སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འབྲོག་པའི་གཉེན་སྒྲིག
སྤེལ་དུས། 2014-09-22   ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།

        འབྲོག་མིའི་གཉེན་སྒྲིག་གི་འདུན་མའི་བྱ་བ་ནི་བུ་དང་བུ་མོ་སོ་སོའི་ཕ་མ་དང་གཉེན་ཚན་རྣམས་ཀྱིས་འཁུར་ལེན་བྱེད་ཀྱི་ཡོད་འདུག་ཅིང་། འབྲོག་ཡུལ་དུ་བུ་དང་བུ་མོ་དག་རང་མོས་ཀྱིས་གཉེན་འདུན་བྱས་པ་ནི་ཆེས་དཀོན་པ་ཡིན་ནོ། །  འབྲོག་ཡུལ་གྱི་མི་ཚང་ཆེ་ཆུང་ཇི་ལྟ་བུ་ཞིག་ཡིན་ཡང་རུང་། ནང་གི་བུ་རྒན་ཤོས་དེ་ལ་ཆུང་མ་བསུ་ཞིང་འབྲོག་གཞིས་ཀྱི་བདག་པོ་བྱེད་དུ་བཅུག་པ་དང་། བུ་གཉིས་པ་དེ་དགོན་པ་གང་རུང་དུ་གྲྭ་པ་བྱེད་དེ་ཆོས་སྒོར་བཅུག་པ་དང་། ད་དུང་བུ་གསུམ་པ་སོགས་ཡོད་ན་སྦྲ་སར་ཞེས་བྱ་བ་གཉེན་ཚན་རྣམས་བློ་མཐུན་པའི་ཆུང་མ་ཞིག་བསུས་ཏེ་གཞིས་གསར་འཆའ་རུ་བཅུག་པ་དང་། བུ་མོ་ཇི་ཙམ་ཡོད་པ་དེ་དག་བག་མར་གཏོང་སྲོལ་ཡོད་པ་རེད། སྤྱིར་འབྲོག་ཡུལ་དུ་སྐྱེས་པའི་གྲངས་ནི་བུད་མེད་ལས་ཉུང་བར་ཡོད་འདུག་ཅིང་། དེ་ཡང་སྐྱེས་པ་མང་དག་ནི་ཕན་ཚུན་གྱི་ཤ་ལེན་ནམ་ཏིས་རྩིད་སོགས་ཀྱི་འཁོན་འཁྲུག་ཏུ་བསད་པ་དང་། སྐྱེས་པ་མང་དག་ནི་གྲྭ་པ་ཡིན་འདུག་པ་ལྟར་དགོན་པ་ཁག་ཏུ་གནས་པ་དང་། མ་ཟད་སྤྱིར་བཏང་འབྲོག་མིའི་ཀུན་སྤྱོད་དམ་ཞིང་ངོ་ཚ་ཤིན་ཏུ་ཆེ་བ་བཅས་ལ་བརྟེན། འབྲོག་ཡུལ་ཁག་ཏུ་བག་མ་འགྲོ་ཡུལ་མ་རྙེད་དེ་རྒན་མོར་གྱུར་པའི་བུད་མེད་ཀྱང་མང་པོར་སྣང་ཞིང་། དེ་འདྲའི་རིགས་རྣམས་ནི་གོ་མ་ཞེས་བྱ་བ་སྟེ། མཐོང་སྣང་དུ་ཨ་ནེ་ལྟར་ཆོས་ལ་དག་སྣང་ལྷག་པར་ཆེ་ཞིང་། མགོ་རིལ་ལམ་སྐྲ་ཅན་གང་ཡང་རུང་བ། གཞོན་དུས་སུ་རྟག་པར་མོའི་སྦྲའི་ནང་གི་དཀར