སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་སྤྱིའི་གར་སྟེགས་སུ་གོམ་སྟབས་བསྒྱུར་བའི་སྒྱུ་རྩལ་གྱི་དྭངས་མ།
སྤེལ་དུས། 2016-09-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྐྱ་རེངས།
____གཅན་ཚའི་མདའ་རྩལ་རགས་བཤད།
          གཅིག སྤྱིར་བོད་གངས་ཅན་ལྗོངས་སུ་མདའ་རྩེད་དར་ཚུལ་སྐོར་རགས་ཙམ་གླེང་བ།
          སྤྱིར་བོད་གངས་ཅན་གྱི་ལྗོངས་སུ་མདའ་རྩལ་དར་ཚུལ་གྱི་གླེང་ཕྱོགས་ཐད་གཅིག་མཐུན་གྱི་ལྟ་ཚུལ་ནི་གནོད་སྦྱིན་དང་པོའི་དུས་ཡིན་པར་འདོད་པ་འདི་ཉིད་རེད། དེ་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བར་སྤོབས་པའི་གཟེངས་མཐོ་བའི་དཔའ་བོའི་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དང་པོ་གནོད་སྦྱིན་ནག་པོའི་དབང་བྱས་ཏེ།། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བཏགས།། མཚོན་ཆ་མདའ་གྲི་དེ་ཡི་དུས་སུ་བྱུང་།།ཞེས་པའི་གཅིག་མཐུན་གྱི་ལྟ་ཚུལ་འདི་ཉིད་རེད། ཡིན་ནའང་འདི་ལའང་དཔྱད་པར་བྱ་བའི་གནས་འདི་ལྟར་ཡོད་སྟེ། ང་ཚོས་མདའི་རིག་གནས་ཀྱི་འཕེལ་རྒྱས་ཆོས་ཉིད་ལ་དབྱེ་ཞིབ་བྱེད་དུས། ཆེས་ཐོག་མའི་རི་དྭགས་རྔོན་བྱེད་ཀྱི་ལག་ཆ་ནས་བར་དུ་དགྲ་འདུལ་གཉེན་སྐྱོང་གི་མཚོན་ཆ། དེ་ནས་ད་ལྟའི་དུས་ཀྱི་ཆོས་ལུགས་དང་ཆོ་ག དད་མོས་སོགས་རིག་གནས་ཀྱི་སྲོག་ཞུགས་པའི་སྲོལ་རྒྱུན་གྱི་རྩེད་མོའི་རྣམ་པ་ཅན་ཞིག་ཏུ་གྱུར་བ་རེད་ཅེས་འཕེལ་རྒྱས་ཀྱི་དུས་རིམ་གསུམ་བརྒྱུད་པར་ངོས་འཛིན་གནང་བཞིན་ཡོད་པ་རེད། ཡིན་ནའང་གནོད་སྦྱིན་ནག་པོའི་དུས་སུ་བྱུང་བའི་མདའ་ནི་དུས་རིམ་གཉིས་པ་སྟེ་དགྲ་འདུལ་གཉེན་སྐྱོང་གི་མཚོན་ཆའི་རིགས་སུ་གནས་པའི་མདའ་ཡིན་པས་ན། སྤྱིར་བོད་གངས་ཅན་གྱི་ལྗོངས་སུ་མདའ་དུས་སྐབས་འདིར་བྱུང་བར་བྱས་ན་ནི་ཡིད་རྟོན་འཕེར་བའི་གནས་སུ་འཁུམ་མོ།
གཉིས། བྱེ་བྲག་གི་ཕ་ཡུལ་གཅན་ཚའི་ཡུལ་དུ་མདའ་རྩེད་དར་ཚུལ་སྐོར་གླེང་བ།
