སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མདོ་སྨད་ཀླུ་ཆུ་འབབ་ཡུལ་གྱི་ལོ་ཚོ་སྡེ་བའི་སྲིད་པའི་ལབ་ཙེ་བརྩིགས་བསྟོད་ཀྱི་ཆོ་གའི་སྐོར་གླེང་བ།
སྤེལ་དུས། 2017-10-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་སྟོད་སྒྲོལ་མ་སྐྱབས།
          རང་རེའི་མདོ་སྨད་ཀྱི་ཕྱོགས་སུ་བོད་རང་གི་ཁྱད་ཆོས་ལྡན་ཞིང་གནའ་བོའི་རོ་མ་ཉམས་པའི་ཡུལ་སྲོལ་གོམས་གཤིས་སོགས་སྲོལ་རྒྱུན་རིག་གནས་མོད་པོ་ཞིག་ཡོད་ལ།   མདོ་སྨད་ཀླུ་ཆུ་འབབ་ཡུལ་གྱི་ལོ་ཚོ་སྡེ་བའི་སྲིད་པའི་ལབ་ཙེ་བརྩིགས་བསྟོད་བྱེད་ཚུལ་ལ་མི་རིགས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་མོད།   མིག་སྔར་འདིའི་སྐོར་ལ་ཞིབ་འཇུག་སོགས་བྱས་མེད་པས།  ཕྲན་གུས་པས་ཀློག་པ་པོ་རྣམས་ལ་ལབ་ཙེ་བརྩིགས་བསྟོད་ཀྱི་ཆོ་གའི་རིམ་པ་ངོ་སྤྲོད་དང་དཔྱད་གཞིའི་ཚུལ་དུ།   ད་ལོའི་དབྱར་གནང་སྐབས་སུ་ལོ་ཚོ་སྡེ་བའི་ལབ་ཙེ་བརྩིགས་བསྟོད་ཀྱི་རིམ་པར་དངོས་སུ་ཟབ་ཞུགས་བྱས་ནས་དེའི་བྱ་བྱེད་ཀྱི་ཆོ་གའི་རིམ་པར་རྒྱུས་ལོན་བྱས་ཤིང་།   དགོན་སྡེ་ཁག་ནས་བཅའ་ཡིག་དང་གཞུང་ཡིག་འཚོལ་བསྡུ་བྱས་པ།   རྒན་རབས་རྣམས་ལ་བཅར་འདྲི་དང་།   བསང་མཆོད་ཀྱི་འདོན་པ་སྒྲར་ཕབ་ཏེ།   ལབ་ཙེ་བརྩིགས་བསྟོད་ཀྱི་ཆོ་གའི་སྐོར་རིམ་པར་གླེང་པ་ལ།  
          དང་པོ།   ལབ་ཙེའི་བྱུང་བ།  
          སྤྱིར་ལྷ་རྣམས་གནམ་མཁར་གནས་པ་དང་།   ཀླུ་རྣམས་ཆུར་གནས་པ།   གཞི་བདག་རྣམས་རི་ལ་གནས་པ།   བཙན་རྣམས་བྲག་ལ་གནས་པ།   གཉན་རྣམས་བར་སྣང་དང་ནགས་ཚལ་ལ་གནས་པ་ཡིན་ཞེས་བརྗོད་པས།   དེ་ནི་གདོད་མའི་བོན་གྱི་འདུ་ཤེས་དང་ལབ་ཙེ་མཆོད་པའི་ལུགས་སྲོལ་གྱི་ཐོག་མའི་རྒྱུ་རྐྱེན་རེད་སྙམ།   དེ་བས་ལབ་ཙེ་བསྟོད་ཡུལ་གྱི་ཡུལ་ལྷ་དང་གཞི་བདགཆོས་སྐྱོང་སྲུང་མ།   མི་མ་ཡིན་ལ་སོགས་པའི་ཆོས་ལུགས་གྲུབ་མཐའི་ངོ་བོའི་ཆ་ནས་དེ་ནི་བོན་ཆོས་ཀྱི་བསམ་བློ་དང་འདུ་ཤེས་ཡིན་པར་སེམས།   དེང་སང་བོན་ལ་ཆོས་འདྲེས།   ཆོས་ལ་བོན་འདྲེས་ཞེས་གསུངས་པ་བཞིན་གོམས་སྲོལ་འདི་བོད་ཁམས་ཡོངས་སུ་ཁྱབ་ཡོད་པ་རེད།  འོ་ན་བོད་སྤྱི་ལ་ཡོད་པའི་ལབ་ཙེ་གཙོས་པའི་ལོ་ཙོ་སྡེ་བའི་ལབ་ཙེ་སོགས་ནི་ཇི་ལྟར་བྱུང་བ་རེད་ཅེ་ན།  ཐ་སྙད་ཀྱི་ངེས་ཚིག་ནས་བལྟས་ན།   ལ་རྩེ་ཞེས་པ་འདིར་འབྲི་ཚུལ་འགའ་ཡོད་དེ།   ལ་ཙེ།   ལ་རྩེ།   ལབ་ཙེ།   ལབ་རྩེ།   ལ་བཙས་སོགས་འབྲི་བ་ལྟ་བུ་ཡོད།   རང་རེའི་ཁ་རྒྱུན་དུ་ལབ་ཙེ་ཞེས་འབོད་པ་ཤུགས་ཆེ་བས་དེ་ལྟར་བཞག ལབ་ཙེ་ནི་མཁས་པ་ལ་ལས་ཞང་ཞུང་གི་སྐད་ཡིན་ཞིང་ལམ་རྟགས་ཀྱི་དོན་ཡིན་པར་གསུངས།  
          དེ་ལ་བཞེད་པ་མི་མཐུན་པ་གཉིས་ཡོད་དེ།   གཅིག་ནི་དང་པོ་ས་སྟོང་ལུང་སྟོང་དུ་ཕྱུགས་འཚོ་བར་ཕྱིན་ན་ལམ་ནོར་བར་དོགས་ནས་རིའི་རྩེ་དང་ས་མཚམས་སུ་རྡོ་བརྩིགས་བརྒྱབ་པ་རེད་ཟེར།  གཞན་ཞིག་ནི།   དང་པོ་བོད་མིའི་འཚོ་བ་ཁག་གི་བར་ནས་འཕྲོག་བཅོམ་དང་དམག་འཁྲུག་བྱུང་ན་ཡུལ་ཁམས་ཆ་མེད་མང་པོ་བརྒྱུད་དགོས་པས།   རི་མཐོ་ས་དང་ས་མཚམས་སུ་མདའ་དང་མདུང་སོགས་བཙུགས་ནས་ལམ་རྟགས་བཟོས་པ་རེད་ཟེར།   གང་ལྟར་ཡང་མདའ་མདུང་བཙུགས་པར་གཞིགས་ན་དམག་འཁྲུག་དང་འབྲེལ་བ་ཡོད་སྙམ་པ་དང་།   ལབ་ཙེ་ནི་ཡུལ་ལྷ་གཞི་བདག་གི་གནས་སར་མཐོང་བར་གཞིགས་ན་སྔོན་ཆད་ཞིང་ཕྱུགས་འཚོ་བ་ལའང་འབྲེལ་བ་དམ་པོ་ཡོད་སྙམ།   སོག་པོའི་སྐད་དུ་ཨོ་པོ་ཟེར་ཞིང་།   དེ་མཆོད་སྲོལ་དང་བསྟོད་སྲོལ་ནི་བོད་དང་འདྲ་མཚུངས་རེད།   ལབ་ཙེ་ལ་དབྱེ་ན་གསུམ་སྟེ།  ཀྱེ་ཏུ་དང་།  ལ་རྩེ།  དཔའ་མཁར་བཅས་རིགས་གསུམ་སྟེ།   རི་ཡི་མགོ་ནས་བརྩིགས་ན་ཀྱེ་ཏུ་དང་།  རི་སྐེད་ནས་བརྩིགས་ན་ལ་རྩེ།  མདོ་ནས་བརྩིགས་ན་དཔའ་མཁར་ཟེར་ཞེས་བྱུང་ཡང་།  ས་གནས་སོ་སོའི་འབོད་སྟངས་མིང་གི་ཁྱད་པར་ཙམ་ཡིན།   
          དེ་ལ་ཞྭ་དམར་པ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ལབ་ཙེའི་མཆོད་མཆོག་ལས།  བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་།  །  འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ།  །  ཕྱུག་པོའི་ལབ་ཙེ་རི་ཤོལ་ཀླུང་དུ་བརྩིགས།  །  ཡུལ་མིའི་བཙན་ཕྱུགས་འཕན་གསུམ་དར་བར་བྱས།  །  ཞེས་གསུངས་པ་བཞིན་ལབ་ཙེ་བརྩིགས་ཡུལ་མི་འདྲ་བ་དང་།  དཔའ་མཁར་གཞི་བསྟོད་ཀྱི་རིམ་པ་དངོས་གྲུབ་འབྱུང་གནས་ལས།   ཀྱཻ།  དེ་རིང་སྲིད་པའི་ཉི་མ་ལ།  །  དཔལ་མཁར་གཉན་པོའི་ཕོ་བྲང་འདིར།  །   སྤྱན་འདྲེན་བཞུགས་སུ་གསོལ་བ་ནི།  །   བླ་མ་ཡི་དམ་མཁའ་འགྲོ་དང་།  །   ཆོས་སྲུང་དམ་ཅན་ཐམས་ཅད་དང་།  །   ཡུལ་ལྷ་སྐྱེས་ལྷ་དགྲ་ལྷ་དང་།  །   ལྷ་ཀླུ་གཉན་དང་སྡེ་བརྒྱད་ཀུན།  །  ཐམས་ཅད་མ་ལུས་བཞུགས་སུ་གསོལ།  །  ཞེས་པ་དང་།   སྐྱབས་པའི་ལྷ་དགུ་ཐམས་ཅད་བསང་།  །  མཁར་གྱི་རྩེ་ལྷ་ཐམས་ཅད་བསང་།  །  ཞེས་པ་ལྟ་བུས་དཔའ་མཁར་བསྟོད་པའི་ཚུལ་དང།  དེ་བཞིན《གླིང་གེ་སར་རྒྱལ་པོའ་ིསྒྲུང་》གི་འཛམ་གླིང་སྤྱི་བསང་ལས།  གླིང་པ་རྣམས་རྨ་རྒྱལ་སྦོམ་རའི་ལབ་ཙེ་བསྟོད་པའི་གྲབས་གཤོམ་བྱེད་པ་ནི་རི་དམུ་ཐག་མ་ཆད་གདོང་རིགས་གཅིགགླིང་དཔོན་རྒྱུད་གསེར་གྱི་སྒྲོམ་བུས་ཉོན།  །  སྟེང་དག་པ་ལྷ་ནས་བསྐོས་པའི་བུ།  །  བློན་ཁྲི་རྗེ་འདན་མ་སྤྱང་ཁྲ་ཉོན།  །   བློན་ཆགས་ཆེན་དགུ་ཐིག་སྐྱ་མོ་ནས།  །  གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཉོན།  །  ཉོན་ཞེས་པས་ཆོས་བཤད་མ་ཡིན་ཡང་།  །  ཉན་ཤེས་ན་ཆོས་དང་མཐུན་པ་ཡིན།  །  ཟླ་ལྔ་བའི་ཚེས་པ་བཅུ་གསུམ་ཉིན།  །  རི་རྨ་རྒྱལ་ལབ་ཙེ་སྟོད་དུ་འགྲོ།  །  ཞེས་པྱུང་བ་བཞིན་ནོ།  །  མདོར་ན།  ལབ་ཙེ་ནི་བོད་རང་ས་རང་ཡུལ་ནས་བྱུང་བའི་རིག་གནས་ཀྱི་ཉིང་བཅུད་དང་།  བོད་པའི་ཐུན་མིན་གྱི་རིག་གནས་སྣང་ཚུལ་ཞིག་ཡིན་ལ།  ལབ་ཙེ་བསྟོད་པ་ནི་རང་རང་གིས་བསྟེན་ཅིང་བཀུར་བའི་ཡུལ་ལྷ་གཞི་བདག་སོགས་ལ་མདའ་མདུང་འཁོར་གསུམ་གྱི་མཚོན་ཆ་ཕུལ་ནས།  རང་ལ་དགྲ་འགོག་གཉེན་སྲུང་གི་སྡོངས་གྲོགས་ཀྱི་སྐྱབས་བཅོལ་བའི་ཆོས་ལུགས་འདུ་ཤེས་ཀྱི་ཆོ་ག་ཞིག་ཡིན་པ་བཞིན།  ང་ཚོའི་ལོ་ཚོ་སྡེ་བའི་ལབ་ཙེ་ཡི་བྱུང་བ་ཡང་དེ་ལས་མ་འདས་པར་སེམས་ལ།  བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་སྲོལ་ཁྱད་པར་བ་ཞིག་ཡིན་པ་བསྙོན་དུ་མེད།  དེ་བཞིན་ལབ་ཙེའི་རྩ་བའི་སྲོག་ཤིང་ནི་ཡུལ་ལྷ་གཞི་བདག་ཡིན་ཏེ།  ལབ་ཙེ་བརྩིགས་པའང་དོན་གྱིས་གཞི་བདག་སོགས་བཞུགས་སའམ་རྟེར་མཁར་བཞེངས་པའི་ཚུལ་ཡིན་ཙང་།  ལབ་ཙེ་ཡོད་ས་ཞིག་ན་ཡུལ་ལྷ་གཞི་བདག་མེད་པ་དཔེ་མི་སྲིད་པས།  དེ་གཉིས་ཀྱི་འབྲེལ་བའང་གཅིག་ལ་གཅིག་རྟེན་དུ་གནས་མོད།  ཡིན་ནའང་།  དེ་གཉིས་ལས་གང་སྔ་མ་དང་གང་ཕྱི་མ་ཡིན་པ་ནི་ད་རུང་ཁ་ཚོན་གཅོད་མི་ཐུབ་པས་རེ་ཞིག་དཔྱད་བྱར་ལུས་ཡོད།  
          གཉིས་པ།   ཡུལ་ལྷ་གཞི་བདག་གི་བྱུང་བ།  
          ང་ཚོའི་བོད་པ་རྣམས་ཀྱིས་རྒྱུན་དུ་ཚེ་འདིའི་རྐྱེན་ངན་བར་ཆད་སེལ་བར་བྱེད་པ་དང་།  དགྲ་བགེགས་མ་ལུས་རྡུལ་དུ་བརླག་པའི་གྲོགས་སུ་བརྟེན་པ།  བསྟན་འགྲོའི་འཕྲིན་ལས་རྒྱས་ཤིང་།  ཆར་དུ་དུས་སུ་བབབ་ཅིང་ལོ་ཕྱུགས་རྟག་ཏུ་འཕེལ།  ཡུལ་ཁམས་བདེ་ཞིང་མུ་གེ་མི་ཡོང་བ་སོགས་ཀྱི་ཕྱིར་དུ་ཡུལ་ལྷ་གཞི་བདག་ལ་ལྷ་བསང་རྒྱུན་དུ་གཏོང་བ་རེད།  འོ་ན་དོན་གྱིས་ཡུལ་ལྷ་གཞི་བདག་ཅེས་གཟིགས་མེད་ཀྱི་གང་ཟག་ཅིག་ལ་མཆོད་ཅིང་བཀུར་བ་དང་།  དེར་དད་མོས་བྱེད་པའི་འདུ་ཤེས་སོགས་ཇི་ལྟར་བྱུང་བ་རེད་ཅེ་ན།  དེ་ནི་བསྐལ་བ་ས་ན་ཆགས་པ་ནས་ཡོད་པ་ཞིག་མིན་ཞིང་།  མཐོ་རིས་ཀྱི་ལྷ་ས་ལ་བབས་པ་མིན་ལ།  ཐུན་མིན་གྱིས་བསྟེན་པའི་ཡི་དམ་གྱི་ལྷའང་མ་ཡིན་ཏེ།  སྔོན་ཆད་རང་རང་ས་ཆར་འགྲོ་བ་མིར་དངོས་སུ་སྐྱེས་མྱོང་བའི་ཆོས་ལུགས་པ་དང་།  དཔོན་པོ།  བློན་པོ།  དམག་དཔོན།  ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་དགའ་བའི་འཇིག་རྟེན་རྒན་པོ་དང་།  ཡང་ན་ཡུལ་དང་མི་རིགས་གཞན་ལ་སྔོན་ཆད་སྐྱེས་མྱོང་བའི་དམག་དཔོན་མཐུ་པོ་ཆེ་སོགས་ཡིན་པར་ངེས་ཞེས་བཤད་ཅིང་།  དེ་ལ་གཞི་བདག་གི་འབོད་མིང་དང་ཆ་ལུགས།  སྐྱབས་གནས་མཐར་ཐུག་ཏུ་མི་འཛིན་པ་སོགས་ཀྱི་སྒྲུབ་བྱེད་བཀོལ་ནས་ཞིབ་འཇུག་གནང་བ་ནི་དོན་གྱི་ཚད་མར་གྲུབ།   
          འོ་ན་ཡུལ་ལྷ་གཞི་བདག་གི་ཆེས་སྔ་བ་ནི་གང་ཞིག་ཏུ་འདེད་ཐུབ་ཅེ་ན།  མཁར་རྨེའུ་བསམ་གཏན་ལགས་ཀྱིས་ལོ་རྒྱུས་ཡིག་ཚང་དུ་གསལ་བ་ཡིན་ན།  ཀོང་པའི་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེའི་ཐོག་ཏུ་དྲི་གུམ་བཙན་པོའི་སྲས་གཉིས་ཀྱིས་སྐུ་བླ་གཉེན་པོ་ལ་གསོལ་མཆོད་བྱས་ཚུལ་འཁོད་ཡོད་པ་དེ་ནི་ཡུལ་ལྷ་ལ་དད་མོས་བྱེད་པའི་སྲོལ་གྱི་ཁུངས་ལྟ་བུ་ཡིན་པར་གསུངས་ལ།  སྐབས་དེའི་དུས་ནས་བཟུང་ཕལ་ཆེར་ཡུལ་ལྷ་མཆོད་པའི་གོམས་སྲོལ་ཡོད་པར་སེམས་ལ།   ཕྲན་གྱི་ལྟ་ཚུལ་ཡིན་ན་གྲི་གུམ་བཙན་པོའི་སྐབས་སུ་གདོད་མའི་རུས་བླའི་རྒྱུན་ཀྱང་ཡོད་པས།  ཕལ་ཆེར་འདི་དག་ཀྱང་རུས་བླ་དང་འབྲེལ་བ་ཆེ་བར་འདོད་ལ།  