སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ང་གངས་སྐོར་ལམ་གྱི་གད་སྙིགས་འཐུ་རུ་འོངས་པ་ཡིན།
སྤེལ་དུས། 2014-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་འབུམ།

སྤྱི་ཟླ10པའི་ཚེས3ཉིན་གྱི་ཞོགས་པའི་ཉི་རྩེ་རྨ་རྒྱལ་རི་བོའི་དབུ་རྩེར་འཕྲོས་པ་ན།  ང་རང་ཡང་ཁྱིམ་མི་དང་མཉམ་དུ་རླངས་འཁོར་ནང་དུ་བསྡད་དེ་རྟ་བོར་ཞོལ་མ་ནས་འབྲོག་སྡེའི་ཉག་གའི་ཕྱོགས་སུ་ལམ་ལ་ཆས།    ལམ་བར་དུ་གངས་སྐོར་དུ་འགྲོ་པའི་རྐང་ཐང་པ་དང་རླངས་འཁོར་སོགས་བར་མ་ཕྱེས་པར་ཡོད་པ་དང་ཕྱག་འཚལ་ཏེ་འགྲོ་བའི་གནས་སྐོར་བའང་རེ་འགའ་མཐོང་།   ཁྲོ་ཐུང་རྟ་ལྕག་ཅེས་པའི་གདོང་སྣ་དེའི་ཁ་གཏད་དུ་ཐོན་པ་ན་རླངས་འཁོར་ཞིག་ལ་ཆག་སྐྱོན་ཞིག་བྱུང་བས་ང་ཚོས་ཀྱང་དེ་ལ་རོགས་རམ་བྱས་ཏེ་རེ་ཞིག་འདུག་དགོས་པར་བྱུང་།   སྐབས་དེར་གངས་སྐོར་དུ་འགྲོ་བའི་སྐོར་ཚོགས་དེ་དག་གི་ཁྲོད་དུ་ཅུང་གནས་བབས་དང་མི་མཚུངས་པའི་སྐོར་ཚོགས་ཤིག་དེ་རུ་འགྲོ་གིན་འདུག  དེ་དག་གིས་ལག་ཏུ་འགྱིག་ཁུག་ཆེན་པོ་རེ་བཟུང་ཞིང་འགྱིག་ཁུག་གི་ནང་དུ་དངོས་པོ་ག་གེ་མོ་ཞིག་གིས་ཁེངས་ཡོད་པ་ལྟར་སྣང་།   ཡིན་ཡང་དེ་མ་ཐག་དེ་ནི་ཅི་ཡིན་པ་སེམས་ངོར་མ་ཤར་ཞིང་དོ་སྣང་ཡང་མ་བྱས།    མི་ཚོགས་དེ་ལས་བོད་ལྭ་གྱོན་པའི་གསར་བུ་ཞིག་ང་ཚོའི་རླངས་འཁོར་གྱི་འགྲམ་དུ་ཐོན་འོངས།  དེ་ནི་ངའི་ཕུ་བོས་ངོ་ཤེས་ཤིག་ཡིན་པ་དང་།  ཕུ་བོ་དང་ཁོང་གཉིས་ཀྱི་བགྲོ་གླེང་ལས་ངས་གཞི་ནས་ཁོ་རང་འབའ་རྫོང་གི་ཡིན་པ་དང་ཐེངས་འདིར་ཁོ་ཚོའི་ཚོགས་པ་གངས་འདབ་ཏུ་གད་སྙིག་གཙང་དག་བྱེད་པར་འོངས་པ་ཐོས་བྱུང་།    དེ་ནས་ངས་ད་གཟོད་ལག་ཏུ་སྒྱེ་མོ་བཟུང་པའི་གངས་སྐོར་པ་དེ་དག་ལ་ཞིབ་ཏུ་བལྟས་པ་ན་དེ་དག་རེ་རེས་ལག་ཏུ་འགྱིག་ཁུག་ཆེན་པོ་རེ་བཟུང་འདུག་ལ།   ལམ་འགྲམ་གྱི་གད་སྙིགས་དག་འཐུ་གིན་རྐང་ཐང་དུ་འགྲོ་བཞིན་འདུག     གྲོགས་པོ་དེས་ཁོ་ཚོས་གངས་སྐོར་བྱེད་པ་དང་མཉམ་དུ་གད་སྙིགས་འཐུས་ནས་འགྲོ་བ་ཡིན་ཟེར།  ཡིན་ཡང་གཡུལ་ཐོན་སྦག་ཆད་ཅེས་པའི་དཔེ་ལྟར་ངས་ཁོ་ཚོ་ལ་པར་ལེགས་པོ་ཞིག་ཀྱང་ལེན་མ་ཐུབ་པར་རླངས་འཁོར་རྣམས་རིམ་བཞིན་ལམ་དུ་ཆས་པས་ཁོ་ལ་ཞིབ་ཕྲའི་གནས་ཚུལ་སོགས་འདྲི་ལོང་ཡང་མ་བྱུང་བར་ཅུང་འགྱོད་པའི་ངང་ལམ་དུ་ཆས་པ་ཡིན།     ཡིན་ཡང་ཁོས་སྐད་ཆ་དེ་བཤད་པའི་རྗེས་ནས་ངས་ཀྱང་ལམ་འགྲམ་དང་གནས་སྒོ་སོགས་སུ་བསྐྱུར་བའི་གད་སྙིགས་དེ་དག་ལ་མཉམ་འཇོག་བྱེད་འགོ་ཚུགས།  ལྷག་པར་དུ་གནས་སྒོ་གལ་ཆེན་དག་དུ་བསང་རྫས་ཀྱི་འགྱིག་ཁུག  གསེར་སྐྱེམས་ཀྱི་ཤེལ་དམ།  རླུང་རྟ།  དར།  ཟས་རིགས་ཀྱི་འགྱིག་ཁུག   ཤོག་སྒམ།  གོས་ཧྲུལ་སོགས་ཡུས་གཅིག་ཏུ་འདྲེས་ཏེ་མིས་རྐང་འོག་ཏུ་བརྫེས་ཤིང་རླངས་འཁོར་གྱི་འཁོར་ལོས་མནན་ཏེ་ཐང་ཡོངས་ཁེབས་ཤིང་སྐོར་ལམ་ཡོད་ཚད་འབག་བཙོག་ཏུ་གྱུར་ཏེ་རྐང་བ་སྤོ་སའི་གནས་ཀྱང་མེད་པ་ལྟར་དུ་གྱུར་འདུག    དེ་བས་ཀྱང་ངོ་གནོང་དགོས་པ་ཞིག་ལ་རང་ཉིད་ཀྱང་ཁོར་ཡུག་འབག་བཙོག་བྱེད་མཁན་དེའི་ཁྲོད་ཀྱི་མི་ཞིག་ཏུ་གྱུར་ཡོད་པས་བྱི་ལས་རང་སྐྱག་ས་གླུམ་བྱེད་པ་མ་ཕོད་པར་ཁོ་ཚོའི་ལྷག་བསམ་ལ་ཡི་རངས་བྱས་པ་ཡིན།