          ཉེ་བའི་ལོ་འདི་འགའི་རིང་ལ་ཀྲུང་གོས་མི་རིགས་སྲོལ་རྒྱུན་རིག་གནས་སྲོང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་ཤིག་ལག་བསྟར་བྱས་པས། ཕ་ཡུལ་གཅན་ཚ་རྫོང་ལ་བསྟུད་མར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཕ་ས་དང་། ཀྲུང་གོའི་མདའ་རྩེད་ཀྱི་ཕ་ས་སོགས་མིང་གི་ཆོ་ལོ་སྣ་མང་ཞིག་བསྩལ་བྱུང་ལ། དེ་དང་བསྡོངས་ནས་གཅན་ཚའི་ཡུལ་དུ་དར་ཆེ་བའི་མདའ་རྩལ་གྱི་ཁྱད་ཆོས་དང་དར་ཚུལ། འཕེལ་རྒྱས་སོགས་ཀྱི་ཐད་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པའང་ལྟོས་བཅས་ཀྱིས་མང་ཙམ་གདའ། དེ་ན་བདག་གི་རྩོམ་ཐུང་འདི་ལྟ་བུར་མཚོན་ན་ལུས་མགོ་མི་ཤོང་སར་ལུས་འཚང་བའི་དཔེ་རུ་འགྱུར་ཉེན་ཆེ་མོད།འོན་ཀྱང་མཁས་པ་དག་གི་ཞིབ་འཇུག་གི་ཁྲོད་མི་འདང་སར་ཁ་སྐོང་དང་། མི་འཐད་སར་ལྟ་ཚུལ་ཕྲན་བུ་ཞིག་གི་ཟུར་བརྒྱན་འབྲི་བའི་ཁུལ་བགྱིས་པ་ཡིན།
          སྤྱིར་ཕ་ཡུལ་གཅན་ཚའི་ཡུལ་དུ་མདའ་རྩལ་དར་ཚུལ་གྱི་གླེང་ཕྱོགས་ཐད་འདོད་པ་མི་མཐུན་པ་མང་དུ་སྣང་ལ། དེ་དག་མདོར་དྲིལ་ན་དཔྱད་པ་མི་མཐུན་པ་གསུམ་དུ་བཀར་ཆོག་པར་སྙམ་སྟེ། ལ་ཤས་ཤིག་གིས་གླིང་རྗེ་གེ་སེར་རྒྱལ་བོས་མཐའ་འདུལ་ཡང་འདུལ་གྱི་དམག་འཁྲུག་རྒྱ་བསྐྱེད་པའི་སྐབས་སུ་ཕ་ཡུལ་གཅན་ཚའི་ཡུལ་དུ་མདའ་རྩལ་དར་བར་གླེང་གིན་ཡོད་ལ། དེའི་ལོ་རྒྱུས་ཀྱི་སྒྲུབ་བྱེད་དུ་གཅན་ཚའི་ཉིན་ཕྱོགས་སུ་ཡོད་པའི་གེ་སེར་རྟ་རྗེས་འགོད་ཀྱིན་པ་མཐོང་། ཡང་ཁ་ཤས་ཤིག་གིས་ལྷ་སྲས་འུ་དུམ་བཙན་པོའི་བསྟན་བསྣུབས་ལྕགས་བྱའི་རྗེས་སུ་བཙན་པོ་བཀྲོངས་མཁན་གྱི་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་བཀྲོངས་བྱེད་ཀྱི་མདའ་གཞུ་གཅན་ཚའི་ལོ་རྡོ་རྗེ་བྲག་དུ་སྦས་པ་ནས་བཟུང་གཅན་ཚའི་ཡུལ་དུ་མདའ་རྩལ་དར་བར་བཤད་ཀྱིན་ཡོད་ལ། དེའི་ལོ་རྒྱུས་ཀྱི་སྒྲུབ་བྱེད་དུ་གཅན་ཚའི་ལོ་རྡོ་རྗེ་བྲག་འགོད་ཀྱིན་པ་མཐོང་། ཡང་འགའ་ཤས་ཤིག་གིས་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་གཅན་ཚའི་ཡུལ་དུ་མདའ་རྩེད་དར་བར་གླེང་བཞིན་འདུག