སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་དམངས་སྲོལ་ལས་ལབ་ཙེའི་བྱུང་འཕེལ་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2017-09-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མི་གསལ།
          ལབ་ཙེའི་སྲོལ་འདེའི་བྱུང་ཚུལ་ཐད།   ད་སྔ་བརྗོད་སྲོལ་མི་མཐུན་པ་འགའ་མཆིས་ཏེ།  ལ་ལས་འདི་ཉིད་ཞང་སྐད་ཡིན་ཞིང་ལམ་རྟགས་ལས་འགྱུར་བར་བཤད་པ་དང་།  ལ་ལས་གཡུལ་དུ་ཤི་པའི་དཔའ་བོའི་རིགས་ལ་མྱ་ངན་དང་རྗེས་དྲན་གྱི་ཚུལ་དུ་མདའ་གྲི་མདུང་གསུམ་བཙུགས་ཏེ་དར་བར་བཤད་པ་དང་།    ཡང་ལ་ལས་སྔོན་གྱི་རྒྱ་གར་གྱི་ཕྱི་རོལ་བའི་མཆོད་སྲོལ་ཞིག་ལས་དར་བ་དང་།   ད་དུང་རེ་འགས་ས་ཐོ་ལས་འགྱུར་བར་བཤད་པ་སོགས་སྣ་ཚོགས་མཆིས་མོད།   ང་ཚོའི་ད་ལྟ་ལབ་ཙེ་བསྟོད་པའི་དགོས་པ་དང་དེའི་བསྟོད་ཚུལ།   དེ་ལས་འཕྲོས་པའི་གནའ་བོའི་མི་རིགས་ཀྱི་འདུ་ཤེས་སོགས་ལ་ཞིབ་ཏུ་དཔགས་ན་དེ་ནི་ཆེས་གནའ་བོའི་དུས་སུ་གནམ་ས་བར་སྣང་དང་བཅས་པར་ལྷས་ཁྱབ་ནས་ཡོད་པ་དང་།   གང་དུ་ལྷ་ཡོད་པར་ངོས་འཛིན་པའི་དུས་དེ་ཙམ་ནས་རིམ་བཞིན་དར་བ་ཞིག་ཡིན་པར་གདོན་མི་ཟ་སྟེ།   ཐུན་མིན་གྱི་འཚོ་བའི་ཁོར་ཡུག་ནང་གནས་པའི་རང་ཅག་གི་མེས་པོ་གོང་མ་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་རང་བྱུང་གི་སྣང་ཚུལ་དང་འཚེ་བ་སྣ་ཚོགས་ཏེ་ཉི་ཟླའི་འཆར་ནུབ་དང་།  སའི་གཡོ་འགུལ་གློག་འགྱུ་ཐོག་རྒྱག   སྐྱེ་རྒ་ན་འཆི་སོགས་ལ་ཁ་ལོ་བསྒྱུར་མཁན་གྱི་བདག་པོ་ཞིག་ཡོད་པར་སྙམ་སྟེ།  རང་བྱུང་ལས་འདས་པའི་སྟོབས་ཤུགས་དེ་ལ་གསོལ་མཆོད་རྙེད་བཀུར་བྱས་ན་རང་ཉིད་ཀྱི་སྐྱབས་གནས་དཔུང་རོགས་སུ་འོང་བར་བསམ་པ་དང་།  དེ་དག་ལ་འཚེ་བའི་ལས་བྱས་ཚེ་བགེགས་བར་སྣ་ཚོགས་ཡོང་ངེས་པའི་འདུ་ཤེས་བཅངས་ཡོད།   མ྇ཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ཡི་ནང་གསལ་སྟོད་ལྷ་རབས་སམ་ཡོ་ག་ལྷ་གྱེས་ཅན་གྱི་གཞུང་ལས་ལུང་དྲངས་པ་ལྟར་ན།   “དང་པོ་བསྐལ་བ་བར་བསྐལ་སྲིད་པ་མ་སྲིད་ཙམ་ན།   