སྟབས་ལེགས་པ་ཞིག་ལ་གངས་སྐོར་བྱས་ཚར་རྗེས་གངས་ཕྲུག་པར་ལེན་རུ་པའི་ཚོགས་གཙོ་གྲོགས་པོ་གངས་ཕྲུག་དོན་གྲུབ་ཀྱི་ཕྲན་འཕྲིན་ངོས་སུ་གངས་འདབ་ཀྱི་གད་སྙིགས་འཐུ་པའི་མི་ཚོགས་ཤིག་གི་པར་མཐོང་སོང་བས་ཁོ་ལ་གནས་ཚུལ་ཞིབ་ཏུ་དྲིས་པ་ན།  མ་གཞི་ཁོའང་ཐེངས་འདིའི་རྨ་ཆེན་གངས་སྐོར་ལམ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་དེར་ཞུགས་ཤིང་ཉིན་བཅུ་ཡི་རིང་ལ་མགོ་ནས་མཇུག་པར་དུ་བརྙན་ལེན་པ་དང་པར་ལེན་པ་སོགས་བྱས་ཡོད་ཟེར།  གཤམ་ནི་གངས་ཕྲུག་དོན་གྲུབ་དང་བཅར་འདྲི་བྱས་པའི་གཏམ་གླེང་ཡིན།