དེ་ལྟར་ཡིན་ན་འདི་ལས་སྔ་བའི་ཁུངས་འདེད་ཐུབ་སྙམ།  ཏུན་ཧོང་ནས་རྙེད་པའི་ཤོག་དྲིལ་ཞིག་ཏུ་ཡུལ་གནུབས་ཤུལ་གླིང་དྲུག་ན།   རྗེ་གནུབས་རྗེ་སྲིབས་པ་བཞུགས།   སྲིན་གནུབས་ནི།   རྐང་ཕྲན།   ཀྱིས་སྲིན་ཡུལ་མྱེ་མྱི་དགུ་ཆུ་མྱི་རླང་ཀྱི་ཡུལ་དུ་བཀྲི་ཞེས་པགྱིས་ནའ།   རོང་བོ་ལྡེ་མཁར་གྱིས།   སྲིན་གང་དུ་གླུད་བོར་ན་གནུབས་སྲིན་རྐང་པྲན་གྱི་ནང་དུ་གླུད་བོར།  ལྷ་ལ་ཉན་དུ་བཙུགས་ན།  གནུབས་ལྷ་མཐོན་དྲུག་ལ་ཉན་དུ་བཙུགས།  ཡུངས་ཀར་ནི་དགང་ཅིག་དང་གཡུ་སླག་ཅེན་དང་བསེ་བྱང་པང་པཱ་མྱིག་དང་།  ལྷ་ལ་ནི་ཉན་དུ་བཙིགསོ།  ཞེས་པར་བརྟག་ན་འདི་ལས་བྱུང་བའི་ལྷ་ལ་ཉན་དུ་བཙུགས་ཞེས་པའི་ལྷ་ནི་ཡུལ་ལྷ་གཞི་བདག་གི་ཁྱད་ཆོས་ལྡན་པར་སྙམ་པས།   དེ་ལྟར་ཡིན་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་དང་དེའི་སྔོན་ནས་བཟུང་བྱུང་ཡོད་པ་ལོ་རྒྱུས་ཡིག་ཚང་རིག་པས་སྒྲུབ་ཆོགཕྲན་གྱི་ཕ་ཡུལ་གྱི་ཡུལ་ལྷ་གཞི་བདག་ཨ་མྱེས་རི་རྒྱལ་ནི་གོང་དུ་སྨྲས་པ་བཞིན།  གནམ་ལས་བབས་པའམ་ཡང་ན་ས་ལས་འབུས་པ་ཞིག་མིན་པར།  སྤྱིར་བཏང་གི་གཞི་བདག་དང་འདྲ་བར་ལོ་ངོ་བརྒྱ་ཕྲག་འགའི་ཡར་སྔོན་དུ་བྱུང་བར་བཞེད་དེ།   སྔོན་གྱི་དུས་སུ་ང་ཚོའི་ཟམ་ཚའི་ཡུལ་དུ་དབེན་གནས་རི་ཁྲོད་པ་འཕགས་ཀེ་བླ་མ་ཟེར་བའི་མཁས་གྲུབ་གཉིས་འཛོམས་ཀྱི་མཁན་པོ་ཞིག་ཡོད་ལ།  ཁོང་སྐུ་ཆུང་ངུའི་དུས་སུ་དབུས་སུ་ཕེབས་ཏེ།   མཁན་པོའི་མཚན་རྟགས་བླངས།  ཕྱིར་ཕ་ཡུལ་དུ་ཕེབས་སྐབས་སུ་དགའ་ལྡན་གྱི་ཆོས་སྐྱོང་ཀ་སྡོང་ནང་གི་ཨ་མྱེས་ཏཱ་རི་ཁྲིད་དེ་རང་ཡུལ་གྱི་གཞི་བདག་ཏུ་བཀོད་པ་མ་ཟད།  མཁན་པོ་རང་གི་སྲུང་མ་འང་ཡིན།  དེ་ལྟར་ཨ་མྱེས་ཏཱ་རི་ནི་ཟམ་ཚ་རོང་འབྲོག་ཚོ་དྲུག་སྤྱི་མཐུན་གྱི་ཡུལ་ལྷ་གཞི་བདག་ཏུ་གྱུར་ལ།  རི་སྐེད་ནགས་ཀྱིས་བརྒྱན་པ།  རི་འདབས་ཀླུ་ཆབ་སྔོན་མོས་མཆོད་པ་འབུལ་བཞིན་དུ་ཆགས་ཡོད།  དེ་ལ་ནང་བློན་བརྒྱད་དང་ཕྱི་བློན་བརྒྱད་ཡོད་པ་ལས།  ནང་བློན་བཞི་ནི་ཤར་གྱི་ཨ་མྱེས་རི་རྒྱལ་དང་།  ལྷ་ཡི་རྨོག་ལྡེ།  ནུབ་ཀྱི་གཉན་ཐོག་རྒྱབ་རི་བྲག་སྔོན་སེངེ།  བྱང་གི་ཨ་མྱེས་གསེར་རི་བཅས་ཡོད་པ་ལས།  ཤར་གྱི་ཨ་མྱེས་རི་རྒྱལ་ནི་ལོ་ཚོ་སྡེ་བའི་ཡུལ་ལྷ་གཞི་བདག་ཡིན།  རྒན་པོ་རྣམས་ཀྱི་བཤད་ཚུལ་ལ་ཨ་མྱེས་རི་རྒྱལ་ནི་ས་འདིའི་མི་དཔའ་བོ་ཞིག་ཡིན་ལ།  རྗེས་སུ་ཡུལ་ལྷར་བཀོད་པ་རེད་ཟེར་ལ།  ཨ་མྱེས་རི་རྒྱལ་གྱི་གཏེར་བདག་ཐོག་མ་ཎི་གཞུང་ལུགས་ལ་སྦྱངས་བརྩོན་འཚེངས་པའི་བླ་མ་ལུང་བཟང་ནང་བ་སྐུ་ཕྲེང་གཉིས་པ་ཡིན་པར་བཤད།  དེ་ནས་བཟུང་ང་ཚོའི་ལྷ་སྲུང་ཆོས་སྐྱོང་སྲུང་མར་བསྐོས་ནས།  རྒྱུན་དུ་ཚེ་འདིའི་རྐྱེན་ངན་བར་ཆད་སེལ་བར་བྱེད་པ་དང་།  དགྲ་བགེགས་མ་ལུས་རྡུལ་དུ་བརླག་པའི་གྲོགས་སུ་བརྟེན་པ།  བསྟན་འགྲོའི་འཕྲིན་ལས་རྒྱས་ཤིང་།  ཆར་དུ་དུས་སུ་བབབ་ཅིང་ལོ་ཕྱུགས་རྟག་ཏུ་འཕེལ།  ཡུལ་ཁམས་བདེ་ཞིང་མུ་གེ་མི་ཡོང་བ་སོགས་ཀྱི་ཕྱིར་དུ་ང་ཚོས་ཀྱང་ལོ་རེའི་ཟླ་ལྔ་པའི་ཚེས་བཞི་ཉིན་ལ་ལབ་ཙེ་བརྩིགས་བསྟོད་ཀྱི་ཆོ་གའི་རིམ་པ་དུས་རྒྱུན་དུ་སྤེལ་བཞིན་ཡོད།  
          གསུམ་པ།   ལབ་ཙེ་བརྩིགས་བསྟོད་ཀྱི་ཆོ་གའི་རིམ་པ།  
          (གཅིག) བླ་མ་གདན་འདྲེན་དང་ས་དཔྱད།  
          བོད་ཀྱི་ཡུལ་གྲུ་གང་ཞིག་ཡིན་རུང་ལབ་ཙེ་མ་བརྩིགས་པའི་སྔོན་ལ།  ས་དེའི་ས་བདག་གམ་ཡང་ན་ཡུལ་དེའི་མགོན་སྐྱབས་ཏེ་ཚེ་འདི་ཕྱིའི་གཉིས་ཀྱི་སྐྱབས་ཀྱི་རྟེན་ས།  རྩ་བའི་གཏེར་བདག་བླ་མ་གདན་འདྲེན་ཞུ་དགོས།  གཏེར་བདག་བླ་མ་གདན་འདྲེན་བྱེད་སྟངས་ཀྱང་།  སྔོན་ཡིན་ན་རྟར་ཆིབས་པ་དང་འཇོག་ཤིང་དུ་འཁུར་བ་སོགས་བྱེད་ལ།  དེང་སང་རླངས་འཁོར་དུ་གོས་གཙང་མའི་རྒྱ་རིས་དང་།  རས་འཇམ་པོའི་གདན་སོགས་ལས་ཏེ་དེ་རུ་ཕེབས་བསྒྱུར་གནང་བ་རེད།  ཕེབས་པའི་ཉི་མར་བརྟག་དགོས་ཏེ་ངེས་པར་དུ་ཉིན་བཟང་སྐར་བཟང་ཞིག་འདེམ་དགོས་པ་རེད།  གཏེར་བདག་བླ་མ་གདན་འདྲེན་བྱེད་པའི་དགོས་པ་གཙོ་བོ་སྟེ།  གཅིག་ནས་ལབ་ཙེ་བརྩིགས་སར་ས་དཔྱད་གནང་དགོས་པ་དང་།  
          (གཉིས།  ) ཡུལ་ལྷ་གཞི་བདག་ལ་མཆོད་བསྟོད་དང་བཀའ་བསྒོ་གནང་བ།  
