སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《གཞོན་ནུ་དྲུག་གི་རྟོགས་བརྗོད》ལས་མངོན་པའི་མི་ཆོས་ཀུན་སྤྱོད་སྐོར་གླེང་བ།
སྤེལ་དུས། 2017-08-31   ཡོང་ཁུངས། རྩེར་སྙེག   རྩོམ་པ་པོ།  བསོད་ནམས་མཆོག་སྐྱིད།
          ནང་དོན་གནད་བསྡུས། རྟོགས་བརྗོད་འདིའི་ནང་དུ་ནང་ཆོས་ཀྱི་ཕར་ཕྱིན་དྲུག་གི་བརྗོད་བྱ་བསྟན་པ་མ་ཟད། འཇིག་རྟེན་མི་ཆོས་ཀྱི་ནང་དོན་བསྟན་པ་ཡང་མང་ལ། ཡང་དག་པའི་མི་ཆོས་ཀྱི་ལྟ་བས་སྤྱི་ཚོགས་འདིར་གནས་པའི་མི་རྣམས་ལ་གནས་ལུགས་མང་པོ་ཞིག་བཤད་ཡོད་ཅིང་། ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྟོགས་བརྗོད་འདིའི་ནང་གི་མི་ཆོས་ཀྱི་གནས་ལུགས་བསྟན་པའི་བརྗོད་བྱ་རྣམས་ནི་ནད་བརྒྱ་བཅོམས་པའི་སྨན་ལྟ་བུར་གྱུར་ཡོད།
          བརྡ་ཆད་གཙོ་བོ། འཇིག་རྟེན་མི་ཆོས། བླང་དོར། ཀུན་སྤྱོད།
          སྔོན་འགྲོ།
          《གཞོན་ནུ་དྲུག་གི་རྟོགས་བརྗོད》ནི་སྙན་ངག་ཆེན་པོའི་ལུགས་ལྟར་བརྩམས་པས། དེར་དོན་རྒྱན་སོ་ལྔའི་རྒྱན་རྣམས་སྡེབ་ལེགས་ཚིག་གི་ཕྲེང་བར་བརྟེན་ནས་མངོན་གྱིན་ཡོད། ཡིན་ནའང་ད་ལྟ་རྟོགས་བརྗོད་རྩོམ་ཡིག་འདི་བོད་རང་གི་མཁས་པས་བརྩམས་པའི་སྒྲུང་གཏམ་ཞིག་ཡིན་དང་། སྔོན་བྱོན་གྱི་ལོ་ཙཱ་བས་འགྱུར་བའི་འགྱུར་ཆོས་སྤུས་དག་ཅིག་ཡིན་མིན་བཞེད་པ་མི་མཐུན་པ་མཆིས་ཀྱང་། སྐབས་འདིར་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་མཚོན་པའི་དཔེ་མཚོན་འོས་པའི་འགྱུར་མ་ཞིག་གི་ཐད་ནས་རྟོགས་བརྗོད་འདིའི་བསམ་བློའི་ནང་དོན་ལས་ནང་ཆོས་ཀྱི་ནང་དོན་མ་ཡིན་པའི་འཇིག་རྟེན་ཁྱིམ་པ་རྣམས་ཀྱི་སྤྱོད་ལམ་བསྟན་པའི་ནང་དོན་ཡང་མང་པོ་ཞིག་ཡོད་པའི་སྐོར་ལ་གླེང་བ་ལས་བོད་རྩོམ་དང་རྒྱ་རྩོམ་གང་ཡིན་མིན་གླེང་བའི་སྐབས་མིན། ཕལ་ཆེར་སྐྱེ་བོ་མང་ཆེ་བས་རྟོགས་བརྗོད་འདིའི་ནང་སངས་རྒྱས་ཆོས་ལུགས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དོན་བཤད་པ་ཡིན་ཞེས་གསུང་མཁན་མང་ལ། རང་ཉིད་ཀྱིས་ཀྱང་རྟོགས་བརྗོད་འདི་སློབ་ཁྲིད་བྱེད་དུས། དེའི་གཙོ་དོན་རྒྱལ་བའི་ཡུམ་ཕར་ཕྱིན་དྲུག་གི་བརྗོད་དོན་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། འདིར་རྟོགས་བརྗོད་འདིའི་ནང་གི་ལྷ་ཆོས་ནང་དོན་བསྟན་པ་དེ་འཆད་པའི་སྐབས་མ་ཡིན་པར་འཇིག་རྟེན་མི་ཆོས་ཀྱི་ནང་དོན་ཁག་ཅིག་རང་བློས་གང་ལྕོགས་ཀྱིས་ཅུང་ཟད་གླེང་རྒྱུ་ཡིན།
          སྔོན་འགྲོའི་སྐབས་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་འཕྱོར་འབྲི་བྱས་པ་དང་། དེར་གནས་པའི་སྐྱེ་བོའི་ཚོགས་ཀྱིས་སྤྱོད་པའི་འདོད་པའི་ལོངས་སྤྱོད་ལས་ཡུལ་འདིའི་ཡུལ་མི་ཚོའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། འཛམ་བུ་གླིང་འདི་ན་མ་འཛོམས་གཅིག་ཀྱང་མེད་ཅེས་པ་ལྟར། ཡུལ་འདིར་བློ་རིག་གསལ་ལ་ཀུན་སྤྱོད་གཙང་ཞིང་ལེགས་ཉེས་དབྱེ་བ་འབྱེད་ཐུབ་པའི་མི་ཡོད་ལ། ཡིད་ཤིན་ཏུ་རྨོངས་ནས་བླང་དོར་གྱི་གནས་ལུགས་ཡེ་ནས་འབྱེད་མི་ཐུབ་པའི་མི་ཡང་ཡོད། འདོད་ཆུང་ཆོག་ཤེས་དང་སྦྱིན་པའི་གཏོང་ཕོད་ཆེ་བའི་མི་ཡོད་ལ། འཇིག་རྟེན་ནོར་ལ་དགའ་ཞིང་འདོད་རྔམས་ཆེ་ལ་སེར་སྣའི་ཞགས་པས་བཅིངས་པའི་མི་ཡང་ཡོད། བཟོད་པའི་ཡོན་ཏན་གྱིས་བརྒྱན་ནས་གཞན་ལ་བྱམས་སྙིང་རྗེས་སྐྱོང་བའི་མི་སྣ་ཡོད་ལ། གདུག་རྩུབ་ཆེ་ལ་བརྩེ་བའི་གཡའ་དང་བྲལ་ཞིང་ཁོང་ཁྲོའི་སེམས་ཀྱིས་བཅིངས་པའི་མི་ཡང་ཡོད། རྩོམ་ཡིག་འདིའི་ནང་མི་སྣ་སོ་སོའི་རང་གཤིས་བཟང་ངན་ཕན་ཚུན་བསྡུར་བའི་སྒོ་ནས་བརྗོད་དེ། མི་རྣམས་ལ་བྱ་བ་གང་ཞིག་འཇུག་ལྡོག་བྱེད་དགོས་མིན་གྱི་གནས་ལུགས་བསྟན་ཡོད།
