སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམངས་སྒྲུབ་ནས་སློབ་གསོའི་ལམ་བུར་ཞུགས་པའི་ཆུ་ཀྱཱ་བྱིས་སྐྱོང་ཁང་།
སྤེལ་དུས། 2015-06-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་འབུམ།
  སློབ་གྲྭའི་འཚར་ལོངས་ཀྱི་བརྒྱུད་རིམ།
  ཆུ་ཀྱཱ་བྱིས་སྐྱོང་ཁང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོའི་ཆུ་ཀྱཱ་སྡེ་བ་ཞེས་པར་ཡོད་ཅིང་། སློབ་གྲྭ་འདིར་དགེ་རྒན་གསུམ་དང་ཇ་མ་གཅིག ༢༠༡༥ལོར་སློབ་མ༣༧ཡོད། ཆུ་ཀྱཱ་ནི་རྨ་བྱང་ཤ་བྲང་ཚོ་དྲུག་གི་ཡ་གྱལ་དང་སྡེ་བ་འདི་ལ་དུད་ཁ༤༠༠དང་མི་གྲངས༡༧༠༠ཙམ་ཡོད་ཅིང་། ཆོས་རྗེ་ཡུལ་ཚོ་ནས་ནུབ་ཕྱོགས་སུ་སྤྱི་ལེ༣༨གྱི་ས་ན་ཡོད།
   སློབ་ཁང་མདུན་གྲལ་བསྒྲིགས་པའི་བྱིས་པ།
   ཐོག་མའི་འགོ་ཚུགས་དུས།
   ༢༠༠༩ལོའི་སློབ་གསོའི་ལམ་ལུགས་ཀྱི་འགྱུར་བས་སྡེ་བའི་ནང་གི་བཅའ་སྡོད་སློབ་ཆུང་དག་གཏོར་ནས་ཡུལ་ཚོ་ལ་གཅིག་སྡུད་བྱས་ཏེ་སྡེ་བའི་ནང་དུ་བྱིས་པའི་སློབ་གསོའི་ལྟེ་གནས་གཅིག་ཀྱང་མེད་པར་གྱུར་པ་རེད། གནས་ཚུལ་དེའི་འོག་ཏུ་སྡེ་བའི་སྡེ་གཙོ་གཙོ་བྱས་རང་གི་སྡེ་བའི་ནང་དུ་བྱིས་པ་ཆུང་ཆུང་དག་ལ་སློབ་ཁྲིད་རེ་བྱེད་དགོས་པའི་འཆར་གཞི་བཏོན་པའི་འོག མང་ཚོགས་ཀྱིས་ཀྱང་རྒྱབ་སྐྱོར་བྱས་ཏེ་རིག་གནས་ངེས་ཅན་ཞིག་སྦྱངས་པ་དང་སེམས་ཤུགས་ཅན་གྱི་ན་གཞོན་འཇིགས་མེད་རང་གྲོལ(གསེར་བྷེ)། བཟང་ལྷ(འཕགས་ལོ)། གཡང་མོ་འཚོ་གསུམ་བདམས་ཏེ་དམངས་སྒྲུབ་ཀྱི་ལམ་ནས་ད་ལྟའི་བྱིས་སྐྱོང་ཁང་འདིའི་ཐོག་མའི་མ་གཞི་གྲུབ་པ་རེད།
   ཐག་དྲའི་སྒང་དུ་རྩེད་ཀྱིན་པའི་བྱིས་པ།
     དགེ་རྒན་གསུམ་གྱི་གཏམ།