          (གསུམ།  ) ལབ་ཙེ་བརྩིགས་གཏོད་བྱེད་པའི་བྱ་བའི་འགོ་སྔ་ཚང་མར་བློ་འདོན་གནང་དགོས་པ་དེ་རེད།   དེས་ན་ཐོག་མའི་ས་དཔྱད་ལ།  《ས་དཔྱད་ཕྱོགས་བསྒྲིགས》ལས།  བཟང་བོའི་སྤྱི་རི་བརྟག་པ་ནི།  །   སྤྱི་བསྡོམས་ལྔ་ལས་རྒྱལ་དམངས་ནི།  །  དང་པོར་རི་ཡི་རྒྱལ་པོ་བརྟག རྩེ་མོ་རི་རྒྱལ་གནམ་ལ་སྙེག ལྷུན་སྡུག་ཁོད་སྙོམས་ཡ་ཡོ་མེད།  །   གཞུང་ཚུགས་གཡའ་གངས་ནགས་ཀྱང་འཛོམ།  །   རོང་དང་ཆུ་ཡི་མདུན་བསྐོར་བ།  །   རྩེ་ལ་བྱ་རྒྱལ་ཁྱུང་ཆེན་ལྡིང་།  །   ཁྱུང་འདབ་སྤོས་ཀྱི་དྲི་བསུང་འཐུལ།  །   རྐེད་པ་མཐུག་ཅིང་ཤ་ཆོགས་པ།  །   གནམ་གྱི་འཁོར་ལོས་ཡས་ཕུབ་པ།  །   ཉི་ཟླ་གཟའ་སྐར་འོད་འཆར་བ།  །   ས་གཞི་པདྨ་འབད་བརྒྱད་ས།  །   བར་སྣང་བདུད་རྩིའི་འོད་འཕྲོ་བ།  །   ཕུ་ན་དར་དཀར་ཡོལ་བ་བྲེས།  །   ལྷ་བྱ་གོང་མོ་གསུང་སྙན་སྒྲོགས།  །   མདའ་ན་ཕྱག་རྒྱ་སྙེམ་གྱིས་བསྡམས།  །   གཡུ་བྱ་ཁུ་བྱུག་སྐད་འབྱིན་པ་སོགས་ནི་ས་བཟང་བོ་ཞིག་འདེམ་པའི་གཞུང་ལུགས་ཁྲོད་ཀྱི་ས་དཔྱད་ཡིན་ལ།   རྗེ་ཞྭ་དམར་པ་དགེ་འདུན་བསྟན་འཛིན་རྒྱ་མཚོས་མཛད་པའི་ལབ་ཙེའི་མཆོད་ཆོག་ཏུ།   བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་།  །   འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ།  །   ཕྱུག་པོའི་ལབ་ཙེ་རི་ཤོད་ཀླུང་དུ་བརྩིགས།  །  ཡུལ་མིའི་བཙན་ཕྱུག་འཕན་གསུམ་དར་བར་བྱས་ཞེས་པ་དང་།  《གསེར་མཁར་གྱི་སྲོག་ཤིང་འབྲི་ཚུལ་གྱི་སྐོར་ཡིག་སྲུངས་བཞི་དང་བྱས་པ་བཞུགས་སོ།  །  》ཞེས་པར་རི་གངས་རྒྱུད་ཆེན་པོ་ལ།   གོང་འགབ་མ་ཆད་པ།   མདུད་པ་བ་དན་བཏགས་པ་འདྲ་བ།   རི་ཕུར་བ་གདབ་པ་འདྲ་བ།  རི་ཟུར་གདོང་བསྲུང་བ་འདྲ་བ།   རི་སྐེད་པ་མ་ཆད་པ།  རི་བཟར་ལ་དཔྱད་པའོ་ཞེས་པ་སོགས་ལས་ཤེས་ཐུབ་པ་བཞིན།  ལབ་ཙེ་བརྩིགས་ས་དེ་ངེས་པར་དུ་སའི་དགེ་བཅུ་ཚང་ཞིང་།  ས་དཔྱད་ཀྱི་དགེ་མཚན་ཡོངས་སུ་འཛོམས་དགོས་པར་མ་ཟད།  བཙན་ཕྱུག་འཕན་གསུམ་གྱི་ཁྱད་བར་ལ་བརྟེན་ནས་ལབ་ཙེ་བརྩིགས་སའི་གནས་ཡུལ་ཀྱང་མི་འདྲ་བ་རེད།  དེ་ལྟར་གཏེར་བདག་བླ་མས་རྟེན་འབྲེལ་གྱི་ཕྱིར་དུ་གནས་དེར་སྤྱན་གཟིགས་གནང་ནས་ས་རྟགས་རྒྱགས་དགོས་པ་རེད།  ཡོངས་གྲགས་སུ་དེར་སར་ལྟ་བ་ཟེར་ཞིང་དེ་ནི་ལབ་ཙེ་མ་བརྩིགས་པའི་སྔོན་འགྲོ་བྱ་བ་ཧ་ཅང་གལ་ཆེན་ཞིག་རེད།  
          བཞི་པ།   ཐོག་མའི་གྲ་སྒྲིག་དང་འཛེམ་བྱ།  
          དེ་ནས་གཏེར་བདག་བླ་མས་ས་དཔྱད་གནང་ཚར་རྗེས་སུ།  གཏེར་བདག་བླ་མའི་ཐུགས་དགོངས་ལྟར་དུ་ལབ་ཙེ་བརྩིགས་གཏོད་བྱེད་པར་ཐོག་མའི་གྲ་སྒྲིག་བྱེད་དགོས།  གྲ་སྒྲིག་བྱེད་དུས་སུ་འཛེམ་བྱའི་རིགས་ཀྱང་འགའ་རེ་ཡོད་པས་ལྷན་དུ་བརྗོད་ན།  དང་པོར་ལབ་ཙེ་ཞིག་བརྩིགས་བསྟོད་བྱེད་པར་ངེས་པར་དུ་ཚང་དགོས་པའི་རྟེན་རྫས་པོ་མང་པོ་ཞིག་ཡོད་ཅིང་།  གཙོ་བོ་གསུམ་ཎི་ཀླུ་གཏེར་གྱི་བུམ་པ་དང་།  ས་གཏེར་གྱི་བུམ་པ།  སྲོག་ཤིང་བཅས་རེད།  དེ་དག་ལ་ཚང་དགོས་པའི་རྟེན་རྫས་ནི《ལབ་ཙེ་རྩིགས་དགོས་དབང་བསྟོད་མཆོད་རྔོན་བྱེད་ཚུལ་བསམ་དོན་ཀུན་འགྲུབ་ལེགས་པའི་རྩེ་འཛིན》ཞེས་པ་ལས།  རབ་རྩེ་འཛིན་ཚེ་རིང་བྱ་གསུམ།  དེ་ལྟར་མ་གྲུབ་ན་རྩེ་འཛིན་རྩ་གཙང་མ་ལ་མཁན་བྱ་གང་འཛོམས།  རྩི་ཏོག་དཀར་པོའི་བསྒྲུབ་པའི་མཁན་བྱ།  །  དར་དཀར་པོ་དར་མཚོན།  བལ་མཚོན།  གསེར་གཡུ་དུང་སོགས་ཀྱི་བརྒྱན་པ་གཅིག་མེད་དུ་མི་རུང་སྟེ།  གཞན་ཡང་རྟེན་རྫས་མདའ་མདུང་།  རལ་གྲི།  ཁ་ཊཱཾ་རྩེ་གསུམ་གོ་ཁྲབ་མཛེས་པའི་མཚོན་ཆ་སྣ་ཚོགས།  མདའ་དར་མེ་ལོང་གིས་བརྒྱན་པ།  སྙུགས་མ་དར་སྣའི་བརྒྱན་པ་ཤིང་རིགས་བལ་མཚོན་སྣ་ལྔའི་བརྒྱན་པ།  འདོད་པའི་གཟུགས་འགྲོས་སྣ་ཚོགས།  མཆོད་གཏོར་འབྲེང་རྒྱས།  །  ཞལ་ཟས༑བད་སྡོང་།  ཤོག་ཤོག་དུང་རྩེ་སྟོང་ཕྲགརིན་ཆེན་དར་ཟབ།  འབྲུ་སྣ།  ཟས་ཕུད།  ཤ་ཕུད།  ཇ་དང་ཞོ།  དཀར་གསུམ་མངར་གསུམ།  ཕྱེ་མར་བསང་རྫས་སོགས་དགོས་པར་གསུངས།  ད་རུང་སྟོང་བའི་ངང་ལས་ཨྃ་ལས་གྲུབ་པའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཙང་མའི་མཆོད་ཡོན།  མཛེས་པའི་མེ་ཏོག དྲི་ཞིམ་བདུག་སྤོས།   མུན་སེལ་སྒྲོན་མེ།   ངར་ལྡན་དྲི་ཆབ །  རོ་བརྒྱའི་ཞལ་ཟས།   སྒྲ་སྙན་རོལ་མོ།  །   མཛེས་སྡུག་གི་གཟུགས་ཆོགགདེངས་སྙན་བི་ཝང་།  ཚིམ་བྱེད་དྲི་མཆོག བཅུད་ལྡན་རོ་མཆོག འཇམ་གཉེན་རེ་མཆོག་ལ་སོགས་པའི་རྣམས་ངོ་བོ་ཡེ་ཤེས་ལ་རང་བཞིན་རྣམ་པ་མཆོད་རྫས་ཟག་མེད་བདེ་སྟེར་ཟད་མི་ཤེས་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར་པ།  སྟོང་བའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེའི་བརྒྱན་པ་ཡོངས་སུ་གྱུར་བ་ལས་ཕྱི་ནང་གསང་བའི་དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པ།  དཀར་གསུམ་འོ་མས་རྒྱ་མཚོ།  མངར་གསུམ་སྨན་གྱི་རིལ་བུ་བཅུད་ལྡན་པདུད་རྩིས་ཞལ་ཟས་པད་སྡོང་དཔག་བསམ་ལྗོན་པ།  