་ལས་ཀྱི་འཁུར་ལེན་གཙོ་བོར་བྱེད་པ་དང་། རྒན་པའི་དུས་སུ་ནག་སྒར་གང་རུང་དུ་ཕྱིན་ཏེ་ཆོས་བྱེད་ཅིང་། དེ་དག་ལ་འཚོ་བའི་སྐོར་ནང་སོ་སོ་ནས་སྐྱེལ་དགོས་སྲོལ་ཡོད་པ་རེད། བག་མ་སློང་ཚུལ་ནི། ཐོག་མར་སུ་ཞིག་གིས་བག་མ་ལེན་འདོད་ཡོད་པའི་བུ་མོ་དེ་དང་། བག་མ་བླང་ཡུལ་གྱི་བུ་བཅས་ལོ་ཁམས་མཐུན་མིན་སོགས་རྩིས་པར་རྩིས་བྱེད་དུ་བཅུག་ཅིང་། ལོ་ཁམས་སོགས་མཐུན་ན་བག་མ་ལེན་མཁན་གྱི་ནང་མིའི་གཙོ་བོ་ཕའམ་ཁུ་བོ་གང་རུང་ཞིག་བུ་མོ་དེའི་ནང་དུ་ཕྱིན་ཏེ། སྣ་ཐག་བཏགས་ཞེས་བྱ་བ་དར་དང་། སྣམ་བུ། རས་ཡུག་རིང་ཐུང་གང་འཛོམས་ཀྱི་ལག་རྟགས་དང་བཅས་ཏེ། བུ་མོའི་ཕ་མ་གཉིས་ལ་བུ་མོ་སྟེར་རོགས་ཞེས་ལབ་དགོས་ཤིང་། ཕ་མ་གཉིས་ཀྱིས་རྒྱུ་རྫས་དེ་དག་བླངས་ཤིང་བུ་མོ་སྟེར་བར་ཁས་བླངས་པ་ནི་ཉེ་ཐག་བཅད་ཅེས་པ་སྟེ། དེའི་རྗེས་སུ་བུ་མོ་དེ་མི་ཚང་གཞན་དག་ལ་སྟེར་མི་ཆོག་ཅིང་། གལ་ཏེ་སྟེར་ན་བག་སྟོང་ཞེས་བྱ་བའི་ཁ་མཆུ་ཆེན་པོ་ཡོང་གི་ཡོད་པ་རེད། དེར་མ་ཟད་བུ་མོ་སློང་མཁན་ནས་ཀྱང་འགྱུར་ལྡོག་བྱེད་མི་ཆོག་ཅིང་། གལ་ཏེ་འགྱུར་ལྡོག་བྱས་ན་བག་སྟོང་འདྲ་བར་རྩོད་སྲོལ་ཡོད་པ་རེད། བག་མ་སློང་རྟེན་ནི། བག་མ་ལེན་མཁན་མི་ཚང་ཆེ་ཆུང་སོ་སོའི་འཁོས་པའི་བཟང་ངན་ལྟར་དར་ཟབ་དང་། དངུལ། རྟ་ཕོ། རྒོད་མ། མཛོ་མཛོ་མོ། འབྲི་གཡག ལྭ་ཕྲུག  རས་ཡུག་ཁ་དོག་སྣ་ཚང་། ཝ་ལྤགས། གཡི་ལྤགས་དང་། གཟིག་ལྤགས་སོགས་དངོས་པོའི་རྣམ་གྲངས་དགུ་ཚན་གསུམ་མམ། གཉིས་སམ། གཅིག་སོགས་དགོས་ཀྱི་ཡོད་འདུག་ཅིང་། དེ་ཡང་བག་མ་སློང་མཁན་གྱིས་སློང་རྟེན་ཇི་ཙམ་རྒྱས་སྤྲོས་བྱས་པ་དེ་ཙམ་དུ་བག་མ་གཏོང་མཁན་ནས་བུ་མོའི་བག་ཆས་དང་བག་སྐལ་རྣམས་རྒྱས་སྤྲོས་བྱེད་དགོས་