགས་ཀྱི་སྐད་དང་རིག་གནས་རྒྱུད་འཛིན་བྱེད་ཐུབ་པའི་འགུལ་རིས་གློག་བརྙན་སོགས་ཤིན་ཏུ་མཁོ་ཞིང་། ང་ཚོ་ལའང་བོད་ཁུལ་གྱི་བྱིས་སྐྱོང་ཁང་སོ་སོའི་སློབ་གསོའི་ལམ་ལུགས་དང་ཉམས་མྱོང་། བྱིས་པ་དེ་མི་རིགས་དང་ཤེས་ཡོན་ལ་དགའ་ཞིང་། ཡ་རབས་དང་ཀུན་སྤྱོད་ལེགས་པོ་ཅན་ཞིག་ཏུ་བསྒྱུར་བའི་སྐོར་གྱི་དཔེ་བཟང་རེ་སློབ་རྒྱུ་དང་ཉན་རྒྱུའི་གོ་སྐབས་ཡོད་ཚེ་དེ་ནི་ཡིད་སེམས་ཧ་ཅང་མགུ་བའི་དོན་ཞིག་རེད་ལ། བོད་སྤྱི་ཚོགས་ཡོངས་ནས་བྱིས་པའི་ན་སོ་ཆུང་བའི་སྐབས་ཀྱི་སློབ་གསོ་ལ་དོ་ཁུར་བྱེད་རྒྱུ་དེ་མཇུག་མཐའི་རེ་བ་ཡིན།
 
  ས་དམར་གྱིས་རླངས་འཁོར་སྒོ་ཕྱུགས་བཟོ་བའི་བྱིས་པ་དག
  དགེ་རྒན་ཚོའི་ཁྱིམ་བདག་ལ།
   ༡.ཁྱིམ་བདག་ལ་ལས་བྱིས་པ་ན་སོ་རན་པའི་སྐབས་སུ་མ་གཏོགས་སློབ་གྲྭར་སྐྱེལ་གྱིན་མི་འདུག དོན་དངོས་སུ་བྱིས་པ་སློབ་གྲྭར་འགྲོ་བ་དང་སློབ་སྦྱོང་བྱེད་པར་བར་བརྒལ་གྱི་དུས་རིམ་ཞིག་གམ་གྲ་སྒྲིག་གི་དུས་ཡུན་ཞིག་དགོས་པ་རེད།
   ༢.དགེ་རྒན་གཡང་མོ་འཚོས་ཁྱིམ་བདག་ཚོས་བྱིས་པ་ལ་དགེ་རྒན་བཙན་པོ་ཡིན་ནི་རེད། ལས་བྱ་མ་བྲིས་ན་གཅར་རྡུང་བྱེད་ངོས་རེད་ཅེས་འཇིགས་སྐུལ་མི་བྱེད་པར་སློབ་གྲྭ་ནི་དགའ་བའི་སྐྱེད་ཚལ་ཞིག་ཡིན་པར་བརྗོད་ན་བྱིས་པ་སློབ་གྲྭར་དགའ་རྒྱུར་ཕན་ཐོགས་ཡོད།
   ༣ དགེ་རྒན་བཟང་ལྷས་ལོ་རིམ་ཅུང་མཐོ་བ་ཡིན་ན་འཇིགས་སྐུལ་དགོས་པ་ཡོད་ཀྱང་། བྱིས་སྙོར་ཁང་ཞིག་ལ་མཚོན་ན་བྱིས་པ་ལ་འཇིགས་སྐུལ་བ་ནི་ཐབས་མཆོག་ཅིག་མིན།
   ༤  དགེ་རྒན་འཇིགས་མེད་རང་གྲོལ་གྱིས་ལོ་ཡི་ཆ་ནས་ལོ་བཞི་ནས་བཟུང་སྟེ་བསྐྱལ་ན་བཟང་། རིམ་པ་དམའ་བ་ལ་དཔེ་ཁུག་འཁུར་བ། སྨྱུ་གུ་འཛིན་པ་སོགས་བསླབ་སྟེ་སློབ་གྲྭ་ལ་དགའ་སྤྲོ་སྐྱེད་རྒྱུ་ལས་ཐད་ཀར་དུ་ལས་བྱ་ཡོད་མེད། འབྲི་མི་འབྲི་སོགས་ཀྱི་ཆེད་དུ་གཅར་རྡུང་བྱས་ན་མི་འགྲིག
  
   བྱིས་པ་ཁྲིད་ནས་འགྲོ་གིན་པའི་ཁྱིམ་བདག
   དགེ་རྒན་ནི་ཅི་ལྟ་བུ་ཞིག་ཡིན་འོས།