 

དབང་འབུམ།  

ཐོག་མར་གྲོགས་པོ་གངས་ཕྲུག་དོན་གྲུབ་ཀྱིས་དུས་ཚོད་སྦྱིན་ཏེ་ངའི་དྲི་བར་ལན་བཏབ་པར་ཐུགས་རྗེ་ཆེ་ཞུ།   ང་ཁྱེད་ལ་འདྲི་རྒྱུའི་དོན་འགའ་མཆིས།  ཐོག་མར་ཁྱེད་ཀྱིས་ད་ལོ་རྨ་ཆེན་གངས་རིའི་གནས་འདུས་ལོ་དང་བསྟུན་གངས་འདབ་ཀྱི་ཁོར་ཡུག་ཐད་དུ་ཤུགས་རྐྱེན་ཇི་འདྲ་ཐེབས་འདུག་པ་གསུངས་རོགས།

 

གངས་ཕྲུག་དོན་གྲུབ།

རྨ་ཆེན་གངས་རི་ནི་ལོ་ངོ་བཅུ་གཉིས་རེ་ནས་གནས་འདུས་ཀྱི་དུས་སླེབས་པ་ཡིན་ཞིང་ད་ལོ་ལ་མཚོན་ན་གནས་འདུས་སྔོན་དང་བསྡུར་ནའང་ཁྱད་པར་བ་ཞིག་ནི་གཅིག་ནས་འགྲིམ་འགྲུལ་སྟབས་བདེ་བ་དང་གཉིས་ནས་ཚོང་ལས་དཔལ་འབྱོར་ཅན་ཏུ་ཁ་ཕྱོགས་ཆེ་བས་གངས་རིའི་འདབ་ཡོངས་སུ་མགྲོན་ཁང་དང་།  ཟ་ཁང་སོགས་མང་པོ་ཞིག་ཆགས་ཡོད་པ་དང་།  གངས་རིའི་རྒྱབ་ཕྱོགས་སུ་མྱུར་ལམ་ཞིག་བཟོས་པ་བཅས་ལ་བརྟེན་ཁོར་ཡུག་གི་གད་སྙིགས་ཀྱང་སྔར་དང་བསྡུར་ན་ཇེ་མང་དུ་གྱུར་འདུག    དེར་དམིགས་ནས་འབའ་ཡུལ་གྱི་ཚོགས་པ་ཞིག་གིས་ལྷག་བསམ་གཙང་མའི་ངང་མི་ལྔ་བཅུ་ལྷག་མཉམ་འདུས་ཀྱིས་ཉིན་བཅུ་ལྷག་ལ་གངས་འདབ་ཀྱི་ཁོར་ཡུག་གི་གད་སྙིགས་ལ་གཙང་སྦྲ་བྱས་པ་རེད།  ཡིན་ཡང་།  གངས་འདབས་ཀྱི་གད་སྙིགས་ནི་མི་དེ་ལྟ་བུ་ཞིག་གིས་དུས་དེ་ཙམ་ཞིག་གི་རིང་དུ་གཙང་སྦྲ་བྱས་ཚེ་གཙང་དག་བྱེད་ཐུབ་པ་ཞིག་གཏན་ནས་མིན་ཏེ་མ་མཐའ་ཡང་ལོ་ངོ་གཉིས་གསུམ་ལ་གཙང་སྦྲ་བྱེད་རྒྱུ་ཡོད་པ་ཞིག་རེད།   གནས་སྒོ་རྣམས་སུ་དར་འཐེན་པ་དང་།  རླུང་རྟ་སྐྱོད་པ་སོགས་ཀྱིས་ཀྱང་ཁོར་ཡུག་ལ་འབག་བཙོག་ཐེབས་པ་དང་།  ལྷག་པར་དུ་ཆེས་ཚབས་ཆེ་བ་ཞིག་ནི་བསང་རྩིའི་འགྱིག་ཁུག་དང་གསེར་སྐྱེམས་ཀྱི་ཤེལ་དམ་སོགས་འགྱིག་རིགས་དང་ཤེལ་དམ་གྱི་སྐོར་རེད།  རང་ཉིད་ལྟ་བུ་ལ་མཚོན་ན་ད་ལོ་རྨ་ཆེན་གངས་རི་ལ་ཐེངས་གཉིས་ནས་གསུམ་ལ་པར་ལེན་པ་དང་བརྙན་ལེན་པ། སྐོར་བ་བྱེད་པ་སོགས་བྱས་ཤིང་།  ད་ཐེངས་ཀྱི་གད་སྙིགས་གཙང་སྦྲའི་ཐད་དུའང་གདང་འཇོག་ཆེན་པོ་བྱས་ཏེ་མགོ་ནས་མཇུག་བར་དུ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་མཉམ་དུ་པར་ལེན་པ་དང་བརྙན་བླངས་པ་ཡིན།   སྤྱིར་ན་རྨ་ཆེན་གངས་རི་ལ་མཇལ་སྐོར་བྱེད་མཁན་མང་པོ་ཡོད་པ་རེད།  ཕྱག་འཚལ་བའི་ནང་དུ་ཆེས་ཆེ་བ་ནི་ལོ་བདུན་ཅུ་དོན་དྲུག་ཅན་ཞིག་དང་ཆེས་ཆུང་བ་ནི་ལོ་བདུན་ཅན་ཞིག་མཐོང་བྱུང་།   ཐེངས་ཤིག་རྨ་ཆེན་གངས་སྐོར་བྱེད་སྐབས་སྤྱི་སྡོམ་བྱས་པ་ན་ཕྱག་འཚལ་བའི་མི་བཞི་བརྒྱ་ལྷག་ཡོད་པ་དང་།  རྐང་ཐང་དུ་སྐྱོད་མཁན་ནི་གྲངས་ཀྱང་མི་ལོན་པ་རེད།  མདོར་ན་ཕྱག་དང་རྐང་ཐང་།  ད་དུང་གཞན་པའི་ལམ་ནས་གངས་སྐོར་བྱེད་མཁན་ཧ་ཅང་མང་པོ་ཞིག་ཡོད་པ་དང་དེ་དང་བསྟུན་ཏེ་སྐོར་ལམ་གྱི་ཁོར་ཡུག་ལའང་འབག་བཙོག་ཆེན་པོ་ཐེབས་ཀྱིན་ཡོད་པ་རེད།