   བཅའ་སྡོད་སློབ་གྲྭ་ཡུལ་ཚོ་ལ་བསྡུས་རྗེས་སློབ་གྲྭའི་ར་སྐོར་འདིའི་ནང་དུ་སྔོན་གྱི་ཁང་སྟོང་དག་མ་གཏོགས། ཇ་ཁང་ནང་ན་སླ་ང་གཉིས་དང་ཁོལ་མོ་གཅིག ཤིང་ལེབ་ཆེ་གཅིག སློབ་ཁང་ནང་དུ་ཅོག་ཙེ་རྙིང་བ་འགའ་ལས་ཅི་ཡང་མེད་པ་རེད། ༢༠༠༩ལོའི་ཟླ༧པའི་ཚེས༡༦ཉིན་སློབ་གྲྭ་འདིའི་འགོ་ཚུགས་ཤིང་། སྡེ་བའི་བཀོད་སྒྲིག་གིས་བྱིས་པ་ཆུང་ཆུང༡༧འདི་རུ་བསྐྱལ་བ་རེད། ད་ལྟ་འདང་བརྒྱབ་ན་སྐབས་དེར་ང་ཚོའི་ཆ་རྐྱེན་ཧ་ཅང་ཐབ་ཆག་རེད། ཐ་ན་ལྕགས་ཐབ་དང་། ལྡུད་མ། ཕྱག་གཞོང་། འབུད་ཆས་སོགས་ཀྱང་རང་གིས་གྲ་སྒྲིག་བྱས་པ་དང་། ཁང་རྩི་བཀོག་ནས་ས་སྨྱུག་བྱས་པ། གཟའ་ཉི་མའི་ཉིན་འོང་བ་འཐུ་རུ་སོང་བ་སོགས་བྱས་མྱོང་། དགུན་ཁར་ས་འདིར་གྲང་ངར་དང་ཙག་རླུང་ཆེ་ཞིང་སྐབས་དེར་ཤེལ་གྱི་ཁྱམས་ར་སོགས་ཀྱང་ཅི་ཡང་མེད་པས་དགུན་ཁ་ནི་ང་ཚོ་ལ་མཚོན་ན་དུས་ཡུན་ཤིན་ཏུ་རིང་པོ་ཞིག་རེད། ཡུལ་ཚོ་དང་རྫོང་རིམ་པའི་སློབ་གསོ་ཅུས་ཀྱིས་དོ་སྣང་བྱས་པ་ལ་བརྟེན༢༠༡༣ལོར་ད་གཟོད་སློབ་ཁང་དང་ཁྱམས་ར། བྱིས་པའི་རྩེད་ཆས། ཟ་ཁང་། དགེ་རྒན་ཚོའི་གཞུང་ལས་ཁང་སོགས་ད་ལྟའི་རྣམ་པ་འདི་བྱུང་པ་རེད།
   རྩེད་ཁང་དུ་རྩེད་མོར་རོལ་བའི་དགེ་སློབ་ལྷན་རྒྱས།
  ཆོས་རྗེ་ཡུལ་ཚོའི་སློབ་གཙོ་དཔལ་ལྡན་དབང་ཕྱུག་གི་གཏམ།
  སྔོན་ལ་བྱིས་སྙོར་ཁང་ཟེར་བ་འདི་རྫོང་ཡོངས་ལ་རྒྱལ་ཁབ་ཀྱིས་བཙུགས་ཡོད་པ་མ་རེད། ཆུ་ཀྱཱ་སྡེ་བ་ཡིས་མ་བསྐུལ་དང་བླངས་ཀྱིས་བྱིས་པ་ཚོར་སློབ་སྦྱོང་བྱེད་ས་ཞིག་སྒྲུབ་ཡོད་པ་རེད། དགེ་རྒན་ཁོ་ཚོས་ཀྱང་ཕལ་ཆེར་ཟླ་ཕོགས་ཀྱང་མ་བླངས་པར་ཁོ་ཚོ་རང་ངོས་ཀྱིས་ཁྲིད་ནས་སྙོར་ཏེ་ལོ་གསུམ་གྱི་དུས་ཡུན་ལྟ་བུ་ཞིག་འགོར་པ་རེད། ང་འདིར་ཐོན་ཏེ་གམ་གྱི་མི་རྣམས་ལ་བྱིས་སྙོར་ཁང་གང་དུ་ཡོད་པ་རེད་ཅེས་དྲིས་པ་ན་དགེ་རྒན་ཚོས་བྱིས་སྙོར་ཁང་ཞིག་ཆུ་ཀྱཱ་ན་ཡོད་པ་རེད། སྡེ་བའི་ནང་གི་མི་འགའ་ཡིས་ཁྲིད་ཀྱིན་འདུག་ཟེར། དེ་ནས་ང་ཆུ་ཀྱཱ་ལ་ཐེངས་ཤིག་བལྟ་རུ་སོང་བ་ཡིན། ང་བལྟ་རུ་སོང་དུས་དངོས་གནས་དགེ་རྒན་ཁོང་གསུམ་པོས་ཁྲིད་པ་ཤིན་ཏུ་ལེགས་པོ་རེད། དེ་ནས་ངས་དེ་རུ་གནས་ཚུལ་ཞིག་རྒྱུས་ལོན་བྱས་པ་ན། ཁོང་ཚོ་ལ་རྒྱལ་ཁབ་ཀྱི་ཟླ་ཕོགས་ཀྱང་མེད་པར་སྡེ་བའི་ནང་གི་རོགས་དངུལ་དེ་ལྟ་བུ་ལ་བརྟེན་ནས་ཁྲིད་པ་ཡིན་ཟེར། ངས་ཁྱོད་ཚོའི་སློབ་གྲྭ་འདི་རྒྱལ་ཁབ་ཀྱིས་གོང་ནས་མར་བཀའ་ཕབ་སྟེ་བཙུགས་པ་ཞིག་ཀྱང་མ་ཡིན་པར་སྡེ་བའི་ནང་ནས་རང་འགུལ་གྱིས་བཙུགས་པ་ཡིན་ནམ་ཞེས་དྲིས་པ་ན་དེ་ལྟར་ཡིན་ཟེར། དེ་ནས་ངའང་ཁོ་ཚོའི་སེམས་ཤུགས་ཀྱིས་སེམས་འགུལ་ཐེབས་ཏེ། ངས་ཀྱང་རྗེས་ཕྱོགས་རྒྱལ་ཁབ་ཀྱིས་སློབ་གྲྭ་འདི་རིགས་ཀྱི་ཕྱོགས་ལ་ལམ་ལུགས་རེ་བཟོས་པ་ན་ནུས་ཚོད་ཐུབ་ཚོད་ཀྱིས་རོགས་རམ་རེ་ཨེ་ཐུབ་ལྟ་ཞེས་བཤད་ཅིང་། ཁོང་ཚོ་ལ་དཀའ་ཁག་ཅི་འདུག་བལྟས་པ་ན་ཐ་ན་སྔོན་གྱི་སྒྲོག་ཙེ་དང་རྐུབ་སྟེགས་དག་ཀྱང་སློབ་གྲྭ་གཏོར་བའི་སྐབས་སུ་ཁྱེར་སོང་ཟེར་བས་ངས་ཀྱང་སྒྲོག་ཙེ་དང་རྐུབ་སྟེགས་འགའ་བྱིན་པ་དང་། དཔེ་ཆ་སོགས་ཀྱི་ཐོག་ནས་རོགས་སྐྱོར་ཞིག་བྱས་པ་ཡིན། དེ་ནས་ཅུང་མ་འགོར་བར་ཉིས་སྟོང་བཅུ་གཉིས་ལོར་རྫོང་ཡོངས་ཀྱི་སྡེ་བ་སོ་སོ་ནས་བྱིས་སྙོར་ཁང་བཙུགས་པ་རེད། སློབ་གྲྭ་དེ་ལྟ་བུ་ཞིག་འཛུགས་ན་དགེ་རྒན་དགོས་པ་གཞིར་བཞག་རེད། དགེ་རྒན་དག་རྒྱུགས་བླངས་ནས་བསྡུས་པ་རེད། ལོ་དེར་རྫོང་ཡོངས་ནས་བྱིས་སྙོར་དགེ་རྒན130ལྷག་བསྡུས་པ་རེད། ཡིན་ཡང་དགེ་རྒན་དེ་གསུམ་པོ་རྒྱུགས་ལའང་ཞུགས་སུ་མ་བཅུག