སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལྷ་གཞིས་མེ་འཁོར་དུ་བོད་རིགས་འཁོར་ཞབས་པ་བསྣན་ན་སྟབས་བདེ།
སྤེལ་དུས། 2015-03-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟླ་བ།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། "ལྷ་གཞིས་ལྕགས་ལམ་ཤར་གཏོང་བྱས་རྗེས་ལམ་བར་གྱི་དུས་ཚོད་མང་ཙམ་གྲོན་གྱི་འདུག གཞིས་ཀ་རྩེ་ནས་ལྷ་སའི་བར་ཆུ་ཚོད་གསུམ་ཡང་འགྲོ་གི་མི་འདུག མེ་འཁོར་ལ་བསྡད་ན་ཅུང་བདེ་པོའང་རེད། མང་ཚོགས་ཕར་འགྲོ་ཚུར་འོང་མང་ཙམ་བྱེད་ཐུབ་ཀྱི་འདུག"ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་པོ་ས་ལུང་ཕུན་ལགས་ཀྱིས་དེ་ལྟར་ཟེར། ཡང་ཁོ་ན་རེ"མེ་འཁོར་མང་ཚོགས་ལྷ་སར་འགྲོ་དུས་ཀྱི་གདམ་ཀ་དང་པོར་གྱུར་འདུག་མོད། སྤ་སེ་ལྟོས་བཅས་ཀྱིས་དཀོན་པོ་འདྲ་རེད"

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བཀྲིས་ལྷུན་པོའི་དགོན་པ་དོ་དམ་ཁང་གི་ཀྲུའུ་རེན་དང་པོ་ས་ལུང་ཕུན་ལགས།

འཛམ་གླིང་གི་མཚོ་འཕགས་མཐོ་ཤོས་སུ་ཆགས་པའི་མདོ་དབུས་ལྕགས་ལམ་གྱི་མུ་རྒྱུན་བརྐྱངས་པའི་ལྷ་དབུས་ལྕགས་ལམ་ནི ༢༠༡༤ ལོའི་ཟླ ༨ པའི་ཚེས ༡༥ ཉིན་དངོས་སུ་ཤར་གཏོང་བྱས་ཤིང་། དེས་བོད་ལྗོངས་ལྷོ་ནུབ་ས་ཁུལ་ཁག་གཞུང་ལམ་འགྲིམ་འགྲུལ་ཁོ་ནར་བརྟེན་པའི་རྣམ་པ་བསྒྱུར་བ་དང་། མང་ཚོགས་དང་ཡུལ་སྐོར་བ་མང་པོར་སྟབས་བདེ་ཆེན་པོ་བཟོས་ཡོད། ཨུ་ཡོན་ས་ལུང་ཕུན་ལགས་ཀྱིས་ལྕགས་ལམ་སྡེ་ཁག་གིས་མང་འོངས་པར་མེ་འཁོར་ཐེངས་གྲངས་ཁ་སྣོན་རྒྱུའི་རེ་བ་ཞུས་དོན། "ཡག་ཤོས་བྱུང་ན་ཉིན་རེ་རེ་བཞིན་ཕར་ཚུར་གཉིས་ཀར་འགྲོ་བའི་མེ་འཁོར་ཡོད་པ་བྱས་ཏེ། ལྷ་ས་དང་གཞིས་ཀ་རྩེ་གཉིས་ཀྱི་དཔལ་འབྱོར་ལ་སྔར་བས་སྐུལ་སྤེལ་གཏོང་རྒྱུ་དང་། དེ་དང་མཉམ་དུ་གལ་སྲིད་མེ་འཁོར་དུ་བོད་རིགས་འཁོར་ཞབས་པ་སྣོན་རྒྱུ་བྱུང་ན་གོ་བརྡ་འཕྲོད་སླ་ཞིང་། བོད་ལྗོངས་ཀྱི་ཁྱད་ཆོས་ཀྱང་མངོན་ཐུབ་ཀྱི་འདུག"

རྒྱུས་ལོན་པ་ལྟར་ན། ལྷ་གཞིས་ལྕགས་ལམ་ནི་བོད་ལྗོངས་ལྕགས་ལམ་དྲ་བའི"འཕྲེད་གཉིས་གཞུང་གཉིས"སྐྱེལ་འདྲེན་བརྒྱུད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། སྤྱིའི་མ་དངུལ་སྒོར་དུང་ཕྱུར ༡༣༢.༨ བཏང་ཞིང ༢༠༡༡ ལོའི་ཟླ ༡ པོ་ནས་བཟོ་མགོ་ཚུགས། སྤྱིའི་རིང་ཚད་སྤྱི་ལེ ༢༥༡ ཡོད། ༢༠༡༤ ལོའི་ཟླ ༨ པའི་ཚེས ༡༥ ཉིན་དངོས་སུ་ཤར་གཏོང་བྱས།

ལྷ་གཞིས་ལྕགས་ལམ་ནི་མདོ་དབུས་མཐོ་སྒང་གི་ལྷོ་ནུབ་ཁུལ་དང་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་ཅིང་། ཤར་གྱི་མདོ་དབུས་ལྕགས་ལམ་གྱི་མཐའ་ཚུགས་ལྷ་ས་ནས་ལྷོའི་སྐྱིད་ཆུའི་འབབ་བརྒྱུད་དུ་ཕྱོགས་ཤིང་། བར་ལམ་སྟོད་ལུང་བདེ་ཆུང་དང་ཆུ་ཤུར་རྫོང་བརྒྱུད། ཡང་ནུབ་ཏུ་ཡར་ཀླུང་གཙང་པོ་དང་ལྡོག་ཕྱོགས་སུ་དཀྱོགས་ནས་རིང་ཚད་ཧ་ལམ་སྤྱི་ལེ ༩༠ ཡོད་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་བརྒལ་རྗེས། སྙེ་མོ་དང་རིན་སྤུངས་རྫོང་བརྟོལ་ནས་མཐར་བོད་ཀྱི་ལྷོ་ནུབ་ས་ཆའི་གཞིས་ཀ་རྩེར་འབྱོར་བ་ཡིན། ལམ་བར་ལྷ་སའི་ལྷོ་དང་ཆུ་ཤུར། གཞིས་ཀ་རྩེ་སོགས་འབབ་ཚུགས ༡༤ ཡོད་པ་རེད།

ཁ་བྱང་ཕྱི་མོ། ལྷ་གཞིས་མེ་འཁོར་དུ་བོད་རིགས་འཁོར་ཞབས་པ་བསྣན་ན་སྟབས་བདེ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060