 

དབང་འབུམ།

ཁྱེད་ཀྱིས་ཐེངས་འདིའི་གད་སྙིགས་འཐུ་མཁན་གྱི་འབའ་ཡུལ་གྱི་ཚོགས་པ་དེ་ཇི་ལྟར་གྲུབ་པ་དང་གད་སྙིགས་གཙང་དག་བྱས་པའི་གནས་ཚུལ་གསུངས་རོགས།

 

གངས་ཕྲུག་དོན་གྲུབ།

འབའ་རྫོང་གི་ཚོགས་པ་དེ་ནི་ཉིས་སྟོང་བཅུ་གསུམ་གྱི་ལོ་ནས་བཙུགས་པ་ཞིག་ཡིན་པ་དང་།  དེ་ནི་སྤྱིར་བཏང་གི་འབྲོག་ཕྲུག་ཅིག་གིས་བཙུགས་པ་ཞིག་རེད།  ཚོགས་པ་དེ་ལ་མི་དགུ་བཅུ་ལྷག་ཅིག་ཡོད་པར་བརྗོད་པ་དང་ཐེངས་འདིར་གངས་འདབ་ཀྱི་གཙང་སྦྲ་ལ་མི་བཞི་བཅུ་ལྷག་ཙམ་སླེབས་ཡོད་པ་རེད།  ཐེངས་འདིའི་གངས་སྐོར་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འདིར་མི་སྣའི་ཆ་ནས་བཤད་ན་ལྟག་ཡན་བདེ་ཐང་ཁོར་སྲུང་ཚོགས་པ།  ཨ་འབུམ་ཆུ་མིག་སྲུང་སྐྱོབ་ཚོགས་པ། རེབ་འདིར་མི་དྲུག་ཅུ་རེ་དྲུག  གཙང་གཡུ་རྔོག་གི་མི་གསུམ།  གངས་ཕྲུག་པར་ལེན་རུ་པ།  རྭ་རྒྱའི་མི་ལྔ་བཅས་ཀྱིས་ཉིན་བཅུ་ཡི་རིང་ལ་གངས་འདབ་ཀྱི་སྐོར་ལམ་དུ་གཙང་སྦྲ་བྱས་པ་རེད།   ང་ཚོས་གད་སྙིགས་དག་འཐུས་ཏེ་ཕྱོགས་གཅིག་ཏུ་བསྡུས་ནས་གཙང་དག་བྱས་པ་ཡིན།   