སྲོལ་ཡོད་པ་རེད། བག་ཆས་ནི། ནམ་རྒྱུན་དུ་འབྲོག་མོ་རྣམས་ཀྱིས་མགོ་སྐྲ་ལ་སླས་ཆེན་ཞེས་པ་དང་སླས་ཞིབ་ཅེས་བྱ་བ་གཉིས་བཟོ་སྲོལ་ཡོད་འདུག་ཅིང་། དེ་ཡང་བུ་མོ་བག་སྔོན་མ་ཚོས་སླས་ཆེན་ཞེས་པ་སུམ་སླས་ཧྲོབ་ཙམ་བྱས་ཤིང་། སྐྲ་རྒྱན་ཡང་སྤོས་ཤེས་དང་བྱི་རུ་ཁ་ཤས་ཙམ་ལས་གང་ཡང་མེད་པ་རེད། བུ་མོ་སུ་ཞིག་བག་མར་འགྲོ་བའི་ཚེ་སླས་ཞིབ་བཟོ་ཤེས་པའི་སྐྲ་མཁན་མ་ཁ་ཤས་བོས་ཏེ། དེ་དག་གིས་བག་མ་སྐྲ་སླས་ཞེས་བྱ་བའི་སླས་ཞིབ་ཧ་ཅང་ཕྲ་ཞིང་མང་བ་ཞིག་བཟོ་སྲོལ་ཡོད་པ་རེད། འབྲོག་མི་ཚོས་བག་མ་སྐྲ་སླས་ཞེས་པའི་སླས་ཞིབ་ནི་བག་ཆས་གལ་ཆེན་ཞིག་ཏུ་བརྩི་ཞིང་། མི་སྡེའི་གླུ་ལས།
                             
སྐྲ་མ་སླས་བག་ལ་ཡོང་ཟེར་ན། །
                             
རོགས་ང་གཉིས་ལ་སེ་ལོ་སེ་བྱེད། །
                             
སྨན་སླས་ཞིབ་སྤོས་གདན་ཆ་འགྲིགས་དེ། །
                             
དྲིན་ཕ་མ་བཟང་པོའི་བཞག་པ་རེད། །
       
ཅེས་ཟེར་སྲོལ་ཡོད་འདུག སྤོས་གདན་ཞེས་པ་ནི་བག་མའི་སྐྲ་རྒྱན་གྱི་གཙོ་བོ་ཞིག་ཡིན་འདུག་ཅིང་། དེ་ཡང་མགོ་བོར་སྤོས་ཤེལ་ཆེན་པོ་ལྔ་ཚོམ་བྱི་རུའི་ཆབ་ཏོག་རང་འགྲིགས་ཡོད་པ་དེ་ནས་བཟུང་རྒྱབ་སྐྲའི་ངོས་སུ་གོས་ཆེན་གྱི་གདན་ཤར་མཛེས་བཟོས་བྱས་པའི་སྟེང་དུ་སྤོས་ཤེལ་དྲུག་དྲུག་གམ་བརྒྱད་བརྒྱད་གང་རུང་བྱི་རུའི་ཆབ་ཏོག་དང་ལྡན་པ་གྲལ་ཉིས་གཤིབས་སུ་བཀོད་པ་དང་། དེ་དག་གི་བར་རྣམས་སུ་དངུལ་གྱི་སྦུབ་གོར་ལ་གསེར་གྱི་ཕྲ་ཁང་དང་། གཡུ་དང་བྱི་རུའི་ཕྲ་ཆེ་ཆུང་མང་དུ་བཀོད་པ་དང་། གཞན་ཡང་རིན་པོ་ཆེའི་རིགས་སྣ་ཚོགས་པའི་ཕྲེང་བ་དུ་མས་དྲ་བ་དྲ་ཕྱེད་དུ་བཟོས་པ་ཞིག་ཡོད་པ་རེད། བག་ཆས་ཀྱི་ཡོ་བྱད་གལ་ཆེ་བ་གཅིག་ནི་ཆར་མ་ཞེས་པའི་སྐ་རགས་དག་ཡིན་ཏེ། དེ་ནི་རིན་ཐང་ཅན་གྱི་གོས་ཆེན་གྱི་གཞི་མཐོ་དམན་སོར་བརྒྱད་ཙམ་པ་དང་། རིང་ཐུང་སྐེད་སྐོར་ཆུད་ཙམ་པའི་སྣེ་མོར་གསེར་དངུལ་གྱི་ཆར་མགོ་ཡོད་པ། སྟེང་ངོས་སུ་གསེར་དངུལ་བཀྲས་མའི་སྦ་ལེ་ཤན་དང་། དབུས་དང་གཡས་གཡོན་གྱི་མཐིལ་རྣམས་སུ་གསེར་དངུལ་གྱི་འབོར་ཆེན་དང་། འབོར་ཆེན་སོ་སོའི་མཐའ་བསྐོར་དུ་གཡུ་དང་བྱི་རུའི་ཕྲ་ཚོམ་དུ་མ་ཡོད་པ་དང་། ཡང་ན་འབོར་ཆེན་དག་གི་ཚབ་ཏུ་གསེར་དངུལ་གྱི་ཕྲ་ཁང་ཆེན་པོ་གསུམ་གྱི་དབུས་སུ་བྱི་རུའི་ཕྲ་ཚོམ་དང་། མཐའ་བསྐོར་རྣམས་སུ་དངུལ་གྱི་པད་ཆུང་ལ་གཡུ་ཕྲ་ཆུང་ངུ་མང་དུ་ཡོད་པ་སོགས་རིགས་མི་འདྲ་བ་འགའ་ཤས་སྣང་ངོ་། གང་ལྟར་ཡང་ཆར་མ་དེ་དག་གི་འབོར་རམ་ཕྲ་ཁང་ཆེན་པོ་རྣམས་ཀྱི་མ་སྣེར་ཨ་ལུང་རེ་རེ་ཡོད་འདུག་ཅིང་། དེ་ཡང་གཡས་ཕྱོགས་ཀྱི་ཨ་ལུང་ལ་བཞོན་འཛིན་ཞེས་པ་དངུལ་གྱི་ལྕགས་ཀྱུ་མགོ་གཉིས་པའི་དཀྱིལ་དུ་གསེར་གྱི་ཕྲ་ཁང་དང་གཡུའི་ཕྲ་ཚོམ་བཏབ་པ་ཞིག་སྟེ། དེ་ནི་བུད་མེད་རྣམས་ཀྱིས་བཞོན་འཇོ་བའི་ཚེ་བཞོན་ཟོ་འཛིན་བྱེད་ཀྱི་ཡོ་བྱད་རྒྱན་ཆར་གྱུར་པ་ཞིག་ཡིན་འདུག་པ་དང་། གཡོན་ངོས་སུ་གསེར་དངུལ་གྱིས་མཛེས་འཆོས་བྱས་པའི་གྲི་ཆུང་དང་། གཡས་གཡོན་གྱི་ཨ་ལུང་གཉིས་ནས་རྒྱབ་ངོས་ཀྱི་ཨ་ལུང་ལ་དངུལ་ཐག་ཉིས་རིམ་མམ་སུམ་རིམ་དང་། དེའི་བར་རྣམས་སུ་དངུལ་གྱི་ཨེར་ཁ་མང་དུ་ཡོད་པ་བཅས་སོ། གཞན་ཡང་མགུལ་རྒྱན་དུ་གཟི་དང་། བྱི་རུ་དང་། གཡུ་ལ་སོགས་པའི་ཕྲེང་ཞགས་རིང་ཐུང་དུ་མ་དང་། རྣ་བར་གསེར་དངུལ་གྱིས་བཟོས་པའི་རྣ་རྒྱན་ལ་རིན་པོ་ཆེ་གང་རུང་གི་ཕྲ་ཚོམ་ཡོད་པ་དང་། བ་སོའི་ལག་གདུབ་དང་། གསེར