སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམངས་སྒྲུབ་ནས་སློབ་གསོའི་ལམ་བུར་ཞུགས་པའི་ཆུ་ཀྱཱ་བྱིས་སྐྱོང་ཁང་།
སྤེལ་དུས། 2015-06-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་འབུམ།
 ཁྱིམ་བདག་གི་གཏམ།
  དོ་བོ། དགེ་རྒན་དག་གིས་བསླབ་པ་བཟང་གི སློབ་གྲྭར་ཐག་ཉེ་བས་རྒན་པོ་དག་གིས་བྱིས་པ་གཉོར་པ་ལའང་སྟབས་བདེ་པོ་འདུག དེ་མིན་སྒྲིག་ལམ་སོགས་ཕྱོགས་གང་ཐད་ནས་ཀྱང་ཤིན་ཏུ་ལེགས་པོ་རེད། འཇིག་རྟེན་རྙིང་བ་ལ་མཚོན་ན་གྲྭ་བ་དག་གིས་ཕ་མའི་ཚབ་བྱས་ནས་སློབ་ཁྲིད་བྱེད་པ་བཞིན་དུ་དགེ་རྒན་འདི་དག་གིས་ཀྱང་ཕ་མ་བཞིན་དུ་བྱིས་པ་ལ་སྙོར་སྐྱོང་བྱས་པ་རེད།
   དགེ་སློབ་དག་ཟླུམ་གོར་གྱིས་བཙོག་ནས་ལག་ཕྱིས་འཕེན་རེས་ཀྱིས་རྩེད་པ།
  ལྷ་དཔལ་སྐྱབས། ང་རང་གིས་བསམ་ན་དགེ་རྒན་དག་གིས་བྱིས་པ་ཚོར་བདག་བྱས་པ་ཤིན་ཏུ་བཟང་གི ཡིན་ཡང་མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཟེར་བ་བཞིན་གཞན་པས་ཅི་དྲན་གྱིན་པ་མི་ཤེས། ཡིན་ཡང་ང་རང་གིས་བལྟས་ན་ཁོང་ཚོ་ཤིན་ཏུ་ལེགས། བྱིས་པ་ཚོས་ཀྱང་དགེ་རྒན་གྱི་བཀའ་བརྩི་གི་འདུག བྱིས་པ་ཐག་རིང་ལ་བསྐྱལ་ན་མི་བདེ་ས་མང་པོ་འདུག དཔེར་ན་ཆུ། འབུད་ཆས་སོགས་ཀྱི་ཐད་ནས་ཀྱང་སྟབས་མི་བདེ་ས་མང་པོ་རེད། བྱིས་པ་འདི་འདྲའི་ལོ་ཆུང་དག་ལ་མཚོན་ན་མང་པོ་ཞིག་ཤེས་རྒྱུ་ཤིན་ཏུ་དཀའ་མོ་རེད། ཡིན་ཡང་ཀ་ངོ་ཡིག་ངོ་ཞིག་ཟིན་རྒྱུ་དེ་ཤིན་ཏུ་གཙོ་བོ་རེད། ང་ལ་མཚོན་ན་ལོ་བཅུ་གཉིས་ཀྱི་སྐབས་སུ་སློབ་གྲྭར་ཅིག་འགྲོ་མྱོང་། ཡིན་ཡང་ཡི་གེ་གཅིག་ཀྱང་ཤེས་མ་སོང་།
   བྱིས་པ་ཚོ་བྱི་བ་དང་བྱི་ལའི་རྩེད་མོར་རོལ་བ།