          དང་པོ། སྐྱེ་བོ་རྣམས་ལ་གཞན་ཕན་གྱི་སྤྱོད་ཚུལ་ཁྱད་པར་ཞིག་ཡོད་དགོས་ཚུལ་བསྟན་པ།
          སྦྱིན་པའི་ཕར་ཕྱིན་བཤད་པའི་སྐབས་སུ་གཞན་ལ་ཕན་པའི་རོགས་པ་བྱེད་དུས་ཕུ་བོ་གསུམ་དང་ནུ་བོ་གསུམ་གྱི་སྤྱོད་ཚུལ་ནི་ཡེ་ནས་མི་འདྲ་བར་བསྡུར་བ་བཏང་ཡོད་པ་ནི་གཞོན་ནུ་དྲུག་གི་རྟོགས་བརྗོད་ལས། "ཡ་མཚན་སྤྱོད་ཚུལ་འདི་ལ་ལྟོས། །ཧ་ཅང་སྦྱིན་ལ་དཔའ་བས་ཉམས། །རང་ཉིད་སྤྱད་པའི་ལྷག་མ་དག །གཞན་ལ་སྦྱིན་པ་མཛེས་པ་ཉིད། །"ཅེས་པ་སོགས་ལས་ང་ཚོས་ཤེས་ཐུབ་པ་ནི་བོད་ཀྱི་གཏམ་དཔེར"ཆང་མིས་བཏང་ན་མིག་ཚ། །རང་གིས་བཏང་ན་མགོ་ན། །"ཞེས་པ་ལྟར་དེང་གི་དུས་སུ་ཡང་སྐྱེ་བོ་འགའ་ཞིག་གིས་རང་གིས་བྱ་བཟང་ཞེས་པའི་མིང་དེ་ལ་རྨོངས་པས་དེ་མི་སྒྲུབ་ལ། གཞན་གྱིས་བྱ་བ་བཟང་པོ་བྱས་པར་མཐེ་བོང་བསྒྲེངས་ནས་བསྟོད་པ་འབུལ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་དེར་བྱ་བཟང་སྒྲུབ་མཁན་ལ་མ་འདོད་པའི་ཚིག་སྨྲ་བའམ། ཡང་ན་དེར་དམའ་འབེབས་ཀྱི་ཚིག་མང་པོ་ཞིག་བཤད་པར་མ་ཟད། ཐ་ན་ཁག་གཅིག་གིས་བྱ་བཟང་སྒྲུབ་མཁན་གྱི་མིའི་ཀླད་པར་སྐྱོན་འདུག་ཅེས་གང་སར་དཀྲོག་གཏམ་རྒྱག་པའི་སྣང་ཚུལ་འདི་འདོད་ལྷའི་བུའི་སྐད་ཆ་དེ་ལས་གསལ་པོར་མཚོན་ཐུབ། དོན་དུ་ཀུན་སྤྱོད་བཟང་བའི་མིར་འཕྱ་དམོད་བྱེད་པ་འདི་ནི་རང་ཉིད་ཀྱིས་རང་ལ་འཕྱ་བ་དང་མཚུངས་ཡིན་ཏེ། 《ཤིང་གི་བསྟན་བཅོས》ལས། "ཚེར་མ་རྣོ་ཡང་བྲག་རི་ལ། །བསྣུན་ན་རྩེ་མོ་འཇིལ་བར་བྱེད། །སྐྱེས་བུ་དམ་པར་ཕྲག་དོག་གིས།།སྨོད་པ་རང་གི་དམའ་འབེབས་ཡིན། །"①ཞེས་གསུངས་པ་ལྟར། མི་གཞན་གྱིས་ལས་ཀ་ཡག་པོ་བྱས་པར་རྒྱབ་སྐྱོར་བྱེད་མ་ཐུབ་ཀྱང་། དེའི་བྱ་སྤྱོད་ལ་རྗེས་སུ་ཡི་རང་གི་བསམ་པ་ཞིག་དགོས་ངེས་ཡིན།
          གཉིས་པ། ཉམ་ཐག་གི་སྐྱེ་བོ་རྣམས་ལ་རོགས་རམ་གང་ཐུབ་བྱེད་དགོས་པའི་དོན་བསྟན་པ།
          《ཤིང་གི་བསྟན་བཅོས》ལས། "ལོངས་སྤྱོད་སྤེལ་བར་འདོད་པ་ཡིས། །ཆ་ཤས་གཏོང་བ་མན་ངག་སྟེ། །ལྗོན་ཤིང་ཡལ་འདབ་རྒྱས་འདོད་ན། །རྩེ་མོ་འབྲེག་པ་ཐབས་སུ་བཟང་། །དམན་པས་བསགས་ཀྱང་མི་འགྲུབ་པས། །བསོད་ནམས་ལྡན་པས་བཏང་ཡང་འབྱོར། །"②ཞེས་གསུངས་པ་ལྟར། སྦྱིན་པའི་ཡོན་ཏན་དང་སེར་སྣའི་ཉེས་དམིགས་སོ་སོ་བཤད་པ་ལས་དེང་དུས་སྤྱི་ཚོགས་ནང་གང་ན་དཀའ་ངལ་ཡོད་ན། དེ་ལ་ཚང་མས་གང་ཐུབ་ཀྱིས་རོགས་རམ་བྱེད་དགོས་པ་ལས། དེ་མཐོང་ཡང་སྣང་མེད་དུ་གཏོང་རྒྱུ་མེད་པའི་གནས་ལུགས་དེ་མཚོན་ཡོད་ལ། དེ་བཞིན་དཔེ་ཡི་ཐོག་ནས་གསོན་ཉམས་དོད་པོས་དེ་གཉིས་སོ་སོ་ལས་མངོན་པའི་སྤྱོད་ཚུལ་མི་འདྲ་བ་གསལ་བཤད་བྱས་ཡོད་པ་རྟོགས་བརྗོད་དུ། "སྙིང་སྟོབས་ལྡན་རྣམས་འགྲོ་ཀུན་སྒྲོལ་བའི་འཁུར་ཆེན་དཔུང་པའི་མཐུ་ཡིས་བཟོད། །དམན་པའི་སྐྱེ་བོ་བདག་གི་དོན་ཡང་སྒྲུབ་ལ་ངལ་ཞིང་སྒྱིད་ལུག་གནས། །རབ་བརྟན་གླང་པོས་ལྷ་དབང་དཔུང་བཅས་ཤིང་རྟ་འདྲེན་ཞིང་ལྷ་མིན་བཟློག །ཝ་སྐྱེས་དག་ནི་རང་གི་མཇུག་མ་ས་ལ་འདྲུད་ཅིང་འགྲོ་བའང་མཐོང་།" ཞེས་གཅིག་ནི་རང་དོན་བསྒྲུབས་པ་ཙམ་མ་ཟད། གཞན་དོན་དང་དུ་ལེན་ཐུབ་པའི་སྤྱོད་ཚུལ་བཟང་པོ་ལྡན་པ་དང་། ཅིག་ཤོས་ནི་གཞན་དོན་དང་དུ་བླང་རྒྱུ་ལྟ་ཅི་ཐ་ན་རང་དོན་ཡང་བསྒྲུབ་མི་ནུས་པ་ཞིག་ཡིན་ཏེ། "སངས་རྒྱས་རང་མགོ་མི་                 ཡིན་ཡང་མི་གཞན་ལ་རོགས་རམ་བྱེད་སྐབས་ཀྱང་རང་གི་དཔལ་འབྱོར་གྱི་འཁོས་བབ་ལ་གཞིགས་ནས་ནོར་སོགས་སྟེར་གང་ཐུབ་བྱེད་དགོས་པའི་བླང་བྱ་བསྟན་པར། 《ལུགས་གཉིས་ཀྱི་བསླབ་བྱ་རབ་གསལ》ལས། "ལྷག་པར་རང་གི་རོགས་བྱེད་ལ། །སེམས་ཀྱིས་བྱམས་ཤིང་ཟས་གོས་སོགས། །འཁོས་དང་བསྟུན་པ་སྐབས་སྦྱར་སྦྱིན། །"ཞེས་རང་ནུས་ཡོད་རྒུས་སྐྱེ་བོ་ཉམ་ཐག་ཚོར་རོགས་པ་བྱེད་རྒྱུ་ནི་མི་ཆོས་ཀྱི་མཚོན་ཚུལ་ཞིག་ཀྱང་ཡིན།