་དངུལ་གྱི་སོར་གདུབ་ལ་རིན་པོ་ཆེའི་ཕྲ་ཚོམ་ཡོད་པ་རྣམས་དང་། གཅན་གཟན་གྱི་པགས་པ་སྣ་ཚོགས་པས་བཟོས་པའི་གོས་ཆས་ལ་རིན་ཐང་ལྡན་པའི་གོས་ཆེན་སྣ་ཚོགས་པའི་ཕྱི་གཡོགས་ཡོད་པ་བཅས་ཏེ། བག་མ་སྟེར་མཁན་ནས་བག་ཆས་དེ་དག་གྲ་སྒྲིག་ལེགས་པོར་བྱེད་དགོས་ཀྱི་ཡོད་འདུག་ཅིང་། ནང་གི་བུ་མོ་རྒན་ཤོས་དེ་བག་མར་འགྲོ་བའི་ཚེ་རང་གི་མའི་བག་ཆས་ལ་ལོངས་སྤྱོད་ཆོག་པ་དང་། མི་ཚང་འཁོས་ཆུང་དག་གིས་རང་རང་གི་གཉེན་ཚན་ལས་བག་ཆས་ཀྱི་སྐོར་གཡར་པོའང་བྱེད་སྲོལ་ཡོད་པ་རེད།  བག་མ་འཐོན་ཚུལ་ནི། བག་མ་སློང་མཁན་གྱི་ཕྱོགས་ནས་གཉེན་པོ་ཞེས་བྱ་བ་ཕྱོགས་དེའི་གཉེན་ཚན་ནམ་མནའ་ཡའི་གཙོ་བོ་ཞིག་དང་དེའི་གྲོགས་འགའ་ཤས་བཅས་བུ་མོའི་ནང་དུ་འབྱོར་ཞིང་། བག་མ་སྟེར་མཁན་ནས་གཉེན་པོ་དེ་དག་ལ་ཉིན་གསུམ་གྱི་རིང་བཟའ་བཏུང་སྣ་ཚོགས་པའི་སྟོན་མོ་བྱེད་དགོས་ཀྱི་ཡོད་པ་རེད། དེ་ནས་བག་སྐར་དགེ་བའི་ཉིན་ལ་བག་མ་རང་གི་ཁྱིམ་ནས་འཐོན་ཏེ། བུ་མོ་དེ་སྦྲའི་སྒོ་ནས་ཕྱིར་འཐོན་རན་པའི་སྐབས་སུ་བུ་མོ་དེའི་མས་སྐད་ཆུང་ངུའི་སྒོ་ནས་བུ་མོའི་མིང་ནས་ལན་གསུམ་བོས་ཏེ་ན་རེ།
                             
མི་གཡང་མི་ལ་མ་ཁྱེར་ཨ་མ་རང་ལ་ཞོག།
                             
སྐྱིད་ཉི་མ་གཉིས་ཀ་ཁྱོད་ཀྱིས་ཁྱེར།
       
ཅེས་བརྗོད་པ་དང་། དེ་ནས་བུ་མོས་རྟ་ཞོན་པའི་རྟ་ཁ་དེ་ཞང་པོ་ཞིག་གིས་ཁྲིད་ཅིང་གཉེན་ཚན་དང་མནའ་ཡ་སོགས་སྐྱེལ་མཁན་དུ་མ་དང་བཅས་ཏེ་འགྲོ་སྲོལ་ཡོད་པ་རེད། བག་མའི་ཞྭ་ལེན་ཚུལ་ནི། བུ་མོ་དེ་བག་མ་ལེན་མཁན་གྱི་མི་ཚང་དེ་དང་ཉེ་བའི་སར་སླེབས་པའི་ཚེ། བག་མ་ལེན་མཁན་གྱི་མི་ཚང་དེའི་ཕྱོགས་ནས་བག་མའི་ཞྭ་མོ་ལེན་མཁན་རྟ་པ་གཉིས