སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་མིའི་འཛེམ་སྤང་སྐོར།
སྤེལ་དུས། 2016-07-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  

 བོད་རིགས་མང་ཆེ་བ་ནི་སངས་རྒྱས་ཆོས་ལུགས་ལ་དད་ཞེན་ཆེ་བས་དགེ་སྡིག་སྤངས་བླང་དང་འབྲེལ་བ་དང་དེ་མིན་གོམས་གཤིས་ཀྱི་ཐོག་ནས་བྱུང་བའི་རྒྱུན་གཏན་འཛེམས་སྤང་དགོས་པའི་གནས་ཤིན་ཏུ་མང་སྟབས་འདིར་རེ་རེ་བྱས་ནས་འགོད་ཀྱིས་མི་ལང་བས་དཔེ་ཚན་ཁ་ཤས་ཤིག་བཀོད་ན།  ༡.སྲོག་གཅོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་བཅུ་སྤོང་དགོས་པའི་ནང་གི་ལུས་ཀྱི་མི་དགེ་བ་གསུམ་གྱི་དང་པོ་དེ་ཡིན་པས་རབ་ཏུ་བྱུང་བའི་གྲྭ་བཙུན་སྨོས་ཅི།ཆོས་ལ་དད་པ་བྱེད་མཁན་སྐྱེ་བོ་ཀུན་གྱིས་སྲོག་གཅོད་པ་ནི་སྡིག་པའི་ལས་ཚབས་ཆེར་རྩིས་ཏེ་ཆུང་འབུ་སྲིན་ནས་ཆེ་མི་ཕྱུགས་སོགས་སྲོག་ལྡན་གང་ཞིག་ཡིན་རུང་རང་གིས་དེ་དག་སྲོག་མི་གཅོད་ཅིང་།ཐ་ན་བསམ་ཤེས་མེད་པའི་བྱིས་པས་འབུ་སྲིན་གསོད་པའང་བཀག་པ་དང་།རང་གིས་ཐད་ཀར་སྲོག་གཅོད་རྒྱུ་ཕར་བཞག་རང་ལ་དམིགས་ཏེ་གཞན་གྱིས་སྲོག་གཅོད་པའང་བཀག་པ་སོགས་དངོས་ཤུགས་གང་ཐད་ཀྱི་སྲོག་གཅོད་ཀྱི་ལས་ལ་འཛེམས་ཀྱི་ཡོད།ཤ་ནི་བོད་རིགས་མང་ཆེ་བས་དགའ་པོ་བྱེད་པའི་ཟས་རིགས་ཤིག་ཡིན་ཀྱང་།ས་གནས་སོ་སོར་རྒྱུད་འཛིན་རང་བཞིན་གྱི་ངེས་གཏན་མི་སྣས་སེམས་ཅན་སྲོག་གཅོད་པ་ལས་སུ་རུང་གིས་བྱེད་ཀྱི་མེད།  ༢.བོད་རིགས་མང་ཆེ་བས་མ་གཞི་ཤ་རིགས་སྣ་ཚོགས་ཟ་གི་ཡོད་ཀྱང་འཛེམས་སྤང་ཐད་ཅུང་དམ་ཙམ་ཡོད་མཁན་མི་ཁག་གཅིག་གིས་ཉ་ཕག་སྒོང་གསུམ་སྟེ་ཉ་ཤ་དང་།ཕག་ཤ བྱ་སྒོང་བཅས་མི་ཟ་ཞིང་།དེ་དག་མི་ཟ་བའི་རྒྱུ་མཚན་ནི་སེམས་ཅན་དེ་ཚོའི་ལུས་ཐོག་ཏུ་འགྲོ་བ་མིའི་ལུས་ཁམས་དང་ཤེས་རིག་འཕེལ་རྒྱས་ལ་གནོད་པའི་སྲོག་ལྡན་འབུ་ཕྲ་གཞན་དག་མང་བོ་གནས་ཡོད་པས་སྨན་རིགས་ཀྱི་ནུས་པ་འཇོམས་པ་དང་།ཤ་དེ་དག་ནི་བཙོག་པ་གྲིབ་ཅན་ཡིན་པར་བརྟེན་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་ལ་གནོད་པར་རྩི་གི་ཡོད།འཚོ་བའི་ཆུ་ཚད་མི་འདྲ་བའི་འཛེམས་སྤང་ཐད་དམ་ལྷོད་མི་འདྲ་མོད།བོད་རིགས་ཟས་ཀྱིས་ཇི་ལྟར་ཕོངས་པ་ཞིག་ཡིན་རུང་སེམས་ཅན་རྨིག་གཅིག་པ་རྟ་བོང་སོགས་དང་ཁྱི་དང་བྱི་ལ་སོགས་སྡེར་མོ་ཅན་གཅན་གཟན་རིགས་ཀྱི་ཤ་རྩ་བ་ནས་མི་ཟ་བ་དང་།མི་གཞན་གྱིས་ཟོས་ན་ཡང་ཧ་ཅང་སྐྱུག་བྲོར་རྩིས་ཏེ་ཐ་ན་དེ་དག་གི་ཟས་སྣོད་དང་ཡང་ཁ་ལག་མ་འདྲེས་པ་བྱེད་ཀྱི་ཡོད།ད་དུང་སེམས་ཅན་འབྲི་གཡག་སོགས་དེ་རིང་བསད་པའི་ཤ་ནི་ཉིན་ཤ་ཡིན་པས་ཉིན་དེ་རང་ལ་ཟ་མི་རུང་བར་རྩིས་ཏེ་ཉིན་ཤ་ཡིན་པ་ཤེས་བཞིན་དུ་མི་ཟ་བ་དང་ཤ་བསིལ་ཚོང་མཁན་ཚོས་ཀྱང་འཚོང་རྒྱུར་འཛེམ་གྱི་ཡོད། ༣.བོད་རིགས་རྣམས་ནི་བྱ་བ་སྤྱི་དང་།སྒོས་སུ་བྱ་བ་ཆེ་རིགས་སྒྲུབ་ན་ངེས་པར་དུ་སྤྱིའི་གཟའ་སྐར་འབྱུང་འཕྲོད་ངན་པ་སོགས་ལ་འཛེམས་ཤིང་།ལྷག་པར་མི་སོ་སོའི་གཟའ་སྐར་ངན་པར་འཛེམས་རྒྱུ་དེ་བས་གལ་ཆེར་རྩིས་ཏེ་རང་གིས་མ་ཤེས་ནའང་གཞན་ལ་དྲིས་ནས་གཟའ་འཁོར་རེའི་ནང་མི་སོ་སོར་གཤེད་གཟའ་དང་།གཟའ་འཁོར་མ་ཡིན་པའི་ཀེག་སྐར་བདུད་སྐར་གཤེད་སྐར་བཅས་འཁེལ་རྒྱུ་ཡོད།དཔེར་ན་ལོ་རྟགས་སྟག་ཡིན་ན་རེ་གཟའ་སྤེན་པ་གཤེད་གཟའ་འཁེལ་བ་དང་།ཀེག་སྐར་ནག་པ།བདུད་སྐར་དབོ།གཤེད་སྐར་བྲ་ཉེ་བཅས་འཁེལ་བས་སྟག་ལོ་པའི་ངོས་ནས་གཟའ་སྐར་དེ་དག་དང་།ད་དུང་རང་ལོ་འཁོར་བཅུ་གཉིས་ཀྱི་ལོ་རྟགས་གང་ལ་སྐྱེས་པ་དེ་ནི་རང་གི་ལོ་ཀེག་ཡིན་ཞིང་།ད་དུང་ལོ་ཟླ་ཉིན་གསུམ་ནག་པོ་སོགས་ཀྱི་བྱ་བར་ངེས་པར་དུ་འཛེམས་གཡོལ་བྱེད་སྲོལ་ཡོད།གལ་སྲིད་གནས་ཚུལ་ཆེས་དམིགས་བསལ་གྱིས་གཡོལ་ཐབས་མ་བྱུང་ན་ཆོས་ལུགས་ཀྱི་ཐོག་ནས་གེགས་སེལ་རིམ་གྲོ་བྱེད་སྲོལ་ཡོད་།།༤.བོད་རིགས་རྣམས་རང་ཡུལ་ནས་ཐག་རིང་ལ་ཕྱོགས་ཐོན་བྱེད་ན་གོང་དུ་བཤད་པའི་གཤེད་གཟའ་སོགས་ལ་འཛེམས་དགོས་ཁར།ད་དུང་ཕྱོགས་ཐོན་སྐབས་དམིགས་བསལ་གྱི་གཟའ་སྐར་དུས་ཚོད་འཛེམས་དགོས་པ་ནི་རེ་གཟའ་ཉི་མ་དང་ལྷག་པར་ཟླ་རེའི་བོད་ཚེས༢.༨.༡༤.༢༠.༢༦བཅས་ལ་སྐར་མ་ཆུ་ཚགས་འཁེལ་བའི་ཉིན་ཕྱོགས་ཐོན་མི་བྱེད་ཅིང་།ཕྱོགས་ཐོན་བྱས་ན་ལམ་བར་བདེ་བགྲོད་མི་ཡོང་བའི་གེགས་བར་རྐྱེན་ངན་དང་འཕྲད་པར་བཤད།གལ་སྲིད་གཡོལ་ཐབས་མ་བྱུང་ཚེ་ཆུ་ཚགས་ནང་ནས་ཆུ་གཏོར་བ་སོགས་ཀྱི་གཏོ་བཅོས་བྱེད་སྲོལ་ཡོད།༥.