དེའི་རྒྱུ་མཚན་ནི་ཁོང་ཚོ་རྒྱུགས་ལ་ཞུགས་ན་འཕྲོད་མིན་ཡང་བཤད་དཀའ་མོ་རེད། དྲང་མོར་བཤད་ན་བྱིས་སྙོར་ཁང་ཞིག་གི་དགེ་རྒན་བྱེད་པར་ཡོན་ཏན་གྱི་ཆ་ནས་ཅུང་ཙམ་སྦྱངས་པ་ཅན་ཞིག་ལ་མཚོན་ན་སུས་ཀྱང་ནུས་པ་རེད། ཡིན་ཡང་གཙོ་བོ་དེ་ཡང་དང་བསྐྱར་དུ་ཁྲིད་པར་སུན་སྣང་མེད་པ་ཞིག་དང་སེམས་ཤུགས་ལྡན་པ་ཞིག་ཡིན་དགོས། དོན་དངོས་སུ་ས་གནས་དེར་ནུས་པ་ཞིག་ཐོན་དགོས་ན། གཞན་ཞིག་ནས་མི་ཞིག་འོངས་ཏེ་ཆུ་ཀྱཱ་ནས་ཅིག་བསླབ་ཡང་ཁོ་ཚོར་གཅིག་ནས་ས་གནས་དེ་ལ་ཆ་རྒྱུས་ཅི་ཡང་མེད་པ་དང་། གཉིས་ནས་འཚོ་བ་དང་ཟ་འཐུང་། སྡོད་གནས་སོགས་ཀྱི་ཐད་ནས་ཀྱང་ཆ་རྐྱེན་མང་པོ་ཞིག་འདོན་ངེས་རེད། ངས་དེ་ལྟར་བསམས་ཏེ་རྫོང་སློབ་གསོ་ཅུས་ལ་སྡེ་བ་དེའི་དགེ་རྒན་དེ་གསུམ་ངེས་པར་དུ་བསྡུ་ལེན་བྱེད་དགོས། ང་ཚོའི་རྫོང་ཡོངས་སུ་བྱིས་སྙོར་ཁང་དེ་ལྟ་བུར་རང་འགུལ་གྱིས་སྒྲུབ་པ་དེ་མ་གཏོགས་མེད་ཅེས་ཡར་ཞུ་བྱས་པ་ཡིན། དོན་དངོས་སུའང་དེ་ལྟར་ཡིན་པ་རེད། དེ་ལྟར་རེ་བ་ཞུས་པ་ན་རྫོང་སློབ་གསོ་ཅུས་ཀྱི་འགོ་གཙོ་ཡིས་ཀྱང་དོན་དངོས་སུ་དེ་ལྟ་བུ་ཞིག་ཡིན་མིན་ཅིག་ལྟ་ཞེས་རྫོང་སློབ་གསོ་ཅུས་སོགས་སློབ་གྲྭ་དེའི་ནང་ལ་འོངས་ཏེ་བལྟས་རྗེས། འདི་ལྟ་བུ་ཞིག་ལ་རྒྱབ་སྐྱོར་མི་བྱེད་པར་གང་ལ་རྒྱབ་སྐྱོར་བྱེད་ཅེས་བཤད་དེ་དགེ་རྒན་དེ་གསུམ་པོའང་ལོ་དེར་རྒྱུགས་ལ་ཞུགས་པའི་དགེ་རྒན་གཞན་པ་དག་དང་ཚད་གཅིག་གིས་བྱིས་སྙོར་དགེ་རྒན་གྱི་ནང་དུ་བསྡུས་པ་རེད། དེ་ནས༢༠༡༣ལོར་ད་ལྟའི་སློབ་ཁང་སོགས་དེ་དག་འཛུགས་སྐྲུན་བྱས་པ་རེད།
  ཆུ་ཁར་གང་འདོད་ཀྱིས་རྩེད་ཀྱིན་པའི་དགེ་སློབ།
  ཉིས་སྟོང་བཅོ་ལྔ་ལོའི་སློབ་མའི་མཉམ་པར།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060