སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམངས་སྒྲུབ་ནས་སློབ་གསོའི་ལམ་བུར་ཞུགས་པའི་ཆུ་ཀྱཱ་བྱིས་སྐྱོང་ཁང་།
སྤེལ་དུས། 2015-06-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་འབུམ།
  ཉིན་གཅིག་གི་དགེ་སློབ་ཀྱི་འཚོ་བ།
   བྱིས་པ་དག་སློབ་གྲྭར་བསྐྱལ་མ་ཐག་ཁྱིམ་བདག་གིས་བྱིས་པས་མྱུར་བར་ཡི་གེ་ཞིག་ཤེས་རྒྱུར་རེ་སྒུག་བྱས་ཡོད་མོད། དོན་དངོས་སུ་བྱིས་པ་ཞིག་སློབ་གྲྭའི་ནང་དུ་ཐོན་མ་ཐག་ཡི་གེ་ཇི་ལྟར་འབྲི་བ་དང་ཀློག་ཤེས་རྒྱུ་ཕར་ཞོག ཐ་ན་སྨྱུ་གུ་སྨྱུ་གུ་དང་བྲི་དེབ་བྲི་དེབ་ཡིན་པའང་ཤེས་པ་མ་རེད། དེ་བས་དགེ་རྒན་ཚོས་བྱིས་པ་ཞིག་སློབ་གྲྭར་ཐོན་པ་ན་ཡི་གེ་སློབ་རྒྱུ་དེ་ཆེས་ཐོག་མའི་འགན་འཁུར་དུ་བརྩི་དགོས་པ་སྨྲ་མི་དགོས་ཀྱང་། དེ་ལས་ཀྱང་གཙོ་བོ་ནི་སློབ་གྲྭ་ལ་དགའ་བ་དང་གོམས་པར་བྱེད་རྒྱུ་དེ་རེད་ཟེར།
   བྱིས་སྙོང་ཁང་འདི་ལྟ་བུ་ལ་མཚོན་ན་ཕྱི་དྲོར་ཐོན་ཚེ་ཁྱིམ་བདག་དག་གིས་རང་རང་གི་བྱིས་པ་ཁྲིད་ནས་ཁྱིམ་དུ་འགྲོ་བ་ཡིན་པས་བྱིས་པ་དང་དགེ་རྒན་མཉམ་དུ་གནས་པའི་དུས་ནི་ཉིན་མོ་ཁོ་ན་ཡིན་པ་རེད། དེ་བས་ཁྱིམ་བདག་གིས་སྔ་མོར་དུས་ལྟར་དུ་བྱིས་པ་དགེ་རྒན་གྱི་གམ་དུ་སྐྱེལ་བ་དང་དགེ་རྒན་གྱིས་བྱིས་པ་སྙོར་ཞོར་ཁྲིད་ཞོར་བྱས་ཏེ་ཉིན་གུང་ལོན་པ་ན་བྱིས་པ་ཚོར་སློབ་གྲྭའི་ནང་དུ་ཟ་མ་ལྡུད་པ་ཡིན། སློབ་གྲྭའི་ནང་དུ་ཇ་མའང་གཅིག་མ་གཏོགས་མེད་པས་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བྱས་མ་ཐག་ཇ་ཁང་ནང་དུ་སོང་ནས་ཇ་མ་དང་མཉམ་དུ་བྱིས་པའི་ཉིན་གུང་གི་ཟ་མ་ལས་པ་དང་། ཟ་མ་བཟོས་ཚར་རྗེས་དགེ་རྒན་གསུམ་གྱི་གཅིག་གིས་སློབ་མ་གྲལ་སྒྲིག་ཏུ་བཅུག