འབྲང་རྒྱས་ཞལ་ཟས་དམ་པ།  གཏེར་མཛོད་ནམ་མཁའི་མཐའ་གླས་པ།  འདོད་དགུ་འབྱུང་བའི་ནོར་བུ།  མི་ཟད་གཏེར་གྱི་བུམ་པ།  གསལ་བྱེད་ཉི་ཟླའི་ཟུང་འཇུགམ་རྨོས་འཁྲུངས་པའི་ལོ་ཏོགཡིད་བཞིན་འདོད་འཇོའི་བ་མོ།  རི་རབ་གླིང་བཞི་གླིང་ཕྲན།  སྟོབས་ཀྱི་དབང་བསྒྱུར་འཁོར་ལོ།  བསམ་པའི་དོན་འགྲུབ་ནོར་བུ།  ཤེས་རབ་གཟུགས་མཛེས་པཙུན་མོ།  བཟོད་ལྡེན་མཚུང་མེད་བློན་པོ།  མྱུར་མགྱོགས་ཤུགས་ལྡན་རྟ་མཆོགཐེག་མཆོག་ལྟོབས་ལྡན་གླང་བོ།  ཕས་རྒོལ་འཇོམས་མཛད་དམག་དཔོན།  ཁྱུང་དང་གཡུ་འབྲུག་སེང་ཀྱི་ལིང་གསེར་རྟ་དངུལ་གཡགདུང་ལུག་མཆོད་འབྲི་ཤེལ་རྭ།  བྱོང་ཁྲ་གླག་དང་དུར་སྟག་གཟིགདོམ་དྲེད་གཡི་སྦྱང་།  སྲིད་པའི་རང་རྟག་ཕྱག་རྒྱ།  ངོ་མཚར་བཀྲ་ཤིས་རྟག་བརྒྱད།  ཤོག་ཤོག་དུང་རྩེ་སྟོང་ཕྲགམདའ་མདུང་རལ་གྲི་གོ་ཁྲབ་སྣ་ཚོགས་མཚོན་ཆ་གྲངས་མང་ལྷ་ཤིང་ཤུག་པའི་རྩེ་རྒྱལ།  གཉན་ཤིང་སྟག་པའི་ཕོ་ཐོར།  ཀླུ་ཤིང་ཤིང་ཆེན་སེ་བ།  སྤ་སྙུག་ཤིང་རྩི་སྣ་ཚོགས།  དར་མཚོན་བལ་མཚོན་སྣ་ཚོགས་རིན་ཆེན་འབྲུ་སྣ་སྨན་སྣ་ཤེལ་ཚིགས་ཁྲི་དཀར་སྟོང་ནག་བདུད་རྩི་གསེར་སྐྱེམས་མཆོདཔ་ཕྱེ་མར་མཁན་ཤུག་དྲི་སྤོས་འཕུར་མ་བླ་རི་ཡོལ་བ།  དར་ཟབ་འཕན་གདུགས་ལ་སོགས་པ་རྣམས་ཟད་མི་ཤེས་པ་གྲ་སྒྲིག་བྱེད་དགོས་ལ།  འདི་དག་ནི་ཀླུ་གཏེར་གྱི་བུམ་པ་དང་།  ས་གཏེར་གྱི་བུམ་པ།  སྲོག་ཤིང་སོགས་བཅའ་དུས་སུ་ངེ་སཔར་དགོས་པའི་རྟེན་རྫས་འབའ་ཞིག་རེད།  
          འདི་དག་གྲ་སྒྲིག་བྱེད་དུས་སུ་འཛེམ་བྱ་རིགས་གཉིས་ཡོད་དེ།  གཅིག་ནི་གྲ་སྒྲིག་བྱེད་མཁན་གྱི་ཕྱོགས་དང་།  གཉིས་ནི་མཆོད་རྫས་ཀྱི་སྐོར་རེད།  གྲ་སྒྲིག་བྱེད་མཁན་དེ་ངེས་པར་དུ་ཆང་མི་འཐུང་དང་དུ་བ་མི་འཐེན་པ།  དབང་པོ་ཆ་ཚང་བ།  རྐང་ཡག་ཡན་ལག་ལ་སྐྱོན་མེད་པ།  ལག་དམར་སོགས་མིན་པ་ཞིག་གིས་གཏེར་རྫས་སོགས་གྲ་སྒྲིག་བྱེད་དགོས།  དེ་མིན་པའི་ཆང་འཐུང་བ་དང་དུ་བ་འཐེན་པ།  དབང་པོ་མི་ཚང་བ།  དམེ་བོ་སོགས་ལ་འཛེམ་དགོས་པ་རེད།  རྒྱུ་མཚན་ནི་གཞི་བདག་ཞིག་ཡིན་ན་གཙང་མའི་མཆོད་བསྟོད་བྱེད་རྒྱུ་ནི་རྩ་བའི་བླང་བྱ་ཡིན་པའི་ཕྱིར་རེད།   གཏེར་རྫས་སྐོར་གྱི་འཛེམ་བྱ་ལ།  སྤྱིར་བཏང་དུ་མི་གཙང་བའི་དངོས་པོ་དག་ནི་འཛེམ་བྱ་ཡིན་ཏེ།  བྱེ་བྲག་ཏུ་དམར་གསུམ་དང་ཚ་གཡེར་སྒོག་གསུམ་སོགས་དང་།  ལྕགས་དང་དུགགླ་རྩི་དང་ཆང་།  ཁྱུང་དཀར་མཛོ་ར་སོགས་ལ་འཛེམ་དགོས་པ་རེད།  རྒྱུ་མཚན་དམར་གསུམ་ཎི་ནང་བསྟན་གྱི་དགག་བྱ་ཡིན་པ་དང་།  སྒོག་པ་སོགས་ནི་དྲི་མི་གཙང་བའམ་ངན་པ་ཡིན་པས་ཀླུ་ལ་གནོད་པ་རེད།  ལྕགས་ནི་རིན་པོ་ཆེ་མིན་པའི་ཕྱིར་དང་།  ཁྱུང་དཀར་མཛོ་ལ་བུ་མེད་པའི་ཕྱིར་འཛེམ་དགོས་པ་རེད།  གལ་ཏེ་འདི་དག་ཡོད་ན་ལྷ་ཀླུ་གཉན་གསུམ་མི་དགའ་བ་དང་ལབ་ཙེ་མནོལ་གྲིབ་ཀྱིས་འདོན་པར་བཤད་པས།  འདི་དག་ལ་ངེས་པར་དུ་འཛེམ་དགོས་པ་རེད།  
          ལྔ་བ།   ཆོ་གའི་རྫས་སྣ་དང་མཚོན་དོན།  
          ལབ་ཙེ་བརྩིགས་གཏོད་ཀྱི་ཆོ་གའི་ཁྲོད་དུ་རྟེན་རྫས་གཙོ་བོ་འགའ་སྟེ་ཀླུ་གཏེར་གྱི་བུམ་པ་དང་།  ས་གཏེར་གྱི་བུམ་པ།  སྲོག་ཤིང་སོགས་རེད།  དེ་ལས་ཀླུ་གཏེར་གྱི་བུམ་པ་ནི་གསེར་དངུལ་ཟངས་གསུམ་མམ་རྫ་གསར་བུམ་པའི་ནང་དུ།  ཛ་ཏི་དང་གཟེ་མ།  འཕང་ཆེན།  བུ་ཤི་རྩེ།  རྡོ་རྒྱུས།  ཁྲ་བོ་གཟི།  རྒྱ་སྤོས།  མགྲོན་བུ་དཀར་པོ།  སྙིང་ཞོ་ཤགུ་གལ་དཀར་པོ།  ཤིང་ལྕང་མ།  ཐང་ལོ།  ར་དཀར་མོའི་འོ་མ་སོགས་དྲི་ལྔ་དང་།  འབྲུ་ལྔ།  སྙིང་བོ་ལྔ།  བདུད་རྩི་ལྔ།  དར་སྣ་ལྔ།  འདོད་ཡོན་ལྔ་རྣམས་ཀྱིས་གཏེར་བུམ་གང་བར་བྱེད་དགོས།  དེའི་དགོས་པ་ནི་ཀླུ་རྒྱལ་པོ་ནོར་རྒྱས་རྟེན་འདི་ལ་བརྟན་པར་བཞུགས་ནས་བདག་ཅག་སློབ་དཔོན་སྦྱིན་བདག་འཁོར་དང་བཅས་པ་རྣམས་ལ་ནོར་དང་འབྲུ་རིན་པོ་ཆེ།  འདོད་དགུའི་ལོངས་སྤྱོད་རྒྱུན་མི་ཆད་པར་འབྱུང་བར་སྩོལ་བའི་དོད་དུ་ཡིན།  ས་གཏེར་བུམ་པ་ནི་རིན་པོ་ཆེ་རྫ་གསར་གྱི་ནང་དུ་ཨ་རུ་ར་དང་སྐྱུ་རུ་ར།   ཛ་ཏི།   ལི་ཤི།   ཅུ་གང་།   གུར་གུམ།   ཀ་ཀོ་ལ།   ལུང་ཐང་།   ག་བུམ།   ཙནྡན་དཀར་དམར།   རྒྱ་མཚོའི་ཝུ་བ།   ལི་ཁྲི།   ཤིང་ལོ་སྣ་ཚོགས།   སྤོར་དཀར།   གསེར་རྡོ།   གཡུ་བྱུར།   ཟངས།   མཆོང་།   ནས་འབྲས་གྲོ་སྲན་ཏིལ་དང་ཟབ་སྣ་དགུ།   སྦྲང་དང་ཀ་ར་བུ་རམ།   ཞོ་འོ་མར།   ཁྲབ་བྱང་མིག་དགུ།   སྟག་གི་སྡེར་མོ།   ཕག་རྒོད་ཀྱི་མཆེ་བ།   དོམ་གྱི་སྣ།   གཟིག་གི་ཐིག་ལེ།   ཉའི་མགོ་རྣམས་ཀྱིས་གཏེར་རྫས་བྱེད་དགོས་ལ།   དེའི་དགོས་པ་ནི་ས་ལ་གནས་པའི་གཞི་བདག་ནི་འཇིག་རྟེན་སྐྱོང་བའི་བདག་པོ་དང་།  ས་འོག་ཏུ་རིན་ཆེན་འདོད་དགུའི་གཏེར་སྣ་ཕུན་སུམ་ཚོགས་པས་ཕྱུག་ཡོད་པ་དེ་དག་གི་བདག་པོ་ཡིན་པ་དང་།  འཇིག་རྟེན་ན་རྩ་ཆེ་བའི་རྫས་སྣ་ཚོགས་གཞི་བདག་གི་གཏེར་དུ་བཅུག་པས་ཡུལ་ལ་བཀྲ་ཤིས་པ་དང་།  ཁྱིམ་ལ་གོ་ཁ་མི་འབྱུང་བར་སྡོངས་གྲོགས་མཛོད་པའི་དོད་དུའང་ཡིན་པ་རེད།  སྲོག་ཤིང་ནི་ལབ་ཙེའི་རྟེན་གྱི་གཙོ་བོ་དེ་ཡིན་ལ།  ལབ་ཙེ་ཡི་རྩ་བ་དང་དབུ་མའི་མཚོན་དོན་ཡིན།  