  སྐལ་བྷ། ཞི་མོ་ན་ནིང་ནས་སློབ་གྲྭར་བཞག་པ་ཡིན། སྔོན་གྱི་དགོན་པ་ལ་མཚོན་ནའང་ལོ་ཆེས་ཆུང་ན་བཅུ་ཡི་མན་མེད་པ་རེད། ད་ལྟ་ལོ་བཞི་ལྔ་ལྔ་དྲུག་ཅན་ལའང་འདི་ལྟར་ཤེས་བྱ་སློབ་པ་རེད། བྱིས་པ་ལོ་འདི་ལྟ་བུ་དག་སྔོན་ཆད་ཡུལ་ན་ཡོད་དུས་ཁྱིམ་ལ་ནུས་པ་ཅི་ཡང་མི་ཐོན་པ་མ་ཟད་ད་དུང་ཁོ་ཚོ་ལ་མི་རྫི་ཞིག་དགོས་པ་རེད། ད་ལྟ་འདི་ལྟར་སློབ་གྲྭར་བསྐྱལ་བ་ན་ཁྱིམ་གྱི་ངལ་རྩོལ་པ་ཞིག་ཀྱང་ཁོམ་ལོང་བྱུང་དུ་བཅུག་པ་རེད།
   བྱིས་པ་ཚོ་སྤྱང་ཀི་དང་ཝ་མོའི་རྩེད་མོར་རོལ་བ།
  ཆོས་དབྱིངས། དགེ་རྒན་ཚོས་བྱིས་པ་ཚོར་ཐ་ན་ཟ་མ་ཟ་སྟངས། གྱོན་པ་གྱོན་སྟངས། མི་གཙང་དོར་ཚུལ་སོགས་ཀྱང་ཕ་མ་བཞིན་གཉོར་བ་དང་། སློབ་ཁྲིད་དག་ཀྱང་ཁ་ནང་ལ་འབུ་འཇོག་འཇོག་གིས་ཁྲིད་ཀྱིན་འདུག ངས་བལྟས་ན་གཞན་དང་བསྡུར་ན་འདིར་བྱིས་པའི་སློབ་གསོ་ལེགས་པོ་འདུག དགེ་རྒན་འདི་ཚོར་མཚོན་ན་བྱིས་པ་ལ་བརྩེ་ཞིང་བྱམས་པ་ཞིག་རེད། འདིར་ལོ་ལྔ་ཅན་གྱི་བྱིས་པ་ཞིག་ཀྱང་ཡོད་པ་རེད། ཁྱིམ་བདག་དང་ཐག་ཉེ་ཕྱོགས། གཉོར་ཕྱོགས་སོགས་གང་གི་ཆ་ནས་ཀྱང་འདི་སྟབས་ཤིན་ཏུ་བདེ་བ་རེད། བྱིས་པ་ཞིག་ལ་མཚོན་ན་རིག་གནས་ཡོད་མེད་ཀྱི་ཁྱད་པར་ཤིན་ཏུ་ཆེ་བ་རེད། ཆུང་ཕྱོགས་པ་སློབ་གྲྭར་སོང་བའི་ཐད་ན་ཕན་པ་ཤིན་ཏུ་ཆེན་པོ་ཡོད་གི་བསམ།
   འབྲོག་ཐབ་དང་དོ་ཆ་རྩིགས་པའི་རྩེད་མོར་རོལ་བ།
  ཆོས་སྐྱོང་ཐར། ང་རང་གིས་སློབ་གྲྭ་འདིར་སློབ་མ་སྐྱེལ་མ་མྱོང་། ཡིན་ཡང་ཁྱིམ་བདག་གིས་བཤད་པ་དང་སློབ་མས་བཤད་པ་ལ་བལྟས་ན་བོད་ཡིག་གི་སྒྲ་གདངས་ཐད་དག་ཆ་ཐོན་ཡོད་པ་རེད། བོད་ཡིག་གི་ཕྲད་ཀློག སློབ་གྲྭའི་འགྲོ་འདུག་སྤྱོད་གསུམ་སོགས་གོམས་སྲོལ་ཡག་པོ་ཞིག་རེད། དགེ་རྒན་གཞན་ནས་ཡོང་བ་དང་བསྡུར་ན་རང་གི་དགེ་རྒན་དག་གིས་བྱིས་པ་ཚོ་ལ་ཤ་ཚ་གི ངར་ད་དུང་རེ་བ་ཞིག་ཡོད་པ་ནི་བྱིས་པ་ཚོ་ལ་བོད་སྐད་དག་མ་ཞིག་གོམས་པར་བྱེད་རྒྱུ་དེ་ཡིན།
   གྱང་ཁར་འགོས་ནས་རྩེད་ཀྱིན་པའི་བྱིས་པ།
  གྲགས་པ། བྱིས་སྙོར་ཁང་བཙུགས་ནས་ད་ལྟའི་བར་དུ་དགེ་རྒན་ཚོས་ཐ་ན་བྱིས་པ་ཚོའི་གོམ་ཁ་སྤོ་ཕྱོགས་དང་འགྲོ་འདུག་སོགས་ཀྱང་བསླབ་སྟེ་ཧ་ཅང་ཤ་ཚ་བ་རེད། ན་ནིང་གཞིས་ནིང་ནས་བཟུང་དགེ་རྒན་ཚོས་བྱིས་པ་ཚོ་ལ་ཟ་མ་བཅའ་བ་དང་ལྡུད་པ། ཁ་སྣ་སོགས་ལའང་བདག་བྱས་པ་རེད། སྒྲིག་ལམ་གྱི་ཐད་ནས་ར་བའི་ནང་དུ་འཕྲུལ་རྟ་དང་། རླངས་འཁོར་སོགས་ཀྱང་འོང་ཏུ་མི་འཇུག་པ་སོགས་བྱིས་པའི་བདེ་འཇགས་ལ་དོ་གཟབ་བྱས་པ་ཤིན་ཏུ་བཟང་།
   དགེ་རྒན་སློབ་མ་རྣམས་དང་མཉམ་དུ་ཆུ་རྩེད་ལ་རོལ་བ།
  རྡོ་རྗེ་རྣམ་རྒྱལ། སློབ་ལོ་རན་པའི་བྱིས་པའི་དུས་ཚོད་འཕྲོག་བརླག་ཏུ་མ་བཏང་བ། སློབ་མའི་འགྲོ་ལུགས་འདུག་སྟངས་སོགས་ལམ་དུ་བཅུག་པ། རང་གི་དགེ་རྒན་ཞིག་ཡིན་ན་གཞན་དང་མི་མཚུངས་པའི་བཟོད་སྲན་དང་ཤ་ཞེན་ཆེ་བ་རེད། ཕྱི་ཡི་དགེ་རྒན་ཞིག་ཡིན་ཚེ་འཚོ་བ་དང་ཕྱོགས་གང་ཐད་ནས་ཆ་རྐྱེན་མང་པོ་ཡོད་པ་རེད།
   གྲལ་བསྒྲིགས་ནས་རྐང་རྒྱུག་བྱེད་ཀྱིན་པའི་བྱིས་པ།
  དེ་མིན་གཞན་དངོས་སུ་ཐུག་པའི་ཁྱིམ་བདག་འགའ་རེ་དང་སྒྲོལ་མེ་སྔོན་པོའི་ཚོམས་ཟེར་བ་སོགས་ལ་བཅར་འདྲི་བྱས་པ་ཕྱོགས་སྡོམ་བྱས་ན། ཚང་མས་གླེང་པའི་བྱིས་སྐྱོང་ཁང་འདིའི་དགེ་མཚན་གཙོ་བོ་ཕྱོགས་འགའ་ཡོད་པར་བརྗོད་འདུག་སྟེ། གཅིག་ནི་སློབ་གྲྭ་སྡེ་བའི་ནང་ཁུལ་དུ་ཡོད་པས་ཁྱིམ་བདག་དང་རྒན་པོ་དག་གིས་བྱིས་པ་སྙོར་བདེ་བ་དང་། གཉིས་ནི་དགེ་རྒན་དག་རང་གི་སྡེ་བའི་ནང་གི་མི་ཡིན་པས་དུས་ནམ་ཡང་རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་བཞིན་ཡིད་སེམས་བརྟན་པོ། ནན་ནན་ཏིག་ཏིག་གིས་སློབ་ཁྲིད་བྱེད་པ་དང་། གསུམ་ནི་བྱིས་པ་ཚོ་དགེ་རྒན་དང་འདྲེས་པས་སློབ་ཁྲིད་སྐབས་ཀྱི་དགེ་སློབ་དང་དེ་མིན་དུས་ཀྱི་ཁྱིམ་མི་དང་གྲོགས་པོ་ལྟ་བུར་གནས་པ་སོགས་བྱིས་པའི་འཚར་ལོངས་དང་སེམས་ཁམས་ལ་ཤིན་ཏུ་ཕན་ཟེར།
   ཕྱི་དྲོ་བྱིས་པ་གྲོལ་བར་སྒུག་པའི་ཁྱིམ་བདག་དག
   སྡེ་བའི་སྨན་པས་བྱིས་པོ་ཚོར་འགོག་སྨན་རྒྱག་གིན་པ།
  
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060