ཕྱ་ཡེ་མཁྱེན་པོ་བྱ་བ་གཅིག་སྲིད་པ་ཕྱ་ཡིས་བསྐོར་ཏེ་བྱུང་།   དེ་ལས་ཁོ་མ་འབྲོ་རྗེའི་ལེགས་པའི་སྡེ་དྲུག་ཅེས་པ་གཅིག་སྲིད།   དེའི་ཞལ་གྱི་ངད་སྤྱན་གྱི་སྒྲོལ་མ།     དབུ་སྐྲ་ཕྱར་ཕྱོར་ཙམ་གཅིག་པ་གནས་པ་སྟེ།   གནམ་ས་ཆ་མ་ཕྱེད་ཀྱི་བར་དུ་ཕུ་བཏབ་པས།    གནམ་ས་ཆ་ཕྱེད་དེ་གནམ་རིམ་པ་བཅུ་གསུམ་ནི་ཁང་རིམ་ཁང་དུ་ཡས་ཕུབ།   ས་རིམ་པ་བཅུ་གསུམ་ནི་གདམ་རིམ་གདན་དུ་མས་བཏིངས”ཞེས་གནམ་ས་གའུ་ཁ་སྦྱོར་ལྟ་བུའི་གནམ་སའི་ནང་རིམ་པར་སྲིད་པའི་ལྷ་རབས་མཆེད་བཞི་འཁྲུངས་པ་དྲངས་ཐོག     དེ་བཞི་ལྷ་ཡུལ་དང་མི་ཡུལ་གང་དུ་སྡོད་པར་ཤོ་བཏབ་པས།     རྒྱ་ལ་འབྲོང་ནམ་འོ་དེ་གུང་རྒྱལ་གཉིས་ཕམ་སྟེ།   འོ་དེ་གུང་རྒྱལ་ནམ་མཁའ་འཕྲུལ་ཙམ་ན་བཞུགས་དུས་གནམ་གྱི་ཐང་ང་དགུ་དང་བཤོས་པའི་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ།     ཆར་བབས་པའི་གྲངས་ལས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད་ཟེར།   བར་སྣང་ལ་བཞུགས་དུས་བར་གྱི་ཐང་ང་དགུ་དང་བཤོས་པའི་སྲས་རི་རབ་གྱི་རྡུལ་ཕྲན་བས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད།  ས་འོག་ལ་གཤེགས་པའི་ཚེ་མི་མངས་ཀྱི་ལྷར་གཤེགས།  ལྷ་དགུའི་ཡབ་ལགས་སོ་ཞེས་པ་ལྟར་སྐབས་དེ་དུས་ནས་གནམ་ས་བར་སྣང་ཀུན་ཏུ་མི་ལས་འདས་པ།    རང་བྱུང་ལས་འདས་པའི་སྟོབས་ཤུགས་མངའ་བའི་ལྷ་ཡོད་པར་འདོད་པའི་བསམ་ཚུལ་ལྷག་གེར་མཚོན་ཞིང་།   དེའི་ཚེ་ན་གནའ་རབས་ཀྱི་མི་ཚོས་དེ་དུས་ཀྱི་རྒྱུ་མཚན་བརྗོད་པར་དཀའ་བའི་རང་བྱུང་གི་སྣང་ཚུལ་ལ་སྐྲག་སྣང་དང་བཅས་པའི་སྒོ་ནས་དད་པ་སྐྱེས་ཤིང་།   དེ་དག་ལ་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཁྲོད་མིའི་རིགས་ཀྱི་གདོད་མའི་འདུ་ཤེས་ཀྱིས་མུ་མཐུད་རྟོག་བཟོ་བྱས་པ་ལས་རིམ་བཞིན་མིའི་སྤྱོད་ལམ་དང་གཤིས་ཀ་ལྡན་པའི་ལྷའི་རྣམ་པར་གྲུབ་ཡོད།   རང་བྱུང་གི་སྣང་ཚུལ་ལ་ཁ་ལོ་བསྒྱུར་བའི་ལྷ་དེ་དག་རང་ཉིད་གནས་སའི་ཉེ་འཁོར་གྱི་འཇིགས་ཡེར་བའི་རི་ཚོགས་སམ་ཡང་ན་དེ་དག་ལས་ཆེས་མཐོ་ཤོས་ཀྱི་རི་རྩེར་གནས་པར་སྙམ་སྟེ།  