          སྐུའི་རྟེན་དང་ཐུགས་ཀྱི་རྟེན་དུ་བྱེད་པ་རེད།  དེས་ན་ས་བཟང་བོ་ཞིག་ལ་བརྩིགས་པའི་གསེར་མཁར་གྱི་སྲོག་ཤིང་འབྲི་ཚུལ་ནི་ཤུག་པའི་ཤིང་འདོམས་ཤར་གླིང་བཞི་པྱས་ལ་དྲི་བཟང་དང་བཟང་དྲུག་སྨན་རྣམས་བྱུ་གླ་པའི་རྩེ་ལ་ཉི་ཟླ་ཟླ་གམ་དང་འཁྱུར་བཞི་འབྲི།  དེའི་བར་དུ་བཀྲ་ཤིས་རྟགས་བརྒྱད་འབྲི།  ཤར་དུ་པདྨའི་སྟེང་བུམ་པའི་སྟེང་རིན་ཆེན་ཟུར་བརྒྱད།  དེའི་ཉི་ཟླ་ནོར་བུའི་བརྒྱན་པ།  ལྷོར་གདུགས་དཀར་གསེར་ཉ།  ནུབ་ཏུ་དཔལ་བེའུ།  བྱང་དུ་རྒྱལ་མཚན་འཁོར་ལོ།  འོག་ཏུ་སྟག་སེང་འཁྱུང་འབྲུག་བཞི་འབྲི་ལ།  འདི་ནི་གསེར་མཁར་སྲོག་ཤིང་གི་སྒོ་སྲུང་བཞི་ཡིན།  ཤར་དུ་སེང་གེ་དང་ལྷོར་གཡུ་འབྲུགནུབ་ཏུ་སྟག་དང་བྱང་དུ་ཁྱུང་འབྲི།  ད་རུང་མི་ནོར་དབང་ཐང་སྤེལ་བའི་ཕྱིར་དུ་ཕྱོགས་བཞི་རུ་སྔགས་ཚིག་མི་འདྲ་བ་འབྲི་དགོས།  དེ་ལྟར་བླ་མ་དང་དགེ་འདུན་རྣམས་ཀྱིས་གསེར་མཁར་སྲོག་ཤིང་གི་ཁ་བསྒྱུར་བ་ནི།  བླ་མ་དང་དགེ་འདུན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཡུལ་མི་གཞིས་བྱེས་ཀུན་གྱི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམས་དར་ཞིང་རྒྱས་པར་མཛོད་པའི་དོན་དུའོ།  ད་རུང་ལབ་ཙེ་བརྩིགས་བསྟོད་ལ་མདའ་མདུང་གྲི་གསུམ།  གཞུ་དང་མེ་མདའ།  ཁྲབ་རྨོགརྡེའུ་དཀར།  དམུ་ཐགདར་ལྩོག་གམ་དཔུང་རྒྱན་དགོས།  འོ་ན་འདི་དག་ལ་མཚོན་དོན་གང་འདྲ་ལྡན་ཞེ་ན།  གསེར་མཁར་སྲོག་ཤིང་དུ་འབྲི་བའི་ཉི་མ་ཎི་གསུང་གི་ངོ་བོ་དང་།  ཟླ་གམ་ཎི་སྐུའི་རྣམ་པའི་ངོ་བོ།  ན་དཱ་ཐུགས་ཀྱི་རྣམ་པའི་ངོ་བོ་ཡིན།  རླུང་རྟའི་སྟེང་གི་མཚོན་དོན་གཞིར་བཟུང་ན་ཤར་དུ་སེང་གེ་འབྲི་བ་ནི་རླུང་རྟ་དར་བའི་མཚོན་རྟགས་དང་།  གངས་རི་དང་འོད་ཟེར་གྱི་མཚོན་དོན་ལྡན་པར་བཤད།  ལྷོར་གཡུ་འབྲུག་འབྲི་བ་ནི་དབང་རྒྱས་པའི་མཚོན་རྟགས་ལྡན་ཞིང་མཚོ་དང་ཁེངས་པའི་མཚོན་དོན་ཀྱང་མཆིས་པར་བཤད།  ནུབ་ཏུ་སྟག་འབྲི་བ་ནི་ལུས་དར་བ་དང་བསྐྱེད་པའི་མཚོན་རྟགས་ཡིན་ལ།  ནགས་ཚལ་གྱི་མཚོན་དོན་ལྡན་པར་བཤད།  བྱང་དུ་ཁྱུང་བྲི་བ་ནི་སྲོག་བརྟན་པའི་མཚོན་བྱེད་དེ།  ནམ་མཁའ་དང་རྟག་གཏན་གྱི་མཚོན་དོན་ཀྱང་མཆིས་པ་རེད།  ད་རུང་སྟག་སེང་ཁྱུང་འབྲུག་ནི་འབྱུང་བ་བཞིའི་སྒོ་ནས་མཚོན་པ་ཡང་ཡོད་དེ་མང་པར་དོགས་ནས་མ་བྲིས་ལ།  གསར་མཁར་སྲོག་ཤིང་སྟེང་གི་སྟག་སེང་ཁྱུང་འབྲུག་གི་མཚོན་དོན་གཙོ་བོ་ས་བདག་ཡིན་པར་སྙམ།  
          རྒྱུ་མཚན་ནི་སྲོག་ཤིང་དེ་རིན་པོ་ཆེ་གོས་སྣ་ལྔ་ཡིས་ལེགས་པར་དཀྲིས་ཤིང་དར་ཡུག་དར་ཚོན་སྣ་ལྔས་ལེགས་པར་བཅིངས་ནས།  དམུ་ཐག་དཀར་སེར་དམར་སྔོན་བཞི་ཀས་ཕྱོགས་མདོག་དང་མཐུན་པར་འདོགས་ཤིང་འདི་སྐད་ཅེས་ཟེར་བ་རེད།  ཀྱེ་ཐག་དཀར་ཤར་དུ་འཐེན་པ་འདིར།  །  ས་བདག་ཆེན་པོ་སྟག་སྐྱ་བཞུགས།  །  ཐག་སེར་ལྷོ་རུ་འཐེན་པ་འདིར།  །  ས་བདག་གཡུ་འབྲུག་སྔོན་པོ་བཞུགས།  །  ཐག་དམར་ནུབ་ཏུ་འཐེན་པ་འདིར།  །  ས་བདག་ཆེན་མོ་བྱ་དམར་བཞུགས།  །  ཐག་སྔོན་བྱང་དུ་འཐེན་པ་འདིར།  །  ས་བདག་རུས་སྦལ་ནག་པོ་བཞུགས་ཞེས་པར་བརྟག་ན་ཕལ་ཆེར་སྒོ་སྲུང་ས་བདག་གི་དོན་ཡིན་པར་ངེས།  མདའ་ནི་སྐྱེས་པ་ཕོ་ཡི་མཚོན་བྱེད་ཡིན་པར་གསུངས་ལ།  ཚུལ་དེ་ལས་སྐྱེས་པ་ཕོ་རྣམས་ནི་ཡུལ་ལྷའི་སྲུང་སྐྱོབ་འོག་གནས་ཡོད་པར་སེམས་ཏེ།  བསང་མཆོད་དུ་སྐྱེས་དམན་རྣམས་འགྲོ་མི་ཆོག་པ་རེད།  མདུང་ནི་དགྲ་བགེགས་སྙིང་ལ་གཟེར་བའི་ཚབ་དང་།  གྲི་ནི་དགྲ་བགེགས་སྲོག་གཅོད་པའི་དོད་དང་།  ད་རུང་མེ་མདའ་ནི་ཐོག་གི་ཤུགས་དང་ལྡན་པའི་མཚོན་རྟགས་སུ་འཇོག་པ་རེད།  རྡེའུ་དཀར་ནི་སེམས་དཀར་པོ་དང་སེམས་བརྟན་པ།  ཕོ་ལྷ་དར་བའི་མཚོན་བྱེད་ཡིན་ཏེ།  རྡོ་དཀར་དྲུག་གསུམ་བཅོ་བརྒྱད་འདི།  །  ཕོ་ལྷ་བརྩིས་པའི་བརྩིས་རྡོ་ཡིན།  །  དགྲ་ལྷ་བརྩིས་པའི་བརྩིས་རྡོ་ཡིན།  །  ཅང་སེ་གཉན་གྱི་བླ་རྡོ་ཡིན་ཞེས་པ་བཞིན་ཕོ་ལྷ་དར་བའི་དོད་དུ་འཇོག་པ་རེད།  དམུ་ཐག་ནི་གཙོ་བོ་བལ་གྱིས་སླས་ཡོད་ལ།  