དེ་ན་ང་རང་ཉིད་ཀྱི་བླུན་པོའི་བློས་དཔྱད་པ་རེ་གཏོང་ཁུལ་བྱས་ན། བཤད་ཚུལ་ཕྱི་མ་སྟེ་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་གཅན་ཚའི་ཡུལ་དུ་མདའ་རྩེད་དར་བར་གླེང་བའི་བཤད་ཚུལ་འདི་དག་པར་མཐོང་།རྒྱུ་མཚན་ཅིའི་ཕྱིར་ཞེས་ན་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་བོད་འདི་ཆབ་སྲིད་དང་དམག་དོན། དཔལ་འབྱོར་དང་རྒྱལ་ཁོངས་སོགས་ཕྱོགས་གང་གི་ཆ་ནས་ཀྱང་སྐབས་དེའི་ཉེ་མཚེས་རྒྱལ་ཁབ་དག་དང་འགྲན་ཕོད་པའི་དཔའ་སྤོབས་མངའ་ཞིང་། དེའི་མཁར་ཁོ་ཚོའི་ཤེས་རབ་ཆེན་པོའི་རྩལ་དང་སྙིང་སྟོབས་ཆེན་པོའི་དཔའ་ལ་བརྟེན་ནས་ཉེ་མཚེས་རྒྱལ་ཁབ་དག་དང་འགྲན་པའི་ཟླ་དང་གཉེན་གྱི་བསྐལ་དུ་གྱུར་བ་དེ་རེད། དེའི་སྟབས་ཀྱིས་སྐབས་དེའི་བོད་འདི་ལའང་བོད་དམག་དོན་གོང་མའི་རྒྱལ་ཁབ་ཅེས་པའི་མཚན་སྙན་གྱི་བ་དན་སྲིད་གསུམ་ས་ནས་གཡོས་མྱོང་བ་ཚང་མའི་དར་ལུང་རྣ་བའི་གོ་ཚོད་དུ་གདའ། རྒྱུ་མཚན་དེ་ལ་བརྟེན་ནས་སྐབས་དེའི་དམག་དོན་ལམ་ལུགས་ལའང་སྐྱ་དམག་དང་རྐང་དམག མདའ་མཚོན་རུ་ཁག་དང་མདུང་མཚོན་རུ་ཁག་སོགས་ཀྱི་དམག་གི་སྒྲིག་གཞི་ཞིབ་ཚགས་ཤིག་ཡོད་པ་རེད།དེ་ལྟ་ན་སྤྱིར་སྐབས་དེའི་མདོ་སྨད་ས་ཆ་འདི་ས་མཚམས་སུ་ཁེལ་ཡོད་ལ།དེའི་ནང་ནས་ཀྱང་ད་ལྟའི་གྲོ་ཚང་ས་ཆ་དང་གཅན་ཚ་ཉིན་སྲིབ་གཉིས་ནི་མཐའ་མཚམས་ཀྱི་གནད་འགག་ས་ཆར་གཏོགས་པས་ན་མདའ་མཚོན་རུ་ཁག་གི་གྲས་སུ་ཡོད་པ་རེད། དེ་ལྟ་ན་གཅན་ཚའི་ཡུལ་དུ་དེ་ཆེ་བའི་མདའ་རྩེད་འདིའང་བོད་བཙན་པོའི་རྒྱལ་རབས་སྐབས་སུ་དར་བ་ཤིན་ཏུ་མངོན་གསལ་རེད། འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ་ད་ལྟའི་གཅན་ཚ་ནི་བཅིངས་གྲོལ་བྱས་རྗེས་ཚུན་ཆད་ཀྱི་གཅན་ཚའམ་ད་ལྟའི་གཅན་ཚ་སྲིབ་ཕྱོགས་ཁོ་ནར་མ་གཏོགས་གོ་གིན་མེད་པ་རེད། ཉིན་གྱི་ཕྱོགས་ད་ལྟའི་དཔའ་ལུང་རྫོང་ཡིན། ད་ནི་ཤེས་འདོད་ཀྱི་བློས་ཀུན་ནས་ཕྱུག་པའི་སློབ་གྲོགས་རྣམ་པའི་སྙན་ལམ་དུ་གཅན་ཙའི་མདའ་རྩེད་འདི་ཆེས་ཐོག་མར་ངོ་སྤྲོད་ཞིག་བྱེད་པ་ལ།
          དང་པོ།  མདའ་འཕེན་པའི་སྔོན་འགྲོ་གླེང་བ །