 

དབང་འབུམ།

རྨ་ཆེན་གངས་སྐོར་གྱི་གད་སྙིགས་སྤུངས་པའི་གནས་ཚུལ་འདི་ལ་བརྟེན་ཁྱེད་དམ་ཡང་ན་ཁོར་ཡུག་སྲུང་སྐྱོབས་ཚོགས་པ་ལ་མ་འོངས་པའི་མཚོ་སྐོར་དང་སྤྲེལ་སྐོར་གྱི་སྐབས་སུ་གནས་སྐོར་དང་བསྟུན་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དུ་རེ་བ་དང་མཉམ་འཇོག་དགོས་ས་ཅི་སྣང་གསུངས་རོགས།

 

གངས་ཕྲུག་དོན་གྲུབ།

རྨ་ཆེན་གངས་རིའམ་ཡང་ན་གནས་གཞན་གང་ཡིན་ཡང་ཆོག  གནས་འགངས་ཆེན་དག་གཙང་ཞིག་ཡིན་པས་དེའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དུ་མི་ཚང་མས་རང་རང་གི་ཐད་ནས་དོ་སྣང་ཆེན་པོ་བྱེད་དགོས་པར་སྙམ།  དཔེར་ན་གནས་སྒོ་ཞིག་ནས་མི་ག་གེ་མོ་ཞིག་གིས་ཞྭ་མོའམ་རྩེད་ཆས་ཤིག་བོར་སོང་ཚེ་གཞན་པ་རྣམས་ཀྱིས་དེ་ནི་དེར་འཇོག་དགོས་པ་ཞིག་ཡིན་པར་སྙམ་ནས་ལྭ་བ་སོགས་གནས་སྒོ་རུ་འཕེན་པ་ནི་དཔེ་སྡུག་པའི་སྣང་ཚུལ་ཞིག་རེད།  དེ་ནི་དཔེར་ན་ཁྱེད་ཁྱིམ་ཚང་ཞིག་ལ་མགྲོན་དུ་སོང་ན་དེ་ཚང་ལ་དྭངས་གཙང་གི་ལེགས་སྐྱེས་ཤིག་ཕུལ་ན་དེ་ནི་ཡི་རང་བྱེད་འོས་པ་ཞིག་ཡིན་པ་མ་གཏོགས་དེ་ཚང་གི་གམ་དུ་ས་ཆ་སོ་སོའི་གད་སྙིགས་དག་སྤུངས་ནས་སོང་ན་དེ་ནི་འོས་འཚམས་ཤིག་ཡིན་ནམ། དེ་མིན་ད་ལྟའི་དར་སོགས་ཀྱང་ཡི་གེར་ཆད་ལྷག་ཤོར་བ་དང་མགོ་མཇུག་འཛོལ་བ་སོགས་ཚོང་ལས་པ་རེ་འགའི་དཔལ་འབྱོར་གྱི་ཁེ་ཕན་འགྲུབ་པ་ཙམ་ལས་གྲལ་དག་ཚད་ལྡན་གྱི་དར་ཞིག་ཀྱང་མ་ཡིན་པས་རྗེས་མའི་མཚོ་སྐོར་དང་དེའི་རྗེས་ཀྱི་སྤྲེལ་སྐོར་སོགས་གང་ཡིན་ཡང་ཁོར་ཡུག་སྲུང་སྐྱོབ་ལ་འབད་པ་བྱ་རྒྱུ་ནི་གལ་ཆེན་ནང་གི་གནད་ཆེན་ཞིག་ཡིན་པར་སྙམ། 

ཁ་བྱང་ཕྱི་མོ། ང་གངས་སྐོར་ལམ་གྱི་གད་སྙིགས་འཐུ་རུ་འོངས་པ་ཡིན།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060