   འཇིགས་མེད་རང་གྲོལ་གྱིས་དགེ་རྒན་ཞིག་ལ་བསམ་བློའི་འདུ་ཤེས་དགོས་པ་རེད། སློབ་མ་རྣམས་ལ་རྗེས་ཕྱོགས་ལས་ཀའམ་ཁེ་ཕན་ཅུང་ཙམ་རེག་པའི་ཆེད་དུ་སློབ་སྦྱོང་བྱེད་དགོས་ཞེས་མི་བརྗོད་པར་སློབ་མ་ལ་གསལ་བྱེད་ཀྱི་སྦྱོར་ཀློག་སོགས་རྒྱུད་ལ་ལེགས་པོ་ཞིག་འཇོག་རྒྱུ། སློབ་མ་ལ་ཟུར་ཟ་དང་ཁྱད་གསོད་མ་བྱས་པར། ཁོང་ཁྲོ་མ་སྐྱེས་པར་ཡང་ནས་ཡང་དང་བསྐྱར་ནས་བསྐྱར་ཐེངས་མ་བརྒྱ་བྱེད་དགོས་ཀྱང་ནུས་པ་ཞིག་ཡིན་ན་བྱིས་པའི་དགེ་རྒན་ལེགས་པོ་ཞིག་འཁྱོངས་རྒྱུ་རེད། དུས་རྒྱུན་དུ་གྲ་སྒྲིག་གི་སེམས་ཀྱིས་མི་རེ་རེ་དང་འཚམས་པར་ཤེས་བྱ་སློབ་མ་སོ་སོའི་རྒྱུད་ལ་འཇོག་དགོས་པ་དེ་རེད།
   བཟང་ལྷས་བྱིས་པ་ཚོ་ལ་ཤ་ཚ་སྙིང་ཉེ་དང་བསམ་པ་ཡར་སེམས་ཀྱི་སྒོ་ནས་སློབ་ཁྲིད་བཟང་པོ་ཞིག་བྱེད་རྒྱུ་དེ་དགེ་རྒན་ཞིག་གི་འོས་འགན་རེད།
   གཡང་མོ་འཚོས་དགེ་རྒན་ལ་ལས་སློབ་སྦྱོང་ཡག་པོ་ཅན་ཁོ་ན་ལ་མཐོང་ཆེན་ལས་སློབ་སྦྱོང་མི་ལེགས་པ་ལ་མཐོང་ཆུང་བྱེད་པའི་སྣང་ཚུལ་འདུག སློབ་ཁྲིད་བྱེད་སྐབས་ཤེས་མི་ཤེས་མ་བརྟག་པར། རབ་འབྲིང་ཐ་སོགས་མ་དགར་བར་འདྲ་མཉམ་དུ་སློབ་ཁྲིད་བྱེད་རྒྱུ་ནི་དགེ་རྒན་ཞིག་གི་ཀུན་སློང་ཡིན་དགོས་པར་བསམ།
  གསར་འགོད་པའི་གཏམ།
  བདག་གིས་བྱིས་སྐྱོང་ཁང་འདི་ལྟ་བུ་ཞིག་ཐེངས་འདིའི་བརྗོད་བྱ་ལ་འདེམས་དོན་གཙོ་བོ་ནི། གཅིག བྱིས་སྐྱོང་ཁང་འདི་ནི་རྒྱལ་ཁབ་ཀྱིས་གོང་ནས་མར་བཙུགས་པ་ཞིག་མ་ཡིན་པར་དམངས་ནས་ཡར་རང་འགུལ་གྱིས་བཙུགས་པའི་སློབ་གྲྭ་ཞིག་ཡིན་པས་སློབ་གྲྭ་གཞན་དག་དང་བསྡུར་ན་དུས་རབས་གསར་བའི་ནང་དུ་ལས་རིགས་གསར་བ་སྔོག་འདོན་བྱེད་པའི་དཔེ་མཚོན་ལྟ་བུར་གྱུར་ཡོད་བསམ། གཉིས། སློབ་གྲྭ་འདིར་ཡོད་པའི་དགེ་རྒན་དག་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་འོངས་པ་མ་ཡིན་ལ། རྒྱུགས་ཀྱིས་བསྡུས་པའང་མ་ཡིན་པར་བྱ་བ་དང་ལག་ལེན་དངོས་ཀྱིས་གཞན་གྱི་གདེང་འཇོག་ཐོབ་སྟེ་