དེ་ལ་སྐབས་དེའི་རང་ཕྱོགས་སྲུང་བྱེད་ཀྱི་མཚོན་ཆ་གཙོ་གྲས་མདའ་གྲི་མདུང་གསུམ་གྱིས་མཚོན་པའི་མཚོན་ཆ་དབུལ་ཏེ་མཆོད་གསོལ་རྙེད་བཀུར་བྱས་ན་རང་ཉིད་འཇིགས་སྐྲག་སྣ་ཚོགས་ལས་སྒྲོལ་བའི་གྲོགས་བྱེད་པར་འདོད་པའི་གདོད་མའི་འདུ་ཤེས་ཀྱི་མྱུ་གུས་ཀུན་ནས་དྲངས་ཏེ་ད་ལྟའི་ལབ་ཙེའི་སྲོལ་འདི་ཆགས་པ་ཡིན་ནོ།   དེ་ཡང་ལབ་ཙེ་ལ་མདའ་མདུང་གྲི་གསུམ་གྱི་མཚོན་ཆ་འབུལ་བ་ནི་སྐབས་དེའི་མིའི་རིགས་ཀྱི་རང་ཕྱོགས་སྲུང་བྱེད་ཀྱི་མཚོན་ཆ་གཙོ་བོ་དེ་དག་ཡིན་པ་དང་།   གདོད་མའི་མི་རྣམས་ཀྱི་འདུ་ཤེས་སུ་མདའ་གྲི་མདུང་གསུམ་ཕུལ་བའི་སྲོལ་ཆགས་པ་ཡིན་མོད།    བར་སྐབས་སུ་ཡུལ་ལུང་གི་ས་ཆའི་ཁྱད་དམ།  རང་ཉིད་ཀྱི་འབྱོར་མཁོས།   ཐོན་སྐྱེད་ངལ་རྩོལ་གྱི་བྲེལ་ཟིང་སོགས་ཀྱི་རྐྱེན་གྱིས་མདའ་གྲི་མདུང་གསུམ་གྱི་ཚབ་ཏུ་ཤིང་སྐྱེ་ལེགས་ཀྱི་རྩེ་མོ་བཅད་དེ་འབུལ་བ་ནས་བཟུང་།   ལབ་ཙེ་ལ་མདའ་དང་ཤིང་རྩི་བསྟོད་པའི་སྲོལ་རིགས་གཉིས་ཆགས་ཤིང་།   མདའ་བསྟོད་ནི་ཤིང་སྐྱེ་ཕྲ་ལ་རིང་བ།   ཤུན་པ་གཙང་མར་བཤུས་པའི་གསོམ་ཤིང་ལ་མདའ་ཤིང་གི་རིང་ཐུང་དང་སྦོམ་ཕྲ་ལྟར་བཟོ་བ་མ་ཟད།    དེའི་སྟེང་ཚོན་བྱུགས་ཚུལ་ཡང་འཇིག་རྟེན་ཆགས་ལུགས་ལྟར་ཉི་ཟླ་དང་ནམ་མཁའ།  ས་ཆུ་སོགས་གོ་རིམ་མ་ནོར་བར་བྱས་རྗེས།   གཏན་འཁེལ་བྱས་པའི་ཉིན་གང་ཡིན་པ་དེར་ཡུལ་ཚོ་སྤྱིའམ།   ཚོ་ཁག་གཅིག་ཡང་ན་སྡེ་བ་ཡོངས་ཀྱིས་མདའ་རར་མདའ་བསྟོད་པ་ཡིན།  དུས་ཕྱིས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཤུགས་རྐྱེན་གྱིས་མདའ་སྒྲོའི་སྟེང་བཀྲ་ཤིས་རྟགས་བརྒྱད་དང་ནོར་བུ་དགའ་འཁྱིལ་གྱི་མཛེས་རིས་ཀྱིས་བརྒྱན་སྲོལ་ཡང་ཡོད།    ཤིང་རྩི་ནི་ཤིང་སྟག་པའི་རྩེ་མོའམ་ཡལ་ག་བཅད་པ་དེར་གཙང་མར་བཀྲུས་ཤིང་ཚོན་སྣས་མཛེས་པར་བྱས་པའི་བལ་བཅུད་བཏགས་ཏེ་རང་རང་གི་གསོལ་ཡུལ་གྱི་གཞི་བདག་གམ་ཡུལ་ལྷ་གང་དུ་བཞུགས་པ་དེར་རྡོའི་ར་བ་བཟོས་ཏེ་འབུལ་བ་དང་།    