          གསུམ་པ། ཕུ་བོ་དང་ནུ་བོ་ཕན་ཚུན་གཏམ་གླེང་བྱས་པའི་ཐབས་ལས་འཇིག་རྟེན་གྱི་གནས་ལུགས་བསྟན་པ།
          《ཤིང་གི་བསྟན་བཅོས》ལས། "བསོད་ནམས་དམན་པའི་སྐྱེས་བུ་དེར། །དཔལ་འབྱོར་བྱུང་ན་སྲོག་ཀྱང་བརླག །སྨྱུག་མའི་ཤིང་གི་རྩེ་མོ་ལ། །འབྲས་བུ་ཆགས་པ་ཉམས་པའི་ལྟས། །"④ཞེས་གསུངས་པ་ལྟར། རྟོགས་བརྗོད་ཀྱི་ནང་དུ་ཕུ་བོ་གསུམ་གྱིས་རང་ལ་རྒྱུ་ནོར་དེ་ལས་ལྷག་པ་ཡོང་ཆེད་འཛེམས་པ་མེད་པར་རྒྱལ་པོའི་བང་མཛོད་ཀྱི་རིན་ཆེན་ཆེ་ཤོས་དེ་རྐུ་བར་ཕྱིན་པ་ནི་སྐྱེ་བོ་ཐ་ཤལ་གྱི་སྤྱོད་ཚུལ་ཁོ་ན་ཡིན་པར་རྟོགས་དགོས་ལ། དེ་བཞིན་རང་ཉིད་ལ་གཞན་གྱིས་སྨོན་དགོས་པའི་རྒྱུ་ནོར་ཡོད་བཞིན་དུ་ད་དུང་གཞན་གྱི་རྒྱུ་དངོས་རྣམས་རང་ལ་ཡོང་འདོད་ཀྱི་བློས་ཐབས་ཤེས་མང་པོ་སྤྱད་ནས་དེ་རྣམས་ཚུར་ལེན་གང་ཐུབ་བྱེད་པ་དང་། ཐ་ན་རྐུན་མའི་ཐབས་ཤེས་སོགས་སྤྱོད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་འགའ་ཞིག་ལ་ཟུར་ཟ་དང་ཟུན་འབྱིན་ནན་པོ་བྱས་ཡོད་པ་རྟོགས་བརྗོད་དུ། "ཧ་ཅང་བརྐམ་ཞིང་ཆོག་ཤེས་མི་ཤེས་པས་མ་རངས་ཏེ། བློན་པོ་དག་གིས་ཡོ་བྱད་ཅུང་ཟད་ཅིག་བྱིན་ཏེ། དེ་སྦྱིན་པ་ཆེར་མ་ཐོབ་པས་ཡིད་མ་ཚིམ་པར་མ་གྱུར་ཏེ། བང་མཛོད་གཞན་ཞིག་ནས་ནོར་བརྐུ་བར་བརྩམས་པ་དང་། ཆོག་མི་ཤེས་པས་རིན་པོ་ཆེའི་ཕུང་པོ་ཁུར་གྱི་ཚད་ལས་འདས་པ་ཞིག་འཁུར་བའི་ལྗིད་ཀྱིས་ནོན་ཏེ་མྱུར་པོར་འགྲོ་བར་མ་ནུས་པའི་ཚེ་བང་མཛོད་སྲུང་བས་ཚོར"ཞེས་པ་ལས་ནོར་ལོངས་སྤྱོད་ཁོ་ནར་ཞེན་པའི་མི་ཞིག་ནས་བཤད་ན། དེས་དངོས་པོར་ཆགས་པའི་འདོད་པ་ནི་དུས་ནམ་ཡང་ཚིམ་དཀའ་བ་ཞིག་ཡིན། དེང་དུས་སློབ་གྲྭ་ཁག་གི་ནང་དུ་ཡང་གནས་ཚུལ་འདི་འདྲ་ཐོན་རྒྱུ་ཡོད་དེ། སྲིད་གཞུང་ནས་འཚོ་བར་དཀའ་ངལ་ཡོད་པའི་སློབ་མ་ཚོར་འཚོ་བའི་རོགས་སྐྱོར་གྱི་མ་དངུལ་མི་ཉུང་བ་ཞིག་སྤྲོད་ཀྱི་ཡོད་ཀྱང་། འཚོ་བ་སྐྱོ་བའི་སློབ་མ་ཚོར་དངུལ་དེ་ལོངས་སུ་སྤྱོད་པ་ཉུང་བ་དང་། དེ་ལས་ལྡོག་སྟེ་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་པའི་སློབ་མ་ཚོས་འཚང་ཁ་ཤིག་ཤིག་ངང་ངའི་འཚོ་བར་དཀའ་ངལ་ཡོད་ཅེས་བཤད་ནས་དངུལ་ལོར་འདོད་རྔམ་བྱེད་པའི་གནས་ཚུལ་ཡོད། དེ་ཡང་ཇི་སྐད་དུ། "ཆོག་ཤེས་ལྡན་ན་ཕྱུག་པོའི་ཡང་རྩེ་ཡིན། །ཞེན་ཆགས་མེད་ན་སྐྱིད་པོའི་མཐར་ཐུག་ཡིན"⑤ཞེས་དང་། 《ཁ་ཆེ་ཕ་ལུ》ལས། "སེམས་གོས་ཆོད་ན་ནོར་ལ་མང་ཉུང་མེད། །ཆོག་ཤེས་མེད་པའི་རྒྱལ་པོ་སྤྲང་པོ་དང་། །སེམས་གོས་ཆོད་ན་སྤྲང་པོ་དེ་ལས་ལྷག རྒྱལ་པོ་རྒྱལ་གཞིས་ཟོས་ནས་ལྟོགས་ལྷང་ལྷང་། །སྤྲང་ཕྲུག་ཐང་རྐྱལ་ཁེངས་ནས་སྤོ་དགྱེ་དགྱེད། །"⑥ཅེས་པ་སོགས་ལས་རང་ལ་རྒྱུ་དངོས་མང་པོ་ག་ཚོད་ཡོད་ཀྱང་ད་དུང་གཞན་རྒྱུ་རང་ལ་དབང་འདོད་ཀྱི་བསམ་བློ་འདི་ལྟ་བུ་ཞིག་འཁྱེར་ན། མཐར་རང་ཉིད་ཁྲིམས་འགལ་གྱི་ལས་ལ་འཇུག་ནས་རང་ཉིད་རང་གིས་ཕུང་པའི་སྣང་ཚུལ་དེ་གསལ་བཤད་བྱས་པ་མ་ཟད། མི་གཞན་གྱི་ཁྲག་དང་རྔུལ་ཆུ་ལས་ཐོབ་པའི་རྒྱུ་དངོས་རྣམས་རང་ཉིད་ལ་འཐོབ་འདོད་ཀྱི་བསམ་སྦྱོར་སྤེལ་བ་འདི་ནི་འཇིག་རྟེན་གྱི་ལུགས་དང་ཡོངས་སུ་མི་མཐུན་པ་ཞིག་ཡིན་པར། 《མི་ཆོས་གནད་ཀྱི་ཕྲེང་བ》ལས། "རང་ཉིད་ནོར་ལ་ཆགས་ཞེན་ཆེ་ན་ཡང་། །གཞན་གྱི་ནོར་ལ་ཧབ་ཤ་ཆུང་བར་མཛོད། །"⑦ཅེས་གསུངས་པས་ཀྱང་གནས་ལུགས་དེ་བསྟན་ཡོད།