དགེ་རྒན་ཀྱི་ཁྲོད་དུ་སོང་བ་འདིས་ད་ལྟའི་བོད་སྤྱི་ཚོགས་སྟེང་གི་སློབ་གྲྭར་རེ་ཞུགས་སོང་ཞིང་དེ་ནས་ཕྱིར་ཡུལ་དུ་འོངས་ནས་ལས་ཀ་ཅི་ཡང་མེད་པར་སྦྱངས་ཟིན་པའི་ཡོན་ཏན་ཆུད་ཟོས་སུ་གཏོང་བ་དང་། ཉེ་འཁོར་གྱི་མིས་ཀྱང་ཁོ་ཚོས་སྦྱངས་པའི་ཡོན་ཏན་ལ་མཐོང་ཆེན་མི་བྱེད་པར་ཁོ་ཚོས་རྒྱལ་ཁབ་ཀྱི་བྱ་བ་ཞིག་རེག་མིན་ཁོ་ན་ལ་ལྟ་བའི་གནས་བབ་ལ་སྣེ་ཁྲིད་ཀྱི་ནུས་པ་ལྡན་སྙམ་སྟེ། མི་སུ་ཡིན་ཡང་། ཡོན་ཏན་གྱི་ཚད་ཅི་ལྟ་བུ་ཞིག་ཡིན་ཡང་། གལ་ཏེ་རང་ལ་སེམས་ཤུགས་དང་བརྩོན་པ་ཡོད་ན། གོ་སྐབས་ནི་ག་ས་ག་ནས་འཚོལ་ཆོག་པ་ལས་ཡིན་གཅིག་མིན་གཉིས་གཞན་གྱིས་བྱ་བ་ཞིག་བགོ་བར་བསྒུག་ནས་འདུག་དགོས་པ་ག་ལ་ཡིན། གསུམ། སྤྱིར་ད་ལྟའི་གནས་བབ་ལྟར་ན་སྡེ་བའི་སློབ་གྲྭ་དག་ཡུལ་ཚོ་ལ་བསྡུས་ཤིང་། ཡུལ་ཚོའི་སློབ་གྲྭ་དག་རྫོང་ལ་སྤོར་བའི་གནས་བབ་འདིའི་འོག བྱིས་པ་དང་ཕ་ཡུལ་གྱི་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བའི་སྣང་ཚུལ་ཞིག་འདུག་ཅིང་། ཁྱིམ་བདག་མང་པོ་རྫོང་ཐོག་ཏུ་སོང་ནས་བྱིས་པ་སྙོར་སྐྱོང་བྱེད་ཀྱིན་འདུག དེ་ནི་གཅིག་ནས་བཤད་ན་སྔོན་ཐོན་གྱི་སྣང་ཚུལ་ཞིག་རེད་ཅེས་བརྗོད་ཀྱང་ཆོག ཡིན་ཡང་ཕྱོགས་གཅིག་ནས་བཤད་ན་ས་གནས་ཀྱི་སློབ་གསོས་མ་འདང་བས་རྟགས་མཚན་ཞིག་ཀྱང་ཡིན་ཏེ། ས་གནས་སོ་སོའི་སློབ་གསོ་ཇེ་ལེགས་དང་མི་ཡོངས་ཀྱི་རིག་གནས་ཡོན་ཚད་ཇེ་མཐོར་སོང་བ་དང་བསྟུན། སློབ་གྲྭ་དག་ཕྱིར་རང་གི་སྡེ་བའི་ནང་ཚུགས་རྒྱུ་ནི་མ་འོངས་པའི་འཕེལ་ཕྱོགས་དང་ཆོས་ཉིད་ཡིན་བསམ། གལ་ཏེ་བྱིས་པ་སོ་སོའི་ཆུང་དུས་ཀྱི་འཚོ་བ་རྒྱ་ཆེ་མཐོང་ཡངས་ཀྱི་རྩྭ་ཐང་ནས་རོལ་ཐུབ་ན། དེ་ནི་བྱིས་པའི་བདེ་སྐྱིད་ཅིག་དང་མི་ཚེ་གང་བོའི་མཛེས་སྡུག་ཅིག་ཡིན་པར་བསམས།
  ཁ་བྱང་ཕྱི་མོ། དམངས་སྒྲུབ་ནས་སློབ་གསོའི་ལམ་བུར་ཞུགས་པའི་ཆུ་ཀྱཱ་བྱིས་སྐྱོང་ཁང་།
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060