གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ནས་ཤེས་རྟོགས་བྱུང་བར། སྐབས་བཅུ་པའི་ཡར་ཀླུང་གཙང་པོའི་གྲོག་རིང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྤྱི་ཟླ༡༠པའི་ཚེས༡༨ཉིན་བོད་ལྗོངས་ཉིང་ཁྲིར་སྤེལ་རྒྱུ་ཡིན་དང་། སྐབས་དེར། ཡུལ་སྐོར་བ་རྣམས་བོད་ལྗོངས་ཉིང་ཁྲིར་སྐྱོད་ནས་མཚོ་བོད་ས་མཐོའི་ཐོག་གི་སྟོན་ཁའི་རྣམ་པ་དང་ཡུལ་སྲོལ་གོམས་གཤིས་སོགས་མྱོང་རོལ་ཐུབ་རྒྱུ་ཡིན།
ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་ལྗོངས་ཀྱི་ཡུལ་སྐོར་ཟོང་རྟགས་ཆེན་བ་གསུམ་གྱི་གྲས་ཞིག་ཡིན་པ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་ཟོང་རྟགས་ལ་བརྟེན་ནས། མིག་སྔར་རིག་གནས་དུས་ཆེན་ཐེངས་དགུ་ཙམ་སྤེལ་བས། ཡུལ་སྐོར་བའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད། ཤེས་རྟོགས་བྱུང་བར། གཙོ་གཉེར་གནང་མཁན་ཕྱོགས་ནས་དུས་ཆེན་རིང་ཆིང་ཏའོ་རྒྱལ་སྤྱིའི་སྦི་རག་དུས་ཆེན་དང་། སྐབས་གསུམ་པའི་ཀླུ་སྣང་སྐོར་བའི་རྐང་འཁོར་འགྲན་བསྡུར། སྐབས་གཉིས་པའི་མེ་ཏོག་རྫོང་དུ་གོམ་བགྲོད་བྱེད་པའི་རིག་གནས་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པས། ཡུལ་སྐོར་བས་ཉིང་ཁྲིར་དུས་ཆེན་གྱི་རྣམ་པ་ལོངས་སྤྱོད་བྱེད་པར་སྐྱོད་ཆོག
ཤེས་རྟོགས་བྱུང་བར། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ནུས་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། སྤོ་བོ་རྫོང་གི་རྨིག་སྟོད་འཁྱགས་རོམ་དང་། ཉིང་ཁྲིའི་ཀླུ་སྣང་། སྨན་གླིང་རྫོང་གི་ཡར་ཀླུང་གཙང་པོའི་གྲོག་རོང་། ཀོང་པོ་རྒྱ་མདའ་རྫོང་གི་བྲག་གསུམ་མཚོ་སོགས་ཉིང་ཁྲིའི་སྟོན་དུས་ཀྱི་མཛེས་ལྗོངས་ཀྱིས་ཡུལ་སྐོར་རྣམས་ལ་བརྗེད་པར་དཀའ་བའི་ཚོར་སྣང་ཞིག་སྦྱིན་རྒྱུ་རེད།
ཉིང་ཁྲི་ས་ཁུལ་ནི་བོད་ཀྱི་ཤར་ལྷོའི་མཚམས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་གནས་ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༣༡༠༠ལྷག་ཙམ་ཡོད་པ་རེད།