དེའི་མཚོན་དོན་ནི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་“དམུ་ཐག་ནི་བོད་ཀྱི་བཙན་པོའི་རྣམས་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་པའི་ཡོ་བྱད་འབའ་ཞིག་མ་ཡིན་པར།  དེ་ནི་མི་རྣམས་སྐྱེ་དུས་སུ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་དངོས་པོ་ཞིག་ཡིན་པར་འདོད་”ཅེས་གསུངས་ལ།  རྡོ་གཉན་དཀར་པོ་བཅུ་གསུམ་གྱིས།  །  ལབ་ཙེ་བཅུ་གསུམ་ངོ་སོ་བསྟོད།  །  དམུ་ཐག་དཀར་པོ་བཅུ་གསུམ་གྱིས།  །  ལབ་ཙེ་བཅུ་གསུམ་ངོ་སོ་བསྟོད།  །  མདའ་གདུང་རལ་གྲི་བཅུ་གསུམ་གྱིས།  །  ལབ་ཙེ་བཅུ་གསུམ་ངོ་སོ་བསྟོད།  །  མཛེས་པའི་སྤྱན་གཟིགས་བཅུ་གསུམ་གྱིས།  །  ལབ་ཙེ་བཅུ་གསུམ་ངོ་སོ་བསྟོད།  །  ཅེས་པར་བརྟག་ན་དམུ་ཐག་བཅུ་གསུམ་གྱི་གྲངས་ཀ་ཚང་དགོས་པ་དེ་ནི་ལབ་ཙེ་བཅུ་གསུམ་ཡོད་པ་དེ་དག་གི་སྐལ་ཡིན་པ་རེད།  དར་ལྩོག་གམ་དཔུང་རྒྱན་ནི་དབང་ཐང་ཆེ་བ་དང་བཀྲ་ཤིས་པ།  བསམ་ཐོག་ལ་རྟ་རྒྱུགས་པ་དང་འདོད་ཐོག་ལ་ཆར་འབབ་པ།  དཀོན་མཆོག་གསུམ་གྱི་འཕྲིན་ལས་མི་ཉམས་པ་སོགས་ཀྱི་དོན་མཚོན་པ་རེད།  རླུང་རྟ་ནི་ཁ་ལས་དར་བའི་དོད་དུ་ཁྲི་རྟ་དང་འབུམ་རྟ་བྱས་ནས་སྤུར་བ་རེད།  མདོར་ན་ལབ་ཙེ་བརྩིགས་པའི་གཏེར་རྫས་དང་རྫས་སྣ་གང་རུང་ཞིག་ཡིན་རུང་དེར་བོད་རང་གི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་མཚོན་དོན་ཁྱད་པར་ཅན་ལྡན་པས།  ང་ཚོས་འདིའི་རིགས་ལ་སྔར་ལས་ལྷག་པར་འཚོལ་བསྡུ་དང་ཞིབ་འཇུག་བྱེད་རྒྱུ་གལ་ཆེ་བར་སེམས།  
          དྲུག་པ།  དངོས་སུ་བསྟོད་པ་དང་གསོལ་མཆོད།  
          ཐོག་མའི་གྲ་སྒྲིག་གི་རིམ་པ་ཚར་ན།   ལབ་ཙེ་དངོས་སུ་བརྩིགས་བསྟོད་བྱེད་དགོས་པ་རེད།  ལབ་ཙེ་བརྩིགས་བསྟོད་བྱེད་པའི་ཉིན་མ་དེ་ནི།   ཉི་མ་བཟང་བོ་སྐར་མ་བཟང་བོ་ཞིག་ཡིན་དགོས་ཏེ།   དཔེར་ན་དྲུག་པའི་ཚེས་བཅུ་གཅིག་ལྟ་བུ་རེད།   ཉིན་འདི་ནི་གཟའ་སྐར་འཕྲོ་སྦྱོར་འགྲིག་ཅིང་།   ཡུལ་ལ་རང་བྱུང་གནོད་འཚེ་མི་ཡོང་བ་དང་།  བཀྲ་ཤིས་ཤིང་བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་ཉི་མ་ཁྱད་པར་བ་ཞིག་པ་རེད།   དེ་ནས་ཀླུ་གཏེར་དང་ས་གཏེར།   སྲོག་ཤིང་སོགས་ས་རྟགས་བརྒྱབ་ཡོད་པའི་གནས་དེར་འཁུར་ནས།  ལབ་ཙེ་བརྩིགས་བསྟོད་ཀྱི་འགོ་རྩོམས་པ་རེད།   དེའི་སྐབས་སུ་བླ་མའི་རྗེས་ཀྱི་གྲྭ་བ་སོགས་ཀྱིས་དང་པོར་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་བཞིན།  ཀྱཻ་སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག ཆོས་ཉིད་ཆགས་དང་བྲལ་བའི་བདེན་པའི་མཆོག དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག བདེན་པའི་མཆོག་ནི་དཀོན་མཆོག་གསུམ་དག་གིས།  །   ཉི་མ་ཐམས་ཅད་དགེ་བ་ཡིན།  རྒྱུ་སྐར་ཐམས་ཅད་བཟང་བོ་ཡིན།  །   སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ།  །  བདེན་པའི་བདེན་ཚིག་འདི་བརྗོད་པས།  །  བཅོལ་བའི་ལབ་ཙེ་ལེགས་འགྲུབ་ཕྱིར།  །  དེ་རིང་བདག་སོགས་མགོན་སྐྱབས་སུ།  །   བླ་མ་ཡི་དམ་དཀོན་མཆོག་གསུམ།  །   སངས་རྒྱས་ཆོས་དང་དགེ་འདུན་དང་།  །  བྱང་སེམས་ཉན་ཐོས་རང་ལ་སོགས།  །   དཔའ་བོ་མཁའ་འགྲོ་ལ་སོགས་པའི།  །   བཀའ་སྡོད་ཅན་སྲུང་མ་དང་།  །   སྟེང་འོག་ཕྱོགས་བཅུ་དག་གནས་པས།  །  ལྷ་ཀླུ་གཞི་བདག་ཕྱོགས་སྐྱོང་བཅུ།  །  སྡེ་བརྒྱད་བྲན་གཡོག་འཁོར་དང་བཅས།  །  ཁྱད་པར་ཡུལ་ཕྱོགས་འདི་དག་གིས།  །  སྐྱོབས་བྱེད་ལྷ་ཀླུའི་རིགས་ལ་སོགས།  །  གཉུག་མར་གནས་པ་ཐམས་ཅད་ཀུན།  །  རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ།  །   ཐོགས་པ་མེད་པར་འདིར་བྱོན་དང་།  །  ལབ་ཙེ་དཀྱིལ་འཁོར་གནས་འདི་རུ།  །  བདག་གིས་མཆོད་རྫས་དགའ་སྟོན་བཤམས།  །  རང་དང་མོས་པའི་རྟེན་རྫས་འབུལ།  །   དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ།  །   རབ་འབྱམས་རྒྱ་མཚོ་དཔག་མེད་ན།  །  མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་།  །  སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགས།  །  ཡིད་འོང་གཟུགས་གྲུབ་མཆོག་རྣམས་བསྩལ་དུ་གསོལ།  །  སྣ་ཚོགས་འབྲུ་དང་གནག་རྟ་རྐང་འགྲོས་ཡིས།  །  བྱུང་བའི་མྱོས་བྱེད་བཏུང་བའི་རྒྱ་མཚོ་འདི།  །   ཨོྃ་ཨཱ༵ཿཧཱུྃ་གིས་བདུད་རྩི་བྱིན་རླབས་ནས།  །   བླ་མ་ཡི་དམ་མགྲོན་རིགས་ཚོགས་ལ་འབུལ།  །   ལེགས་པར་བཞེས་ལ་དོན་ཀུན་མྱུར་དུ་བསྒྲུབ།  །  ཅེས་སྐྱབས་གནས་དཀོན་མཆོག་གསུམ་ལ་ཐོག་མའི་མཆོད་པ་འབུལ་དགོས་པ་དང་།  བཅོལ་བའི་ལབ་ཙེ་ལེགས་པར་འགྲུབ་པར་དཔའ་པོ་ཡི་དམ་མཁའ་འགྲོལྷ་ཀླུ་གཞི་བདག་སོགས་ཀྱིས་མགོན་སྐྱབས་མཛད་དགོས་པར་འདོན་མཆོད་བྱེད་པ་རེད།  