དེ་ཡང་ཡུལ་སོ་སོའི་བབ་མི་འདྲ་བ་གནམ་གཤིས་ཀྱི་དབྱེ་ཆེ་བ།   ཐོན་སྐྱེད་ཀྱི་དུས་ཚོད་མི་མཚུངས་པའི་ས་གནས་ཀྱི་ཁྱད་ཀྱིས་ཡུལ་སོ་སོའི་ལབ་ཙེ་བསྟོད་པའི་དུས་ཚོད་མི་གཅིག་ནའང་།   ལབ་ཙེ་དང་དེའི་བསྟོད་ཚུལ།    ནང་དོན་བཅས་ཕལ་ཆེར་གཅིག་མཚུངས་ཡོན་ནོ།   དེ་ཡང་ཐོག་མར་བསང་ཕུལ་ཏེ་དུང་འབུད་པ་རླུང་རྟ་སྤུར་པ་དང་།  དེ་ནས་རང་ཉིད་ཀྱིས་དད་པའི་ཡུལ་ལྷ་གཞི་བདག་གང་ཡིན་པ་རྣམས་ཀྱི་མིང་ནས་བོས་ཏེ་ལོ་ཕྱུགས་ལེགས་ཤིང་འཚོ་བ་བདེ་ཞིང་སྐྱིད་པ།   འཚེ་པ་མི་ཡོང་བའི་གསོལ་སྨོན་སྐྱབས་འཇུག་ཞུས་ཏེ་ལབ་ཙེ་བསྟོད་རྗེས་ལྷ་རྒྱལ་ལན་འགའ་འཐེན་པ་དང་འཐུས་པར་བྱེད།   ལྷ་གསོལ་གྲུབ་རྗེས་སྐྱེ་ཕོ་མོ་རྣམས་མཉམ་དུ་འཛོམས་ནས་གཞས་གཏོང་རེ་བྱེད་པ།   རྟ་རྒྱུག་འགྲན་སྡུར།  བྲོ་གར་འཁྲབ་པ་སོགས་ལྷ་དགྱེས་ལ་མི་མགུ་བའི་དགའ་སྐྱིད་ཀྱི་དཔལ་ལ་རོལ་བར་བྱེད་དོ།    རང་ཉིད་ཀྱི་ལབ་ཙེ་ཇི་ལྟར་ལེགས་ཤིང་བསང་ཕུལ་བ་བཟང་ན་དེ་ལྟར་རང་ཉིད་ལ་འཚེ་བ་མི་ཡོང་བ་དང་གནས་སྐབས་ཀྱི་བསམ་དོན་ཇི་བཞིན་འགྲུབ་པ།   འཚོ་བ་བདེ་ཞིང་སྐྱིད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་།   ལབ་ཙེ་བསྟོད་སྐབས་རྨུ་ཐག་གི་ལབ་ཙེར་ལན་གསུམ་དཀྲིས་རྗེས་གྱེན་དུ་འཐེན་ཡོད་པ་ནི་དེར་གནས་པའི་ཡུལ་ལྷ་གཞིག་བདག་ནམ་མཁའ་དང་བར་སྣང་གང་རུང་ལ་བགྲོད་བྱེད་ཀྱི་ཐེམ་སྐས་ལྟ་བུ་ཡིན་པར་གྲགས་ཤིང་།    ལབ་ཙེ་ལས་མདའ་དང་ཤིང་རྩི་གཉིས་ཀྱི་སྟེང་ཚོན་དཀར་དམར་སེར་གསུམ་གྱིས་བརྒྱན་པ་ནི་འཇིག་རྟེན་ཆགས་ལུགས་ཏེ་ཉི་ཟླ་དང་ནམ་མཁའ།  ས་ཆུ་དང་ཡང་ན་འབྱུང་བ་ལྔའི་ཁམས་མཚོན་ཞིང་།   གཞན་དུ་ཁ་དོག་མི་འདྲ་བའི་ཚོས་དེ་དག་ནི་ཞི་རྒྱས་དབང་དྲག་གི་མཚོན་ཚུལ་དུའང་སྨྲའོ།   ཡུན་རིང་གི་སྤྱི་ཚོགས་འཕེལ་རྒྱས་དང་ལོ་རྒྱུས་ཀྱི་འགྱུར་ལྡོག      མིའི་སེམས་ཁམས་ཀྱི་འགྱུར་བ།   ཕྱིས་དར་ནང་ཆོས་སོགས་ཀྱི་ཤུགས་རྐྱེན་འོག་གདོད་མའི་ལབ་ཙེའི་རྣམ་པ་ཇེ་ལེགས་དང་ནང་དོན་སྔར་བས་ཀྱང་ཕུན་སུམ་ཇེ་ཚོགས་སུ་གྱུར་ཏེ་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་མང་དུ་འབྲེལ་ཡོད་དེ།   