          མི་འགའ་ཞིག་གིས་རང་ཉིད་ལ་རྒྱུ་ནོར་ཡིད་ཚིམ་པ་ཞིག་ཡོད་དུས་གཞན་ལ་སྦྱིན་པ་གཏང་འདོད་ཀྱི་བསམ་བློ་བླ་ན་མེད་པ་ཞིག་ཡོད་དེ། ནུ་བོ་གསུམ་གྱིས་རྒྱལ་པོར་བཤད་པའི་ཚིག་ལས་མཚོན་ཡོད་པ་རྟོགས་བརྗོད་ལས། "འོན་ཀྱང་བདག་ཅག་དབུལ་ཕོངས་མ་ལགས་ཏེ། །ཁྱོད་ཀྱིས་དྲིན་གྱིས་བདེ་བར་འབྱོར་ཞིང་མཆིས། །རེ་བ་བཞིན་དུ་སློང་བའི་སྐྱེ་བོ་ལ། །བདོག་ཀུན་བྱིན་ནས་འདི་ལྟར་གནས་པར་གྱུར། །"ཅེས་པ་ལས་རྒྱུ་ནོར་གྱི་ཕྱུག་པའི་མི་སོ་སོའི་བསམ་བློའི་གོ་རྟོགས་མི་འདྲ་བའི་དོན་དེ་རྟོགས་ཐུབ།
          བཞི་པ། སྲིད་ཁྲིམས་ལུགས་བཞིན་སྐྱོང་དགོས་པའི་དོན་བསྟན་པ།
          《ཁ་ཆེ་ཕ་ལུ》ལས། "ལུང་པ་དབུལ་ན་རྒྱལ་པོ་ལས་ཀྱིས་དབུལ། །རྗེ་དཔོན་དར་ཞིང་རྒྱལ་པོ་ས་སྡེའི་འཕྲུལ། །ཡུལ་སྡེ་མེད་པའི་རྗེ་དཔོན་དགོད་རེ་བྲོ། །དཔོན་འབངས་ནད་པ་ཨམ་རྗེའི་དཔེ་བཞིན་དུ། །གཙག་བུ་བཙུགས་པའི་ཤུལ་ལ་རྨ་སྨན་ཐོབས། །བཀའ་བཀྱོན་དགོངས་འཚོམས་གཞུག་ལ་བྱམས་སྐྱོང་མཛོད།"⑧ ཅེས་པ་ལས་མང་ཚོགས་དང་དཔོན་པོའི་བར་གྱི་བྲལ་ཐབས་མེད་པའི་འབྲེལ་བ་དེ་མཚོན་ཡོད་ལ། དེ་བཞིན་དེ་གཉིས་བར་གཅིག་ལ་གཅིག་བརྟེན་ཡིན་པའི་གནས་ལུགས་ཀྱང་བཤད་ཡོད།
          1.སྔར་ཡིན་ན་རྒྱལ་པོ་དང་དེང་དུས་ཡིན་ན་འགོ་ཁྲིད་བཟང་པོའི་ཡང་དག་པའི་སྲིད་སྐྱོང་གི་གཟི་འོད་ལས་མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་རྒྱུ་བཟང་ལས་མང་ཚོགས་ཀྱིས་ཀྱང་དྲིན་ལན་དྲིན་དུ་བསམས་ནས། འགོ་ཁྲིད་དེའི་མཐའ་འཁོར་དུ་བསམ་པ་རྣམ་དག་གིས་ལས་ཀ་བསྒྲུབས་པས། གོང་རིམ་དང་གཞི་རིམ་བར་ཞི་མཐུན་མཉམ་ལས་ཀྱི་འབྲེལ་བ་དམ་པོ་ཞིག་ཡོང་བ་འདི་ནི་ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་ཡིན་ཏེ། 《ཤིང་གི་བསྟན་བཅོས》ལས། "རྒྱལ་ངན་ཆབ་འབངས་གཟིར་བ་དེར། །ནམ་ཞིག་གཡོག་ཀྱང་འཁོར་མི་འགྱུར། །སྲན་ཕུང་དབྱུག་པས་གཏོར་ན་ཡང་། །དབྱུག་པའི་ངོས་ལ་འབྱར་མི་སྲིད། །བློན་དང་འབངས་ཀྱིས་མ་བཀུར་ན། །རྒྱལ་པོ་ཆེན་པོ་ཇི་ལྟར་གནས། །གདུང་མ་ཀ་བས་མ་བཏེགས་ན། །རྒྱལ་པོའི་ཕོ་བྲང་གང་ལས་འབྱུང་། །རྗེ་དཔོན་བཟང་པོའི་བཀའ་དྲིན་གྱིས། །གཡོག་འཁོར་མངའ་ཐང་དར་བར་འགྱུར། །"⑨ཞེས་པ་ལས་དོན་དེ་མཚོན་ཡོད་ལ། རྟོགས་བརྗོད་དུ། "ལྷ་གཅིག་ཁྱོད་ཀྱི་སྦྱིན་པའི་རྔ་ཆེན་དང་། །བསོད་ནམས་དཔལ་གྱིས་ཐོབ་པའི་མཐོ་བའི་རྒྱལ་མཚན་ནི། །སྲིད་པ་གསུམ་ན་ཉི་མ་བཞིན་དུ་གྲགས། །དེ་ལ་སུ་ཞིག་ཡ་མཚན་སྐྱེས་མ་གྱུར།" ཅེས་པ་ལས་ལུགས་མཐུན་གྱི་ཁྲིམས་ལུགས་ལྡན་པའི་རྒྱལ་ཁབ་གཅིག་གི་ངོས་ནས་བཤད་ན། དེའི་མང་ཚོགས་དང་གོང་རིམ་བར་གྱི་རྣམ་པ་གང་འདྲ་ཞིག་ཡོད་པ་ང་ཚོས་ཤུགས་སུ་རྟོགས་ཐུབ་པར་བཤད་ཡོད། 《ཤིང་གི་བསྟན་བཅོས》ལས། "ལྗོན་པའི་གྲིབ་བསིལ་ཀུན་ལ་སྙོམས། །ཉི་ཟླའི་སྣང་བ་ཀུན་ལ་སྙོམས། །སྤྲིན་གྱི་ཆུ་ཆར་ཀུན་ལ་སྙོམས། །རྒྱལ་པོའི་བཀའ་ཁྲིམས་ཀུན་ལ་སྙོམས། །"⑩ཞེས་པ་ལྟར། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན་སྲིད་ཁྲིམས་འཐུས་སྒོ་ཚང་པོ་ཞིག་ཡོད་ན། དེའི་མི་སེར་རྣམས་ལ་འདྲ་མཉམ་གྱི་ཚོར་བ་སྐྱེས་ངེས་ལ། དེ་ལས་རྒྱལ་ཁབ་དེའི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་ཡང་རྟོགས་ཐུབ།