          ད་ལྟའི་མདའི་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་བཞིན་པའི་མཁས་པ་མང་པོ་ཞིག་གི་བསམ་དོན་ལ་མདའ་འཕེན་པའི་སྔོན་འགྲོ་ནི་ཆོ་ག་ཡིན་པར་གསུངས་པ་ལ་འཐད་པར་མི་མཐོང་ངོ་། རྒྱུ་མཚན་ཅི་ཞིག་ལ་ཞེས་ན། མདའ་རྩེད་ཀྱི་བྱ་འགུལ་འདི་མ་སྤེལ་བའི་སྔོན་ལ་བ་བསྐལ་དགོས་པའི་ཕྱིར་རོ། འོ་ན་བ་བསྐལ་ཞེས་པ་ཅིའི་དོན་ཡིན་ཞེས་ན། སྡེ་བ་ག་གེ་མོ་ཞིག་ལ་ལོ་གཅིག་གི་ནང་དུ་མི་ཤི་བ་སོགས་ཀྱི་བཀྲ་མི་ཤིས་པའི་དོན་བྱུང་ཚེ་བ་བསྐལ་མེད་པ་དང་། དེ་ལྟ་བུའི་དོན་མ་བྱུང་བར་ལོ་དེའི་ནང་མི་རྣམས་ཁ་བྲོ་བཀྲ་ཤིས་ཀྱིས་མི་སྡུག་པའི་དོན་ཅི་ཡང་མ་བྱུང་བར་བསྡད་ཚེ་མདའ་འཕེན་ཆོག་པ་རེད། མདོར་དྲིལ་ན་བ་བསྐལ་ཡོད་མེད་ནི་མདའ་རྩེད་བྱེད་ཆོག་མིན་ཐག་གཅོད་བྱེད་སྤྱད་ཀྱི་དབང་ཆ་གལ་ཆེན་ཞིག་དང་སྔོན་འགྲོ་གལ་ཆེན་ཞིག་ཡིན་པས་སྔོན་དུ་སོང་ཟིན་པའི་མདའི་རིག་གནས་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་མང་པོ་ཞིག་གིས་མདའ་འཕེན་པའི་སྔོན་འགྲོ་ནི་ཆོ་ག་ཡིན་པར་གསུངས་པ་ནི་མ་བརྟག་མ་དཔྱད་པའི་ཚིག་ཙམ་དུ་ཟད་དོ།
          གཉིས་པ།  མདའ་འཕེན་པའི་དུས་དང་གནས་བཤད་པ།
          སྔོན་ཆད་ཡིན་ན་དབྱར་དགུན་གཉིས་སུ་མདའ་འཕེན་པའི་སྲོལ་འདུག་པ་རྒན་རབས་པ་དག་གི་ངག་ནས་རྒྱུན་དུ་ཐོས་རྒྱུ་འདུག་མོད་ཀྱང་། ཡིན་ནའང་ད་ལྟ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་དབྱར་ཁར་མདའ་རྩེད་བྱེད་པའི་སྲོལ་འདི་ཡོངས་སུ་ཉམས་འདུག  རྒྱུ་མཚན་ནི་མདོ་དབུས་མཐོ་གཞོང་འདིར་དབྱར་ཁར་ཚ་གྲངས་སྙོམས་པའི་རྐྱེན་གྱིས་ཞོར་ལས་སོགས་སུ་འགྲོ་བའི་དུས་དང་འཚམ་པས་མི་རྣམས་ཁོམ་ལོང་བྲལ་བས་དབྱར་ཁར་མདའ་རྩེད་བྱེད་པའི་སྲོལ་འདི་ཉམས་པ་དང་། དགུན་ཁ་ཡིན་ན་གྲང་ངར་ཆེ་བའི་རྐྱེན་གྱིས་ཕྱི་རོལ་དུ་ཞོར་ལས་སོགས་སུ་འགྲོ་བའི་དུས་དང་མི་འཚམས་པས་དགུན་ཁར་མདའ་རྩེད་བྱེད་པའི་སྲོལ་འདི་ད་ལྟ་ལ་ཐུག་གི་བར་དུ་མ་ཉམས་གོང་འཕེལ་ཏུ་འགྲོ་བཞིན་པ་འདི་རེད། སྤྱིར་མདའ་རྩེད་འདི་རོང་ཕྱོགས་སུ་དར་ཁྱབ་ཆེ་བའི་རྐྱེན་གྱིས་མདའ་འཕེན་སའི་གནས་ཀྱང་ཅུང་ཟད་ཁོད་ཡངས་ཤིང་རྒྱ་ཆེ་བའི་ཞིང་སའི་སྟེང་ཡིན་ལ། ཅུང་ཟད་ཁོད་ཡངས་ཤིང་རྒྱ་ཆེ་བ་ཞིག་མ་ཡིན་ཚེ་ལྟད་མོར་གཟིགས་མཁན་དང་མདའ་རྩེད་བྱེད་མཁན་གཉིས་མི་ཤོང་བའི་ཕྱིར་རོ།