བོད་རིགས་གཉེན་སྒྲིག་བྱེད་ན་འཛེམས་དགོས་པ་མང་བོ་ཞིག་ཡོད་ཅིང་།ལྷག་པར་དུ་གཉེན་སྒྲིག་བྱེད་མཁན་ཁ་གཏད་གཉིས་གཉེན་འབྲེལ་དུ་གྱུར་པ་གཉེན་སྒྲིག་འཛེམས་རྒྱུ་ཧ་ཅང་གལ་ཆེར་རྩིས་ཀྱི་ཡོད།བོད་རིགས་ཀྱི་ཕ་རྒྱུད་དང་མ་རྒྱུད་བར་ཡས་མས་བདུན་བརྒྱུད་ཚུན་ཐག་རིང་ཐུང་གི་དབྱེ་བ་ཡོད་པས་བདུན་རྒྱུད་ནང་ཚུད་གཉིས་ཀར་འཛེམ་གྱི་ཡོད་པ་སྟེ།ཕ་རྒྱུད་མ་མཐར་འབྲེལ་བའི་ཚིགས་བདུན་དང་།མ་རྒྱུད་མ་མཐར་འབྲེལ་བའི་ཚིགས་ཐག་ལྔའི་ནང་ཚུད་མིན་གཉེན་སྒྲིག་བྱེད་མཁན་སོ་སོས་སྔོན་ནས་ཏན་ཏིག་གིས་ཞིབ་བརྩད་བྱས་པ་བརྒྱུད་དངོས་འབྲེལ་གཉེན་འབྲེལ་མིན་ན་གཉེན་སྒྲིག་གཏན་འཁེལ་བྱེད་པ་དང་གལ་སྲིད་གཉེན་འབྲེལ་དུ་གྱུར་པ་ཡིན་ཕྱིན་ཆ་རྐྱེན་གཞན་དག་ཇི་ལྟར་འཛོམས་ཀྱང་གཉེན་སྒྲིག་འཛེམ་གྱི་ཡོད།བོད་རིགས་ཀྱིས་དེ་སྔ་ནས་དེ་ལྟར་བྱེད་པ་ནི་ཤ་རུས་ཀྱི་འབྲེལ་བ་ཅི་ཙམ་རྒྱང་རིང་བའི་མི་གཉིས་གཉེན་སྒྲིག་བྱས་ན་སྐྱེས་པའི་ཕྲུ་གུ་ཡང་སྐྱེ་གཟུགས་ལེགས་ཤིང་རིག་བཀྲ་བ་ཡོང་བའི་དེང་དུས་འཕྲོད་བསྟེན་ཚན་རིག་གི་བཤད་སྟངས་དང་མཚུངས་པ་ཞིག་ཡིན་པས་སངས་རྒྱས་ཆོས་ལུགས་བོད་དུ་མ་དར་གོང་ནས་བོད་མི་རིགས་ཀྱིས་བདུན་བརྒྱུད་གཉེན་འབྲེལ་གྱི་འཛེམས་བྱ་དེར་དོ་སྣང་བྱུང་ཡོད། དེ་བཞིན་གཉེན་སྒྲིག་བྱེད་མཁན་ཕོ་མོ་ཕྱོགས་སོ་སོའི་ལོ་རྟགས་བདུན་ཟུར་འཁེལ་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།བདུན་ཟུར་ནི་ལོ་འཁོར་བཅུ་གཉིས་ཀྱི་ནང་ནས་ཕོ་མོ་གཉིས་ཕྱོགས་གཅིག་གི་ལོ་རྟགས་སྟག་ཡིན་པ་དང་། ཕྱོགས་གཅིག་གི་ལོ་རྟགས་སྤྲེལ་ཡིན་པ་དེ་གཉིས་བདུན་ཟུར་འཁེལ་བ་བཞིན་བྱ་ཡོས་དང་བྱི་རྟ་གླང་ལུག་སོགས་བདུན་ཟུར་འཁེལ་བ་གཉེན་སྒྲིག་བྱས་ན་མི་མཐུན་གེགས་བར་ཡོང་རྒྱུར་རྩིས་ནས་གཉེན་སྒྲིག་བྱ་དགོས་བྱུང་ན།སྐོར་ལམ་སོགས་འགྲུལ་བཞུད་ཆེ་སའི་ཁང་བའི་གྱང་ངོས་ལ་བདུན་ཟུར་གང་ཡིན་བྲིས་ནས་གེགས་སེལ་གཏོ་བཅོས་བྱེད་སྲོལ་ཡོད།དཔེར་ན།སྟག་སྤྲེལ་གྱི་བདུན་ཟུར་ཡིན་ན་སྟག་སྤེལ་རྩལ་གྱི་བདུན་ཟུར་གཅོད་ཟེར་བྲིས་པ་བཞིན་བདུན་ཟུར་སོ་སོར་བཤད་སྟངས་མི་འདྲ་བ་ཡོད་པ་བཅས་གོང་གསལ་ནི་བོད་རིགས་རྣམས་ཀྱི་འཚོ་བའི་ཁྲོད་དུ་འཛེམས་སྤང་བྱེད་པའི་གནས་ཆ་ཤས་ཤིག་མདོར་བསྡུས་ཀྱིས་ངོ་སྤྲོད་ཞུས་པའོ།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716