དེ་ཡང་གདོད་མའི་དུས་སུ་གདོན་བགེགས་དང་འཚེ་བ་མི་ཡོང་བའི་ཆེད་དུ་བསྟོད་པ་ནས་དེང་དུས་སྤྱི་ཚོགས་ཀྱི་བདེ་འཇགས་དང་།     ཁ་ལས་རླུང་རྟ་དར་བ།   དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ།  ལོ་ཕྱུགས་ལེགས་པ།   ནད་ཡམས་ཞི་བ།   ནང་མིའི་མཐུན་སྒྲིལ།    འཚོ་བ་བདེ་སྐྱིད་ཡོང་བ།    ཐ་ན་དམག་འཁྲུག་རྒྱལ་ཁའི་ཆེད་དུ་བསྟོད་པ་སོགས་སྤྱི་ཚོགས་ཀྱི་གོམ་འགྲོས་ཇི་ལྟར་སྔོན་དུ་བསྐྱོད་ན་ལབ་ཙེའི་ནང་དོན་ལ་རིམ་འགྱུར་སྣ་མང་བྱུང་དང་འབྱུང་བཞིན་ཡོད་དོ།
          དེ་ལྟར་ལབ་ཙེ་ནི་མིའི་རིགས་ཀྱིས་དང་ཐོག་རང་བྱུང་གི་སྣང་ཚུལ་ལ་དད་པའི་རང་བྱུང་ཆོས་ལུགས་སམ།     གང་དུ་ཡོད་ལྷ་ཡོད་པར་ངོས་འཛིན་པའི་དུས་དེ་ཙམ་ནས་རང་ཉིད་རང་བྱུང་གི་འཇིགས་སྣང་ལས་བསྒྲོལ་ཆེད་རིམ་བཞིན་དར་བ་ཞིག་ཡིན་པ་ནི་དུས་ད་ལྟའི་བར་རང་ཅག་གི་རྒྱུད་ལ་དངོས་ཡོད་ལས་འདས་པའི་སྟོབས་ཤུགས་ལ་དོགས་འཆང་བའི་ལྐོག་གྱུར་གྱི་བག་ཆགས་ཟབ་མོ་གཞན་དང་མི་འདྲ་བ་ཞིག་བཞག་ཡོད་པ་དང་།   དེ་དུས་ཀྱི་འགྱུར་བ་ཇི་འདྲའི་ནང་འདི་མི་ཉམས་པར་ཁྱབ་གདལ་དུ་གནས་པའི་གནད་འདི་ཐོག་ནས་ཧ་ཅང་གསལ་པོ་ཤེས་སླ་ཞིང་།    ཡུན་རིང་གི་སྤྱི་ཚོགས་འཚོ་བའི་ཁྲོད་དེར་ཤིང་རྩི་བསྟོད་པ་དང་མདའ་བསྟོད་པའི་སྲོལ་ལུགས་གཉིས་སུ་གྲུབ་པ་དེའང་ལབ་ཙེའི་རྣམ་པ་ཐ་དད་པ་ཙམ་ལས་དོན་ལ་དེ་གཉིས་ཀྱི་དགོས་པ་དང་ཕན་ནུས་སོགས་གཅིག་མཚུངས་སུ་མངོན་ནོ།    ལོ་རྒྱུས་འཕེལ་བའི་ཆོས་ཉིད་ཀྱི་ཁྲོད་དུ་ལབ་ཙེའི་རྣམ་པར་འགྱུར་བ་བྱུང་བ་དང་བསྟུན་ནས་དེའི་ནང་དོན་ཡང་ཕྱིས་དར་ནང་ཆོས་ཀྱི་ཤན་དང་མིའི་སེམས་ཁམས་ཀྱི་འགྱུར་བ་དང་བསྟུན་སྤྱི་ཚོགས་ཀྱི་ཕྱོགས་མང་དུ་འབྲེལ་ཏེ་ད་ལྟའི་བར་དེར་གྲལ་རིམ་གྱི་དབྱེ་བ་དང་ས་ཁུལ་གྱི་ཁྱད་པར་ཀུན་གྱིས་གྲ་སྒྲིག་དང་གོ་རིམ་ལེགས་པའི་སྒོ་ནས་བསྟོད་བཞིན་ཡོད་པ་འདི་ཡིན་ནོ།   
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716