་དེར་འབྱོར་ཞིང་། དེའི་ཚེ་བག་མའི་མིང་པོ་དེས་རྟ་ཐོག་ནས་ལྕག་ཚན་གྱིས་བུ་མོའི་ཞྭ་ལ་སྒུལ་ཙམ་བྱས་པའི་རྗེས་སུ་ཞྭ་ལེན་མཁན་གཉིས་ཀྱིས་ཞྭ་མོ་ཐད་ཀར་གནམ་དུ་བཏེགས་ཤིང་། དེ་ནས་བག་མའི་གཡས་ཕྱོགས་སམ་གཡོན་ཕྱོགས་གང་རུང་དུ་ལེན་དགོས་ཤིང་། གལ་ཏེ་ཞྭ་དེ་བུ་མོའི་མདུན་ཕྱོགས་སུ་བླངས་ན་བག་མ་ལེན་མཁན་གྱི་ཕྱོགས་རྣམས་མི་དགའ་བ་དང་། རྒྱབ་ཕྱོགས་སུ་བླངས་ན་བག་མ་སྟེར་མཁན་གྱི་ཕྱོགས་རྣམས་མི་དགའ་ཞིང་། སྐབས་འགར་བག་མའི་ཞྭ་ལེན་ཚུལ་གྱི་སྟེང་ནས་རྩོད་གཞི་བྱུང་བའི་ལོ་རྒྱུས་ཀྱང་མི་ཉུང་བ་ཡོད་པ་རེད། ཞྭ་མོ་ལེན་ཕྱོགས་ལ་གལ་ཆེར་བརྩེ་འདུག་ནའང་དེའི་རྒྱུ་མཚན་གང་ཡིན་གསལ་པོར་ཤོད་མཁན་མི་སྣང་ཞིང་། ཁོ་བོའི་བསམ་པར་རོང་ཡུལ་གྱི་མི་དག་གིས་གཉེན་སྒྲིག་བྱེད་པའི་ཚེ། བག་མིའ་ལྷན་དུ་བག་སྣ་ཞེས་བྱ་བའི་གནོད་པ་ཞིག་ཡོང་བ་དེ་བཟློག་པའི་ཐབས་སུ་བག་མ་ཁྱིམ་དང་ཉེ་བར་སླེབས་པའི་ལམ་ཁར་སའི་ཕག་གཟུགས་ཤིག་བཞག་པ་དེ་གཏོར་བརླག་བྱེད་སྲོལ་ཡོད་འདུག་པ་ལྟར་བག་སྣའི་གནོད་པ་ཁ་བསྒྱུར་བའི་ཐབས་ཤིག་ཡིན་པར་སེམས་སོ། ། བག་མའི་རྟ་ཁ་ལེན་ཚུལ་ནི། བུ་མོ་དེ་བག་མ་ལེན་མཁན་གྱི་མི་ཚང་དེའི་ལྷས་འདབས་སུ་སླེབས་པའི་ཚེ། བག་མ་ལེན་མཁན་གྱི་མི་ཚང་དེའི་བུ་མོ་སོགས་བུད་མེད་མིང་བཀྲ་ལེགས་པ་གང་རུང་ཞིག་གིས་ཁ་དར་ཞིག་ཁྱེར་ནས་དེར་འབྱོར་ཞིང་། མོས་ཁ་དར་དེ་བག་མའི་རྟ་ཁ་འཁྲིད་མཁན་དེ་ལ་ཕུལ་ཏེ་ན་རེ།
                             
ཨ་ཞང་བསམ་པ་འགྲུབ་རྒྱུ་བོ། །
                             
རྟ་ཁ་གནང་དང་དར་ཁ་སྦྱིན། །
                             
ཁྱེད་གོམ་གསུམ་གོམ་པ་གྱེན་ལ་སྤོས། །
       