          2.མིག་རྒྱང་རིང་པོ་དང་བློ་གྲོས་དང་ལྡན་པའི་འགོ་ཁྲིད་ཅིག་ཡིན་ན། དེས་རང་གི་མང་ཚོགས་ཀྱིས་ཤེས་ཡོན་སྦྱང་རྒྱུར་གཙིགས་ཆེན་བྱེད་པར་མ་ཟད། རྒྱལ་ཁབ་ཅིག་འཕེལ་རྒྱས་འགྲོ་བར་མང་ཚོགས་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པས། མང་ཚོགས་ལ་ཤེས་ཡོན་གྱི་ཆུ་ཚད་མཐོན་པོ་ཞིག་ལྡན་རྒྱུ་ནི་དེའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་ཡིན་པས། མི་དམངས་ཀྱི་བྱང་ཚད་མཐོ་བའི་རྐྱེན་ལས་རྒྱལ་ཁབ་དེ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། རྒྱལ་ཁབ་གཞན་གྱི་རྗེས་སུ་མི་ལུས་པའི་ཐབས་ཡག་ཤོས་ཤིག་ཏུ་བརྩི། དེ་ཡང་རྟོགས་བརྗོད་དུ། "དམ་པ་རྣམས་དང་ཕྲད་ན་ལེགས་བཤད་འཕེལ། །ཡིད་གཅུགས་གྱུར་པས་ཡོན་ཏན་བརྒྱ་ཕྲག་འཐོབ། །དེ་སླད་བདག་ཅག་སྐལ་བ་ལྡན་བྱའི་ཕྱིར། །ཆོས་ཀྱི་སྣང་བས་སྐྱེ་རྒུ་སྣང་བར་མཛོད།" ཅེས་གསུངས་པ་དང་། གཞན་ཡང་། 《ཁ་ཆེ་ཕ་ལུ》ལས། "བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། །རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད། །ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་པའི་རྒྱུད། །ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད།"11 ཅེས་པ་ལས་ཀྱང་འབངས་མི་སེར་སོགས་ཀྱིས་རིག་གནས་སྦྱོང་རྒྱུར་སྣང་ཆེན་བྱེད་དགོས་པའི་གནས་ལུགས་དེ་བསྟན་ཡོད།
          3.འགོ་ཁྲིད་ཅིག་གི་ངོས་ནས་བཤད་ན། རང་གིས་སྲིད་སྐྱོང་བའི་རྒྱལ་ཁབ་དེའི་སྲིད་ཇི་ལྟར་སྐྱོང་ལུགས་སྐོར་ལ་རྟོགས་བརྗོད་ནང་དུ། "ལྷ་གཅིག་ཕོ་བྲང་འཁོར་རྣམས་དང་། །འབྱོར་པས་ས་སྐྱོང་མཛེས་མིན་ཏེ། །ཆོས་དང་ལྡན་པའི་བཀའ་ཁྲིམས་ཀྱིས། །ཡུལ་འཁོར་ལེགས་སྐྱོང་རྒྱལ་པོའི་རྒྱན།" ཞེས་གསུངས་པ་དང་། 《ཁ་ཆེ་ཕ་ལུ》ལས། "དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས། །ནོར་རྫས་མཚམས་རེ་སོང་འགྲོ་མཚམས་རེ་ཡོང་། །ནོར་ལ་བསྐྱུར་བརླག་རྐུན་མས་འཁྱེར་བའི་ཉེན། །ཡོན་ཏན་རིན་ཆེན་འཛད་མེད་ཕུགས་ཀྱི་གཏེར། །"12ཞེས་པ་ལས་ཀྱང་རང་གི་མངའ་འོག་གི་མི་གྲངས་མང་ཉུང་དང་། དཔལ་འབྱོར་མངའ་ཐང་རྒྱས་མིན། དམག་ཤུགས་སྟོབས་ཆེ་མིན་སོགས་ནི་ཕྱིའི་རྣམ་པ་ཞིག་ལས་ཡང་དག་པའི་སྲིད་སྐྱོང་གི་དོན་དངོས་དེ་མཚོན་མི་ཐུབ་པས། དེས་ན་འགོ་ཁྲིད་ཚོས་སྲིད་ཁྲིམས་ལུགས་བཞིན་སྐྱོང་བའི་རྨང་གཞིའི་ཐོག་མང་ཚོགས་ཀྱི་སྐྱིད་སྡུག་ལ་སྣང་ཆེན་བྱས་ནས་རྒྱུན་དུ་མང་ཚོགས་ཀྱི་བསམ་བློ་རྟོགས་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། 《ཁ་ཆེ་ཕ་ལུ》ལས། "རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱན་ཆ་རེད། །ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན། །ཁྲིམས་འགོ་ནོན་ན་བསམ་དོན་ལྷུན་གྱིས་འགྲུབ། །"13ཅེས་གསུངས་པ་ལྟར། དེང་དུས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ནང་དུའང་དེའི་སྐོར་གྱི་ནང་དོན་མང་པོ་ཞིག་བཤད་ཡོད། དེ་ནི་རང་ཉིད་ཀྱིས་སྲིད་སྐྱོང་བའི་ནང་ནས་མང་ཚོགས་ཀྱི་འཚོ་བ་སོགས་ལ་ཐུགས་ཁུར་བྱེད་རྒྱུ་ནི་སྲིད་སྐྱོང་གི་ནང་ནས་ཡག་ཤོས་ཡིན་པའི་དོན་འདིར་བསྟན་ཡོད།
          ལྔ་པ། ཡོན་ཏན་གྱི་མཛེས་པ་ནི་སྤྱོད་ལམ་ཁྱད་འཕགས་ཤིག་ཡིན་པའི་ཚུལ་བསྟན་པ།
          ཡོན་ཏན་ནི་ཀུན་གྱི་རྩ་བ་ཡིན་པས། མི་ཞིག་ལ་རྒྱུ་དངོས་པོ་མང་པོ་མེད་ཀྱང་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན་ན། མི་དེ་ནི་ཚད་དང་མཐུན་པའི་མི་ཞིག་ཡིན། ཡང་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པ་མ་ཟད། ནོར་གྱིས་ཀྱང་ཕྱུག་པ་ཞིག་ཡིན་ན། དེ་བས་ལེགས་པོ་ཡིན་ཏེ། "བདུད་རྩིའི་ཟས་ལ་སུ་མི་སྲེད། །ལེགས་པར་བཤད་པ་སུ་མི་ལེན། །ནོར་གྱི་སྐྱེས་ནི་རབ་མང་ཡང་། །ཆོས་ཀྱི་སྐྱེས་དང་འཕྲད་པ་དཀོན།" ཞེས་པ་ལས་ནོར་ཡོན་ཏན་གཉིས་ཀ་ལྡན་ན་ཡག་པོ་ཡིན་པའི་དོན་བསྟན་པ་དེ་ནི་ཡང་རྩེའི་སྟེང་དུ་ཡར་སྒྲོན་ཞེས་པའི་དཔེ་ལྟར་མ་རེད་དམ།
          དྲུག་པ། ཚེ་སྲོག་བློས་གཏོང་ལ་བརྟེན་ནས་གཞན་དོན་བསྒྲུབ་རྒྱུའི་སྙིང་སྟོབས་བསྟན་པ།
          1.འཇིག་རྟེན་འདིའི་སྟེང་དུ་འཚོ་གནས་ཀྱི་མི་སུ་ཞིག་ལའང་ཆེ་ཆུང་ལ་མ་བལྟོས་པའི་དཀའ་ངལ་འཕྲད་སྲིད་པས། ང་ཚོས་རྒྱུན་དུ་དཀའ་ངལ་དེ་ལས་རྣམ་པར་རྒྱལ་ཆེད་དུ་རོགས་རམ་བྱས་ན། དེ་ནི་མིའི་རིགས་ཀྱི་སྤྱོད་ཚུལ་ལེགས་པོ་ཞིག་ཡིན་པའི་དོན་ལ་རྟོགས་བརྗོད་ལས། "སྐྱེས་བུ་དམ་པ་གང་གི་གྲིབ་མའང་འགོང་བར་མི་རིགས་པ། ཁྱེད་ཅག་གི་སྤུན་ཟླར་གྱུར་པ་ལ་སུ་ཞིག་གནོད་པར་བགྱི། །འདི་ཉིད་དུ་བཙོན་དུ་བཟུང་བ་ཐམས་ཅད་དང་བཅས་པ་བཏང་བར་བགྱིའོ། །"ཞེས་གསུངས་པ་ལས། སྤུན་ཉེ་ཕན་ཚུན་དང་གྲོགས་པོ་ཕན་ཚུན་མཛའ་གཅུགས་ཟབ་མོ་གང་འདྲ་ཞིག་ཡོད་མེད་ཀྱང་ཕྱོགས་སོ་སོར་དཀའ་ངལ་འཕྲད་དུས་གཞི་ནས་རྟོགས་ཐུབ་པ་ནི་ཚང་མས་ཤེས་ཐུབ། དེ་བཞིན་ཚིག་རྐང་འདིའི་ནང"བཟང་པོའི་རྗེས་ལ་ཇ་ཆང་དང་། །ངན་པའི་རྗེས་ལ་རྒྱུག་རྡུང་།" ཞེས་པའི་དཔེ་ལྟར་ནུ་བོ་གསུམ་པོའི་བཟང་པོའི་གཤིས་རྒྱུད་ཀྱི་གྲིབ་བསིལ་ལ་བརྟེན་ནས་ཕུ་བོ་གསུམ་རང་གི་ངན་སྤྱོད་ལས་བྱུང་བའི་འབྲས་བུ་བཙོན་ནང་དུ་སྡོད་དགོས་པ་སོགས་སྡུག་བསྔལ་གྱི་མནར་བའི་སྐྱེ་བོ་ཡོད་དོ་ཅོག་དེ་ལས་ཐར་བར་བྱེད་པའི་དོན་གཉེར་བ་དེ་ནི་གཅིག་ནས་སྤུན་མཆེད་ཡག་པོ་ཞིག་ཡིན་ལ། གཉིས་ནས་དེང་དུས་དངོས་པོའི་དཔལ་ཡོན་ཤིན་ཏུ་དར་བའི་སྤྱི་ཚོགས་འདིར་ནུ་བོ་གསུམ་ལྟ་བུའི་མི་མང་པོ་ཞིག་ཐོན་རྒྱུ་ནི་མི་ཚང་མའི་ཐུན་མོང་གི་རེ་འདུན་ཞིག་ཀྱང་ཡིན་སྲིད།
          2.ཕུ་བོ་གསུམ་ཆུ་བོ་ཆེན་པོའི་ནང་ཟགས་ནས་སྡུག་བསྔལ་གྱིས་བཟོད་ཐབས་བྲལ་བའི་དུས། ནུ་བོ་གསུམ་པོས་ཐེ་ཚོམ་མེད་པར་ཆུའི་ནང་མཆོངས་ནས་ཁོ་ཚོར་ཚེ་སྲོག་གཉིས་པ་སྦྱིན་པའི་སྤྱོད་ཚུལ་ལས་རྒྱུན་དུ་མི་ཕན་ཚུན་དབར་རོགས་རམ་བྱེད་དགོས་པར་མ་ཟད། ལྷག་དོན་དུ་དཀའ་ངལ་ཡོད་དུས་རང་གི་གཅེས་པའི་ཚེ་སྲོག་ཀྱང་བློས་གཏོང་དགོས་ཀྱང་རོགས་པ་བྱེད་རྒྱུ་འདི་ནི་ཚད་དང་ལྡན་པའི་མི་ལུས་རིན་ཆེན་ཞིག་ཡིན་པར་རྟོགས་བརྗོད་དུ། "ཐེ་ཚོམ་མེད་པར་བདག་ཉིད་ཆུའི་ནང་དུ་ཞུགས་ཏེ། ལུས་སྟོབས་ཆེན་པོས་དེ་དག་བཀག་ཅིང་བཟུང་ནས་འགྲམ་དུ་ཕྱིན་པར་བྱས་སོ"ཞེས་པ་ལས་རྟོགས་ཐུབ་ལ། དེ་ཡང་ཞི་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་དེ། ཞི་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང་གི་ཕྱོགས་གཅིག་ན་དཀའ་ངལ་ཡོད་ན། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་དགོས་པའི་གནས་ལུགས་དེ་མཚོན་ཡོད།
          གཞན་ཡང་ཀུན་སྤྱོད་བཟང་པོ་ཞེས་པ་འདི་གང་འདྲ་ཞིག་ལ་ངོས་འཛིན་མིན་དེ་ནི་ལྟ་ཚུལ་ཞིག་ཀྱང་ཡོད་སྲིད་པས། རང་ཉིད་ཀྱིས་དེར་གོ་བ་ལེན་སྟངས་ནི། མི་ཞིག་གིས་རང་གི་གྲོགས་དང་དགྲ་སུའང་གནོད་སེམས་ཡེ་ནས་མེད་པ་དང་། དབྱེན་སྦྱོར་དཀྲུག་ཤིང་གི་ཚུལ་མི་འཛིན་པ། གཞན་ལ་ཚིག་རྩུབ་མི་སྨྲ་བ། དུས་ནམ་ཡང་སེམས་ཅན་གཞན་གྱི་ཚེ་སྲོག་ལ་འཚེ་བ་མི་གཏོང་བར། དེ་ལས་ལྡོག་སྟེ། དེར་སྲུང་སྐྱོབ་བྱེད་རོགས་བྱེད་པ། འཇིག་རྟེན་པའི་ཕུན་ཚོགས་ལ་ཆོག་ཤེས་ཡོད་པ། རང་གི་ཁེ་ཕན་ལ་གནོད་པ་ག་ཚོད་ཡོད་ཀྱང་རྫུན་གྱིས་གཞན་ལ་མགོ་བསྐོར་མི་གཏོང་བ། གཞན་གྱི་རྒྱུ་ལ་ཧམ་བཟུང་མི་བྱེད་པ། དོན་མེད་ཀྱི་སྟོང་གཏམ་མི་སྨྲ་བར་གནས་ལུགས་ལྡན་པའི་ལེགས་བཤད་ཀྱིས་གཞན་ལ་བླང་དོར་གྱི་གནས་ལུགས་ལྡན་པའི་གཏམ་སྨྲ་བ། བྱ་ངན་སྤངས་ནས་བྱ་བཟང་ཁོ་ན་སྒྲུབ་མཁན་ཞིག་ལ་གོ་བར་སེམས། དཔེར་ན་རྩོམ་ཡིག་འདིའི་ནང་དུ་ཞིབ་འབྲི་བྱས་པའི་ནུ་བོ་གསུམ་ལྟ་བུའི་གཟུགས་བརྙན་དེ་ཡིན།
          བདུན་པ། སྐྱེ་བོ་དམན་པའི་རང་གཤིས་བསྟན་པ།
          《བོད་ཀྱི་ཉེ་རབས་རྩོམ་རིག》ལས། "སྔོན་ནས་ངན་གོམས་ཤས་ཆེ་བས། །དྲན་ཤེས་ཡང་ཡང་མ་བསྟེན་ན། །བྱ་བ་ངན་ལ་བློ་ཕྱོགས་པ། །ཙམ་གྱིས་དེ་ཡི་དབང་དུ་འགྲོ།"14 ཞེས་པ་ལས་སྐྱེ་བོ་ངན་པ་རྣམས་ནི་ཁོར་ཡུག་དེར་གནས་པའི་མི་གཞན་གྱི་སྤྱོད་ཚུལ་ཡག་པོ་ག་ཚོད་ཡོད་ཀྱང་། ཁོ་ཚོར་དེའི་ཤུགས་རྐྱེན་ཐེབས་ཀྱི་མེད་པར། དེ་ལས་ལྡོག་སྟེ་སྔར་གྱི་གོམས་འདྲིས་ཆེ་བའི་ངན་སྤྱོད་ཀྱི་ཆ་ཁོ་ན་ཞེན་པར་བྱེད་པའི་དོན་ལ་རྟོགས་བརྗོད་དུ། "བདག་ཅག་དུས་འདི་སྙེད་དུ་འགྲོགས་སུ་ཟིན་ཀྱང་ངེད་ཅག་གི་རང་བཞིན་ད་དུང་མི་ཤེས་སམ་ཅི། འཕྲལ་དུ་སྟོན་པའི་སྤྱོད་ཚུལ་ཉིད་ཀྱིས་ཀྱང་གོ་བར་སླ་བ་མ་ཡིམ་ནམ། གལ་ཏེ་ཐེ་ཚོམ་གྱི་ལིང་ཏོག་གིས་རྣམ་དཔྱོད་ཀྱི་མིག་བསྒྲིབས་པར་གྱུར་ན། མངོན་སུམ་དུ་བྱས་པའི་ཐུར་མས་རབ་རིབ་ཀྱི་སྐྱོན་བསལ་བར་བྱའོ"ཞེས་དང་། 《དགེ་ལྡན་ལེགས་བཤད》ལས། "བླུན་པོ་འཁོན་ནམ་མི་འཁོན་ཡང་། །ལེགས་པར་བཏུད་ན་རེངས་པ་སྟེ། །ཁྱི་ལུད་ཕུང་པོ་བཞུར་བ་ན། །དྲི་ངན་འབའ་ཞིག་བྱུང་ལ་ལྟོས། །"15 ཞེས་པ་སོགས་ལས་སྐྱེ་བོ་ངན་པའི་སྤྱོད་ཚུལ་དེ་གསལ་པོར་རྟོགས་ཐུབ།
          བརྒྱད་པ། ནད་ཀྱིས་མནར་བའི་མི་ནི་སྙིང་རྗེའི་ཡུལ་ལས་ཁྱད་གསོད་བྱ་ཡུལ་མིན་ཚུལ་བསྟན་པ།
          《མི་ཆོས་གནད་ཀྱི་ཕྲེང་བ》ལས། "རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང་། །གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད། །"16ཅེས་གསུངས་པ་ལྟར། རྟོགས་བརྗོད་ནང་བཟོད་པའི་ཕར་ཕྱིན་བཤད་དུས། སྐྱེ་བོ་ནད་ཀྱིས་མནར་བ་ཞིག་ལ་འཛིན་པའི་ལྟ་བ་མི་འདྲ་བ་གཉིས་ལས་མུན་པ་ཅན་དང་འདོད་ལྷའི་བུས་ནད་པ་རྣམས་ལ་ཡ་ང་སྙིང་རྗེའི་བསམ་པ་ཡོད་རྒྱུ་ལྟ་ཅི་རང་གི་སྣ་བཀབ་ནས་དེར་འགོངས་ནས་ཕྱིན་པ་དང་མཐོང་ཆུང་གི་སེམས་དེ་རང་བཞིན་དུ་སྐྱེས་ནས་མི་འདོད་པའི་ཚིག་མང་པོ་སྨྲས། དེ་ལས་ལྡོག་སྟེ་ལེགས་པའི་བློ་གྲོས་ཀྱིས་འགྲོ་བ་ཀུན་ལ་ནད་ཅེས་པ་དེ་ཕོག་སྲིད་པས་སྙིང་རྗེ་སྐྱེ་སའི་ཡུལ་ཡིན་ལུགས་བཤད་པར་རྟོགས་བརྗོད་དུ། "ངེད་ཀྱི་གནོད་པ་ཅི་ཡང་མ་བྱས་ན། །ཅི་ཕྱིར་ཁྱེད་ཅག་ངེད་ཀྱི་འཚོ་བ་གཅོད། །ངན་སྤྱོད་འདི་འདྲ་མཐོང་བས་མགྲིན་འཆུས་ཏེ། །རོ་བརྒྱ་ལྡན་པའང་སུ་ཡིས་ཟ་བར་ནུས། །"ཞེས་ནད་པ་རྣམས་མཐོང་དུས་བྱམས་སྙིང་རྗེའི་སེམས་སྐྱེ་རྒྱུ་ལྟ་ཞོག་རང་གི་ཁ་ཟས་ཀྱང་བཟའ་མི་འདོད་པར་སྐྱུག་པའི་སྣང་ཚུལ་བསྟན་པ་ལས། སྐྱེ་བོ་ངན་པའི་སྤྱོད་ཚུལ་དེ་དམར་རྗེན་དུ་མངོན་པར་བྱས་ཡོད་ལ། མཐོང་ཆུང་དང་ཁྱད་གསོད་བྱས་པའི་ཉེས་དམིགས་ཀྱང་བསྟན་ཡོད་དེ། 《ལུགས་གཉིས་ཀྱི་བསླབ་བྱ་རབ་གསལ》ལས། "དམན་ལའང་ང་རྒྱལ་བརྙས་བཅོས་དང་། །ཁྱད་གསོད་མི་བྱ་མདོ་སྡེ་ལས། །དགེ་སློང་དམན་ལ་བརྙས་བྱས་ན། །བསྐལ་པར་ཐར་བ་མི་འཐོབ་གསུངས། །"17ཞེས་གཞན་ལ་ཁྱད་གསོད་བྱེད་པ་ནི་ཐ་ཤལ་གྱི་སྤྱོད་ཚུལ་ཞིག་ཡིན་པར་བསྟན་ཡོད།
          རྟོགས་བརྗོད་དུ་གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས།"མཛེའི་ནད་གསོ་བའི་ཕྱིར། དགོས་པའི་དབང་གིས་འཛེམ་དོགས་མེད་པར་ཤུ་བས་བཀབ་པའི་རྨ་རྣམས་འཇིབས་པ་དང་། ཆུ་སེར་གྱི་རྒྱུན་ཞོ་ལྟར་འབབ་པས་ཁ་བཀང་བ་ཕྱིར་འཕོ་ཞིང་། དེའི་ཤུལ་དུ་སྨན་བཟང་པོ་སྦྱར་བ་བཏབ་ནས་ནད་ཀྱི་ཟུག་རྔུ་དག་ཞི་བར་བྱས།" ཞེས་པ་ལས་ནུ་བོ་ཚོས་ཡ་ང་བའི་གནས་མཐོང་དུས་སྐྱུག་བྲོ་དང་སུན་སྣང་སོགས་ཀྱི་བསམ་པ་ཡོད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་ནད་པའི་ལུས་སྟེང་གི་རྣག་ཁྲག་གིས་ཁེངས་པའི་རྨ་འཇིབས་པ་དང་སྨན་བཟང་པོ་བྱུགས་པ་ལ་སོགས་ཀྱི་སྤྱོད་བཟང་རྣམས་དེང་དུས་ཀྱི་སྨན་པ་ཚོས་ལག་ལེན་དངོས་ཀྱི་ནང་ལག་བསྟར་བྱས་ན་ད་གཟོད་ནད་ཀྱིས་མནར་བའི་ནད་པ་ལ་ནད་གསོས་པའི་བདེ་བ་དཔག་ཏུ་མེད་པ་སྦྱིན་མི་སྲིད་དམ།