          གསུམ་པ། མདའ་ཞེས་པ་ངོ་སྤྲོད་མདོར་བསྡུས །
          ད་ལྟ་དར་མ་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་མདའ་ལ་གསོམ་མདའ་དང་སྨྱུག་མདའ། དེང་རབས་ཀྱི་ལྕགས་མདའ་བཅས་གསུམ་དུ་འདུ་ལ། གསོམ་མདའ་ནི་ཤིང་གསོམ་པའི་བཟོས་པའི་མདའ་ལ་ཟེར་བ་དང་། སྨྱུག་མདའ་ནི་སྨྱུག་མ་དྲང་བོ་ཐ་ན་ཚིགས་ཀྱང་མེད་པ་དེ་དག་གིས་བཟོས་པའི་མདའ་ལ་བྱ། ལྕགས་མདའ་ད་ལྟ་མཐོང་རྒྱུ་མང་བས་འདིར་ངོ་སྤྲོད་མི་བྱེད་པར་བྱའོ།
          བཞི་པ། མདའི་སྟེང་གི་སྒྲོ་ཅུང་ཟད་བཤད་པ །
   སྤྱིར་མདའི་སྟེང་གི་སྒྲོ་ལ་སུམ་བསྟོད་དང་བཞི་བསྟོད་གཉིས་སུ་འདུ་ལ།ཅུང་ཟད་དར་ཆེ་བ་ནི་བཞི་བསྟོད་རེད། སྒྲོའི་དབྱེ་བ་ལ་རྒྱུན་དུ་རྒོད་སྒྲོ་དང་ཁྲ་སྒྲོ  གླག་སྒྲོ་གསུམ་བསྟོད་པ་དར་ཆེ་མོད་སྐབས་འགར་འུག་སྒྲོ་བསྟད་ཡོད་པའང་ཅུང་ཟད་སྣང་ངོ་།
          ལྔ་བ། འབེན་འདྲ།
          འབེན་འདྲ་ཞེས་པ་ནི་འབེན་དང་འདྲ་བ་ཞེས་པའི་ཚིག་ཉུང་འཕྲི་བྱས་པ་ཡིན་ལ། འདིར་འབེན་ཞེས་པ་ནི་དམིགས་སུ་བཟུང་བྱའམ་དམིགས་བྱའི་དོན་ལ་འཇུག་པ་དང་། འདྲ་ཟེར་དུས་དམིགས་སུ་བཟུང་བྱ་དེ་དང་འདྲ་བའི་སའི་བརྩིགས་པའི་ཟུར་གསུམ་དབྱིབས་ཅན་གྱི་ས་འབུར་དེ་ལ་བྱའོ།
          དྲུག་པ། རྒྱ་མ།
          འབེན་འདྲའི་དབུ་རྩེར་ཡོད་པའི་རྩི་ཏོག་ཐུང་ཐུང་ཞིག་གི་མིང་སྟེ། འབེན་འདྲའི་སྟེང་གི་མདའ་མཐོ་དམན་འབྱེད་སྐབས་ཚད་གཞིར་འཇོག་བྱེད་ཅིག་ཡིན།
          གསུམ། མཇུག་བསྡུ་བའི་གཏམ།
          སྤྱིར་མདའ་རྩེད་འདི་ངོ་སྤྲོད་བྱེད་པ་ལ་འདི་ཙམ་གྱིས་འཐུས་པ་ཞིག་རྩ་བ་ནས་མིན་སྟེ། རྒྱུ་མཚན་ནི་ད་དུང་ས་མདའ་དང་འཁོར་ཚུལ། རྩི་ཐིགས་སོགས་ཀྱི་མཚོན་པའི་གནད་མང་པོ་ཞིག་ངོ་སྤྲོད་བྱས་མེད་མོད། འོན་ཀྱང་འདི་ནི་རགས་བཤད་ཙམ་དང་སྤྱི་བཤད་ཙམ་དུ་ངེས་པས་ན་འདི་ཙམ་གྱིས་འཐུས་པར་བྱས་སོ།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716