ཞེས་བརྗོད་པ་ན་མི་དེས་བུ་མོ་དེར་རྟ་ཁ་སྤྲད་ཅིང་། བུ་མོ་དེས་སྦྲའི་སྒོར་བག་མའི་རྟ་བབས་སུ་བལ་སྟན་དཀར་པོའི་ཐོག་ཏུ་གྲོ་ཡིས་གཡུང་དྲུང་བཀོད་དེ་བཞག་ཡོད་པ་དེར་རྟ་ཁ་ཁྲིད་ནས་བག་མ་རྟ་ལས་བབ་ཀྱི་ཡོད་པ་རེད།  བག་མ་སྦྲ་ནང་དུ་ཞུགས་ཚུལ་ནི། བག་མ་དེ་ཐོག་མར་ཕོ་སྦྲའི་ནང་དུ་འགྲོ་ཞིང་། དེར་བླ་མཆོད་ཁ་ཤས་ཀྱིས་བག་མར་བུམ་ཁྲུས་བྱེད་ཅིང་། དེ་རྗེས་ཚེ་སྒྲུབ་དང་། གཡང་འགུགས་ཟབ་རྒྱས་གནང་གྲུབ་པ་ན་བླ་མཆོད་ཀྱི་གཙོ་བོ་དེས་བུ་མོ་དེ་ལ་མིང་གསར་པ་ཞིག་འདོགས་སྲོལ་ཡོད་པ་རེད། སྐབས་དེར་བུ་མོ་མིང་བཀྲ་ལེགས་པ་ཞིག་གིས་དངུལ་གྱི་ཐུར་མ་ཞིག་གིས་བཀྲ་ཤིས་རྫས་ཞོ་ཞེས་བྱ་བའི་ཞོ་ཡག་པོ་ཞིག་བག་མའི་ལག་གཡོན་གྱི་འཁྱོར་བར་ཐེངས་གསུམ་བླུགས་དགོས་ཤིང་། བག་མ་དེས་ཞོ་དང་པོ་དེ་དཀོན་མཆོག་གི་ཆེད་དུ་སྦྲ་ཕུག་ཏུ་མཆོད་པ་དང་། ཞོ་གཉིས་པ་དེ་བག་མ་རང་གིས་བཏུང་ཞིང་། ཞོ་གསུམ་པ་དེ་བག་མ་རང་གི་གོས་ཀྱི་ཕུ་དུང་གཡོན་པའི་ནང་དུ་བླུགས་དགོས་པ་དེ་ནི་དཀར་ལས་ལ་དགེ་བའི་རྟེན་འབྲེལ་ཞིག་ཡིན་པ་རེད། བྱ་བ་དེ་ནི་མནའ་ཞོ་བླུད་ཅེས་བྱ་བ་བག་ཆོག་གི་ནང་ནས་གལ་ཆེ་ཤོས་སུ་བྱེད་ཅིང་། འོན་ཀྱང་ཁྱོ་གས་མནའ་ཞོ་བཏུང་དགོས་སྲོལ་མི་འདུག དེ་ནས་ནང་གི་མ་དེས་བཞོན་ཟོ་ཆུ་འོས་བཀང་བ་ཞིག་ཁྱེར་ནས་བག་མ་དེར་སྤྲད་པ་དང་། ཁྱོ་ག་གང་ཡིན་དེས་བ་ལུའི་ཕོན་པོ་བལ་དཀར་གྱིས་དཀྲིས་པ་ཞིག་ཁྱེར་ནས་བག་མ་དེར་སྤྲད་ཅིང་། བག་མས་དེ་དག་ཁྱེར་ཏེ་བླ་མཆོད་དང་ལྷན་དུ་མོ་སྦྲར་འགྲོ་ཞིང་། བླ་མཆོད་ཚོས་བཞོན་ཟོ་ནང་གི་ཆུ་དེ་བ་ལུའི་ཕོན་པོས་མོ་སྦྲའི་ཕྱོགས་ཀུན་ཏུ་གཏོར་ཞིང་ཁྲུས་བྱེད་པ་དང་། དེ་ནས་བག་མའི་ལག་ཏུ་ཕྱུར་ར་སྡེར་གང་དང་། ཁྱོ་གའི་ལག་ཏུ་མདའ་དར་བཅས་ཐོགས་ཏེ་ལྷན་དུ་གནས་ཤིང་། བླ་མཆོད་ཚོས་གཡང་འགུགས་དང་བཀྲ་ཤིས་མང་པོ་བརྗོད་སྲོལ་ཡོད་འདུག་པ་དང་། དེ་ནས་བཟུང་ཉིན་གསུམ་བག་ཁྱིམ་དུ་དུ་གནས་པའི་རིང་ལ་བཟའ་བཏུང་གི་སྟོན་མོ་སྣ་ཚོགས་དང་། གླུ་བྲོ་ལ་སོགས་པའི་རྩེ་འཇོ་དུ་མས་དུས་འདའ་བར་བྱས་ཏེ་བག་མ་སླར་རང་ཁྱིམ་དུ་ལོག་པ་དེ་ནི་ཞག་གསུམ་བག་མ་ཞེས་བྱ་བ་ཡིན་པ་རེད།  བག་སྐལ་སྟེར་ཚུལ་ནི། བག་མ་གང་ཞིག་ཞག་གསུམ་བག་མར་ཕྱིན་ཏེ་སླར་ནང་དུ་འབྱོར་ནས་ཟླ་བ་གསུམ་འདས་པའི་ཚེ། བག་མ་དེ་སླར་བག་མ་ལེན་མཁན་གྱི་ནང་དུ་འགྲོ་དགོས་ཤིང་། སྐབས་དེར་འཕྲད་ཟོག་ཞེས་བྱ་བ་བུ་མོ་དེར་སྐལ་ཐོབ་ཀྱི་རྟ་གཡག་འབྲི་ལུག་དང་། རྒྱུ་ནོར་གཞན་དག་བཅས་སྟེར་དགོས་པ་མ་ཟད་བུ་མོའི་མིང་པོ་དང་གཉེན་ཚན་ཚོས་བག་མ་ལེན་མཁན་ཚང་ལ་ལག་རྟགས་སུ་སྟེར་རྒྱུའི་ཤ་ཐུད་མང་པོ་གྲ་སྒྲིག་བྱེད་ཅིང་། བུ་མོའི་ཕ་དང་མནའ་ཡ་བཅས་ཀྱིས་སྐྱེལ་མ་བྱས་ཏེ་འགྲོ་དགོས་པ་དང་། བག་སྐྱེལ་བ་རྣམས་བག་མ་ལེན་མཁན་གྱི་ནང་དུ་ཉིན་བདུན་ཙམ་སྡོད་པ་དེའི་རིང་བཟའ་བཏུང་གི་སྟོན་མོ་གང་ལེགས་བྱེད་དགོས་པ་དང་། བག་སྐྱེལ་བ་རྣམས་སླར་ལོག་ཅིང་བག་མའི་ཞོན་རྟ་སླར་འཁྲིད་པའི་ཚེ། ཐུད་དཀར་ནག་ཅེས་པ་ཕྱུར་ཐུད་དང་གྲོ་ཐུད་བཅས་དོས་པོ་གཉིས་རྟ་རྒྱབ་དུ་འགེལ་དགོས་ཀྱི་ཡོད་པ་རེད།
       
ཕྱིས་སུ་དུས་སྐབས་བདེ་བ་ཞིག་ལ་བག་མ་སྟེར་མཁན་ཚང་ནས་མག་པ་དེ་གདན་འདྲེན་བྱེད་དགོས་ཤིང་། སྐབས་དེར་བཟའ་བཏུང་གི་སྟོན་མོ་ཟབ་རྒྱས་དགོས་པ་དང་། དམིགས་བསལ་དུ་མག་པ་སླར་ལོག་པའི་ཚེ། མག་རྟ་ཞེས་བྱ་པའི་རྟ་ཕོ་བཟང་པོ་ཞིག་སྟེར་དགོས་ཀྱི་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070