          དགུ་པ། ཚུལ་མིན་སྤྱོད་པས་གཞན་རྒྱུ་ལོངས་སུ་སྤྱོད་མི་རུང་བའི་གནས་ལུགས་བཤད་པ།
          "ཕོ་བཟས་ནས་མི་ཕུང་ཉལ་ནས་ཕུང་། །ཕོ་ཉལ་བའི་རྗེས་ལ་ཤིག་རལ་པ་གཅིག"ཅེས་པའི་དཔེ་ལྟར་རྒྱུན་དུ་སྒྱིད་ལུག་ཁོ་ནས་ལས་ཀ་མ་བྱས་ན། ནམ་ཞིག་རྐུན་མའི་སྤྱོད་ངན་སྤེལ་དུས་རང་གི་གཅེས་པའི་ཚེ་སྲོག་དེ་ཡང་ཤོར་སྲིད་པས། རྒྱུན་དུ་ཁྲིམས་དང་མཐུན་པའི་ལས་ཀ་བྱེད་དགོས་ལུགས་བསྟན་པར《མི་ཆོས་གནད་ཀྱི་ཕྲེང་བ》ལས། "རང་ཉིད་ནོར་ལ་ཆགས་ཞེན་ཆེ་ན་ཡང་། །གཞན་གྱི་ནོར་ལ་ཧབ་ཤ་ཆུང་བར་མཛོད། །"18ཅེས་དང་། རྟོགས་བརྗོད་དུ། "དེ་ལྟར་ཆོམ་རྐུན་དེ་དག་གིས་གཞོན་ནུ་གསུམ་གྱི་གོས་དང་རྒྱན་ལ་སོགས་པ་བདོག་པ་ཐམས་ཅད་ཕྲོགས་ཤིང་། ལུས་བྲམ་ཟེའི་རལ་པ་ལྟར་བཅིངས་པས་ཆོ་ངེ་སྣ་ཚོགས་འདེབས་པར་བྱེད་དོ"ཞེས་པ་ལས་རྐུ་མ་ལ་རྐུ་མ་ཤོར་ཞེས་པའི་དཔེ་བཞིན་བྱ་བ་ངན་པ་རྩོམ་མཁན་ལ་ལམ་འགྲོ་མི་ཡོང་བར། དེ་ལས་ལྡོག་སྟེ་སྲོག་ཀྱང་དོར་བའི་ངན་འབྲས་ཡོང་བའི་གནས་ལུགས་དེ་ཤུགས་སུ་གོ་བས། ང་ཚོས་རང་གི་ལག་གཉིས་ལ་བརྟེན་ནས་རང་གི་འཚོ་བའི་གནས་བབ་ལ་འགྱུར་བ་གཏོང་བ་ལས། ལམ་ཡང་དག་མིན་པ་སྟེ་ཁྲིམས་འགལ་གྱི་ལས་ཀ་བརྩམས་པ་ལས་ཐོབ་པའི་འབྲས་བུར་སྤྱད་ན་ནམ་ཞིག་རང་ཉིད་རང་གིས་བརླག་པར་ཐེ་ཚོམ་མེད་པའི་དོན་བསྟན་ཡོད།
          མདོར་ན། 《གཞོན་ནུ་དྲུག་གི་རྟོགས་བརྗོད》ནང་བཤད་པའི་བཟང་པོའི་མིག་དཔེ་བལྟ་ས་ནུ་བོ་གསུམ་གྱིས་ཚབ་མཚོན་བྱས་ཡོད་པས། དེང་གི་སྤྱི་ཚོགས་འདིའི་ཐོག་ཏུ་མི་གཞན་ལ་ཁ་ཞེ་གཉིས་མེད་ཀྱིས་ཁོ་ཚོའི་འཚོ་བའི་ཐད་ལ་རོགས་རམ་བྱེད་པ་་མ་ཟད། ལྷག་དོན་དུ་མི་རྣམས་ལ་ལམ་ཡང་དག་གི་ཕྱོགས་སུ་ཁྲིད་ནས་ཁོ་ཚོར་ལུས་སེམས་གཉིས་ཀྱི་བདེ་བ་ཚད་མེད་སྦྱིན་མཁན་གྱི་སྐྱེས་བུ་ཡང་ཡོད་པའི་དོན་འདི་བསྟན་ཡོད་ལ། ཕུ་བོ་གསུམ་ལྟ་བུའི་མི་ངན་པ་ཡང་མང་དག་ཅིག་ཡོད་པས། ང་ཚོས་ཕུ་བོ་གསུམ་གྱི་སྤྱོད་ཚུལ་འཛིན་མཁན་གྱི་མི་ལ་དུས་ནམ་ཡང་མིག་དཔེ་མི་བལྟ་བར། དེ་ལས་ལྡོག་སྟེ་ཁོ་ཚོའི་སྤྱོད་པར་ཟུར་ཟ་དང་སུན་འབྱིན་བྱེད་དགོས་པའི་དོན་ཡང་བསྟན་ཡོད།
          མཆན་འགྲེལ།
          ①②④⑨⑩17གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། བར་ཆ། .མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1399-13400,1398-1399,1399,1394-1395,1395-1396,95.
          ③14བསོད་ནམས་ཆོས་འཕེལ་དང་ཀརྨ་འཕྲིན་ལས། བོད་ཀྱི་ཉེ་རབས་རྩོམ་རིག སྨད་ཆ། .བོད་ལྗོངས་སློབ་ཆེན་དཔེ་སྐྲུན་ཁང་། 53,54.
          ⑤པདྨ་ཚེ་རིང་གིས་བརྩམས། སེམས་ཁམས་གསོ་བའི་བདུད་རྩི། .ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010:32.
          ⑥⑧111213ཁ་ཆེ་ཕ་ལུ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:15,10,24,24,1-10.
          ⑦1618བྱ་གཞུང་དབྱང་བྷ། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་བརྩམས་ཆོས་གཅེས་བསྡུས། .བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013:193,193,193.
          15བསོད་ནམས་གྲགས་པས་བརྩམས། དགེ་ལྡན་ལེགས་བཤད། .བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:150.
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716