གཅིག་གིས་ལག་པའི་ཕུ་ཐུང་བརྫེས། གཅིག་གིས་ལག་པ་ཕྱིས་རྗེས་ཟ་ཁང་དུ་ཁྲིད་པ་ཡིན། བྱིས་པ་དག་སྤྱོད་ཁང་དུ་འགྲོ་སྐབས་དགེ་རྒན་གྱིས་རྗེས་དེད་ནས་བྱིས་པའི་དོར་མ་པུས་ཚིགས་སུ་ཕུད་ན་ད་གཟོད་མི་གཙང་བ་དོར་མའི་སྟེང་དུ་མི་འཕོ་བ་རེད། ཕྱི་དྲོའང་དེ་བཞིན་དུ་བྱིས་པ་དག་སྙོར་ཞོར་སློབ་ཁྲིད་བྱེད་པ་དང་། སྐབས་ལར་ར་བའི་ཕྱི་ནང་གང་རུང་དུ་རྩེད་མོ་ལ་རོལ་བ་ཡིན། དགེ་རྒན་འདི་ཚོ་ནི་བྱིས་པ་དག་ཤེས་རིག་གི་རྒྱ་མཚོར་ཞུགས་པའི་ཐོག་མའི་གྲུ་ཁའི་གྲུ་གཟིངས་དེ་ལྟ་བུ་དང་། སྙོར་སྐྱོང་གི་མ་མ་དང་ཡོན་ཏན་ཁྲིད་མཁན་གྱི་དགེ་རྒན་གྱི་ལས་ཀ་གཉིས་གཅིག་གཅོག་གིས་བཞེས་ཤིང་སྐབས་ལར་བྱིས་པ་མང་པོ་སྙོར་རྒྱུ་དེ་དེ་དག་ལ་སློབ་ཁྲིད་བྱེད་པ་ལས་ཀྱང་དཀའ་བ་རེད། དོན་དངོས་སུ་སློབ་མ་འདི་དག་དང་དགེ་རྒན་འདི་གསུམ་གྱི་འབྲེལ་བ་ནི་སྤྱིར་བཏང་གི་དགེ་སློབ་ཀྱི་འབྲེལ་བ་དེ་ལྟ་བུ་ཞིག་མ་རེད། སྤྱིར་བཏང་དུ་སློབ་མ་དག་གིས་དགེ་རྒན་མཐོང་ན་སྐྲག་པ་དང་དགེ་རྒན་ལ་རྒྱང་བཀྱེད་ནས་འགྲོ་བ་ཡིན། ཡིན་ཡང་དགེ་རྒན་འདི་དག་གིས་སློབ་ཁྲིད་བྱེད་པའི་སྐབས་སུ་དགེ་རྒན་གྱི་སྣང་བརྙན་ཡོད་ཀྱང་སློབ་ཁྲིད་གྲོལ་བའི་སྐབས་སུ་སློབ་མ་དག་དགེ་རྒན་གྱི་གམ་དུ་རུབ་ནས་དགེ་རྒན་གྱི་སྟེང་ལ་མཆོངས་པའམ་མགོ་ལ་རེག་པ། ལྗིད་པར་འཐམས་པ་སོགས་ཕ་མ་དང་ཁྱིམ་མི་ཞིག་ལོས་ཡིན་ལྟ་བུའི་སྣང་བ་སྟེར།
  སློབ་མ་ཚོར་གུང་ཟས་ཤ་མོག་བཟོ་གིན་པའི་དགེ་རྒན་དང་ཇ་མ།
  རུ་བསྟར་ནས་ཟ་མ་ཟ་བར་སྒུག་པའི་དགེ་སློབ།
  དགེ་རྒན་བཟང་ལྷས་སློབ་མའི་ལག་པ་འཕྱིད་ཀྱིན་པ།
  དགེ་རྒན་གཡང་མོ་འཚོས་སློབ་མ་ཚོའི་ཕུ་ཐུང་བརྫེ་བ།
  དགེ་རྒན་འཇིགས་མེད་རང་གྲོལ་གྱིས་སྤྱོད་ཁང་དུ་འགྲོ་བའི་སློབ་མའི་དོར་མ་མར་ཕུད་པ།
   ལོ་སྔོན་མ་ཞིག་གི་བསྐྱར་ཟློས་ཀྱི་འཚོ་བ།
   ལོ་སྔོན་མ་ཞིག་གི་བསྐྱར་ཟློས་ཀྱི་འཚོ་བ།
   ལོ་སྔོན་མ་ཞིག་གི་བསྐྱར་ཟློས་ཀྱི་འཚོ་བ།
   དགེ་རྒན་གསུམ་གྱི་གཏམ།
   བྱིས་པ་ཞིག་ཐོག་མར་ཐོན་པ་ན་ནང་ལ་འགྲོ་མི་ཤེས་པ། བཙོག་མི་ཤེས་པ། ལྷམ་སྒྲོག་མདུད་མི་ཤེས་པ། སྣབས་དང་མི་གཙང་དོར་མི་ཤེས་པ། དཔེ་ཁུག་འཁུར་མི་ཤེས་པའི་ཚད་རེད། དེའི་སྐབས་ནན་གྱིས་སློབ་ཁྲིད་ག་གེ་མོ་ཞིག་བྱས་ཀྱང་བྱིས་པའི་སེམས་ལ་འགྲོ་བ་ཕར་ཞོག ཐ་ན་དེ་ནས་བཟུང་སློབ་གྲྭ་ལ་མི་དགའ་བ། དགེ་རྒན་ལ་སྡང་བ་ཞིག་ཏུ་འགྱུར་བས་སྐབས་ཐོག་དེར་སློབ་ཁྲིད་བྱེད་རྒྱུ་གཙོ་བོ་མ་བྱས་པར་དགའ་བ་སྐྱེད་སྲིངས་བྱེད་རྒྱུ། ཡང་ན་སློབ་ཁྲིད་བྱེད་སྐབས་ཀྱང་རྩེད་མོ་དང་དགོད་བྲོའི་ལམ་ནས་བྱེད་པ་ལས་ཨུ་ཚུགས་དང་ནན་གྱིས་བྱས་ན་བྱིས་པའི་སེམས་ཀྱིས་དང་ལེན་མི་བྱེད་པ་རེད། དེ་བས་ང་ཚོ་དགེ་རྒན་གསུམ་རེས་མོས་ཀྱིས་ཉི་མ་གཉིས་རེ་ལ་དགེ་རྒན་གཅིག་འཁོར་ཏེ་བྱིས་པ་ཚོའི་ཁ་སྣ་དང་། མི་གཙང་དོར་བ། འགྲོ་འདུག་ལ་བདག་བྱས་པ་ཡིན། བྱིས་པ་ནི་མི་ཆེ་དང་མི་འདྲ་བར་གློ་བུར་དུ་ལངས་ནས“ངའི་གཅིན་ཤོར་གྲབས་འདུག”ཅེས་བཤད་མ་ཐག་གཅིན་ཀྱང་དེ་མ་ཐག་ཏུ་རྐང་སྣམ་ནང་དུ་ཤོར་འདུག དེ་མིན་བྱིས་པ་རྣམས་སྤྱོད་ཁང་ནང་དུ་འགྲོ་སྐབས་རྐང་སྣམ་མར་བརྫེས་ཏེ་པུས་ཁུག་ཏུ་ཕུད་དེ་འགྲོ་རུ་མ་བཅུག་ཚེ་རྐང་སྣམ་ནང་དུ་མི་གཙང་བ་དོར་འགྲོ།
   དེང་རབས་རྩེད་འཁོར་གྱི་ནང་དུ་རྩེད་ཀྱིན་པའི་བྱིས་པ།
  དགེ་རྒན་གྱིས་མེ་ཁ་གསོས་རྗེས་བྱིས་པ་ཚོ་རུབ་ནས་ལག་པ་སྲོ་བ།
  དགེ་རྒན་དག་གིས་སློབ་མ་ཚོ་སྟར་ཕྲེང་སྒྲིག་ཏུ་བཅུག་ནས་རྩེད་མོ་རོལ་དུ་འཁྲིད་པ།
  
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060