          དེ་ནས་སྔོན་དུ་བརྐོས་ཡོད་པའི་ཀླུ་གཏེར་དང་ས་གཏེར་སྦས་སར་ཤུག་པ་སོགས་བཟང་དྲུག་བདུག་ནས་མི་གཙང་བའི་དྲི་ཐམས་ཅད་མེད་པར་བྱས་ཤིང་།  དེ་ནས་ཐོག་མར་ཀླུ་གཏེར་འབུལ་ཞིང་།  དེ་ནས་ས་གཏེར་དང་།  དེ་ནས་སྲོག་ཤིང་འཛུགས་པ་རེད།  སྲོག་ཤིང་འཛུགས་པའི་ལག་ལེན་གྱི་རིམ་པ་ནི་རས་དཀར་དྲི་མ་མེད་པའི་སྟེང་དུ་ནས་དཀར་ཀྱིས་གཡུང་དྲུང་གཡས་འཁྱིལ་བྲིས་ལ།  དེའི་སྟེང་དུ་རིན་པོ་ཆེ་གཏེར་བུམ་དང་རྫ་བུམ་གསར་བའི་ནང་དུ་གསེར་དངུལ་གཡུ་བྱུར།  མུ་མེན་སོགས་རིན་པོ་ཆེ་སྣ་ཚོགས།  བཟང་དྲུགཀླུ་སྨན་འབྲུ་སྨན།  དཀར་གསུམ།  མངར་གསུམ།  རྫས་བཟང་བོ་བསགས་ཏེ་གཏེར་བུམ་དར་ཚོན་སྣ་ལྔས་དཀྲིས་ཏེ།  དེའི་སྟེང་དུ་སྲོག་ཤིང་འཛུགས་པ་རེད།  སྲོག་ཤིང་འཛུགས་དུས་ངེས་པར་དུ་དོ་སྣང་བྱེད་དགོས་ས་ནི་གཏེར་སྒོ་གང་དུ་བསྐོར་མིན་དེ་རེད།  གཏེར་སྒོ་གང་དུ་འཇོག་མིན་དེ་གནད་གཙོ་བོ་གཅིག་ཡིན་པས།  གཏེར་བདག་བླ་མས་ས་དཔྱད་ལེགས་པར་གནང་རྗེས་སུ་རི་བོ་ནགས་ཀྱིས་བཀླུབས་པ་ཞིག་གི་ཕྱོགས་སུ་བསྐོར་བ་རེད།  དེ་བས་སྲོག་ཤིང་གི་ཕྱོགས་གཙོ་བོ་དེ་ཡང་དེའི་ཕྱོགས་སུ་བསྐོར་དགོས་པ་རེད།  སྲོག་ཤིང་བཙུགས་ཚར་རྗེས་སུ་དར་ཚོན་སྣ་ལྔའི་དམུ་ཐག་ཕྱོགས་བཞིར་འཐེན་ལ།  སྒོས་སུ་སྲོག་ཤིང་གི་མདུན་དུ་ཆུའི་མཆོད་པ་དང་དཀར་གསུམ་གྱི་མཆོད་པ་འབུལ་དགོས་པ་རེད།  སྐབས་དེར་གཏེར་བདག་བླ་མས་ཀྱཻ་སྲིད་པ་རྒྱུད་ཀྱི་ལབ་ཙེ་ཁྱོད།  །  རིགས་དྲུག་སེམས་ཅན་སྨོན་པའི་གནས།  །  ལྷ་དང་སྲུང་མའི་གཞལ་ཡས་ཁང་།  །  ཕོ་ལྷ་དགྲ་ལྷའི་རྟེན་ས་ཡིན།  །  ཀླུ་དང་ས་བདག་འདྲས་ས་ཡིན།  །  གཉན་དང་བཙན་རྣམས་འཁོར་གནས་ཡིན།  །  ཡོན་བདག་རྣམས་ཀྱི་མགོན་སྐྱབས་ཡིན།  །  རྣལ་འབྱོར་བདག་གིས་ཁ་འཛིན་ཡིན།  །  བྱེས་སུ་འགྲོ་བའི་ལམ་སྣ་ཡིན།  །  ཡུལ་དུ་འདུག་ན་རྒྱབ་རྟེན་ཡིན།  །  དགྲ་གནོན་འབྱུང་བོའི་ཁ་གནོན་ཡིན།  །  དེ་རིང་བདག་གིས་ཁྱེད་མཆོད་པས།  །  བདག་གི་མགོན་རར་སྐྱབས་མཛོད་ཅིག།  གཞི་མགྲོན་རྣམས་ཀྱི་རྫེའུ་མཛོད།  །  འོག་རྟ་བཙན་ད་དང་དགྲ་ལ་མ་སྐུར་ཅིག།  སྲབ་མདའ་མི་ལ་མ་བཞིན་ཅིགབདག་མགྲོན་ནོར་འདོད་ནོར་དང་སྤྲོད།  །  རྒྱལ་འདོད་བདག་ཅག་རྒྱལ་དང་སྤྲོད།  །  ཇི་ལྟར་བསམ་པའི་དོན་རྣམས་ཀུན།  །  བདག་སོགས་ཁ་འཛིན་རྒྱབ་རྟེན་མཛོད།  །  ཅེས་ཡུལ་ལྷ་གཞི་བདག་ལ་རེ་བཅོལ་དང་བཀའ་བསྒོ་གནང་བ་རེད།  དེ་དུས་ཡུལ་མི་རྣམས་ཀྱིས་ཀྭི་སོའི་ངར་སྒྲ་སྒྲོག་ཅིང་།  མེ་མདའ་འཕེན་པ་དང་ཞོག་པགས་སོགས་འཕེན་པར་བྱེད།  དེ་ནི་རང་ཡུལ་ལྷའི་མགོ་འཕང་མཐོ་ཞིང་ཕྱོགས་བཞིའི་དགྲ་མགོ་གནོན་ཞིང་དགྲ་ལ་འཇིགས་པ་སྟེར་བའི་དོད་དུ་ཡིན་པར་བཤད།  
          དེ་ཚར་རྗེས་སུ་ད་གཟོད་མདའ་འཇོག་པ་རེད།  མདའ་ལ་རིགས་སྣ་ཚོགས་ཡོད་དེ་ཁྱིམ་ཚང་རེ་ལ་མདའ་དཀར་བཅུ་གསུམ་རེ་དགོས་ལ་དེའི་འཕྲོ་ནས་རང་གི་དཔལ་འབྱོར་གྱི་ནུས་ཚོད་ཀྱིས་མདའ་དམར།   མདའ་ཆེན།   སྒྲོ་མདའ།   ལྕགས་མདའ་སོགས་མང་པོ་ཡིས་ལབ་ཙེ་བསྟོད་པ་རེད།   དེའི་ཁྲོད་དུ་རང་གི་རྩ་བའི་བླ་མ་གཏེར་བདག་ལ་མདའ་ཆེན་པོ་ཞིག་ཡོད་ལ།  དེ་ནི་མདའ་ཀུན་གྱི་གཙོ་བོ་ཡིན་པས་གཞན་པའི་མདའ་ནི་དེ་ལས་རིང་བོ་བྱེད་མི་ཆོགཞོར་དུ་དར་ལྕོག་འཕེན་པ་དང་།  རླུང་རྟ་སྤུར་བ་རེད།  རླུང་རྟ་སྤུར་བའི་དགོས་པ་སོགས་བཤད་རྒྱུ་མང་ཀྱང་།  ཡིག་ཚོགས་ཀྱི་རྐྱེན་པས་མ་བཀོད།  ལབ་ཙེ་བརྩིགས་བསྟོད་བྱས་ཚར་མ་ཐག་ཏུ་ཤུག་བསང་གཏོང་བ་རེད།  བསང་རྫས་ལ་འང་མར་དང་རྩམ་པ།  ཡས།  ཉིན་གྱི་ཤུག་པ་དང་།  སྲིབ་ཀྱི་ཁམས་པ།  མེ་ཏོག་སྣ་ཚོགས་སོགས་དགོས་ལ།  ཤུག་པ་མ་ཡིན་པའི་ཚེར་མ་དང་དམར་གསུམ་སོགས་ལ་འཛེམ་དགོས་པ་རེད།  དེ་བཞིན་ཤུག་བསང་གཏོང་པ་དང་མཉམ་དུ་རི་རྒྱལ་གྱི་གསོལ་མཆོད་འདོན་པ་རེད།  《རི་རྒྱལ་གྱི་བསང་མཆོད་བསྡུས་པ》་ཞིག་ཡོད་པ་དེ་དཀྱུས་སུ་བཀོད་ན།  ཀྱེ་ཕྱི་ལྟས་ས་འཛིན་དབང་བོའི་རྣམ་པ་ལ།  །  ནང་དུ་རིན་ཆེན་ལས་གྲུབ་གཞལ་མེད་ཁང་།  །  དེའི་དབུས་ཡུལ་ལྷའི་རྒྱལ་པོ་རི་བོ་ཆེ།  །  སྐུ་མདོག་མར་གད་མདངས་ལྡན་ཁྲོ་ཚུལ་ཅན།  །  ཕྱག་གཡས་དར་མདུང་དཀར་པོ་མཁའ་ལ་འཕྱར།  །  གཡོན་པ་དགྲ་བགེགས་འཆིང་བྱེད་ཞགས་པ་འཛིན།  །  སྐུ་ལ་དར་དཀར་ལྷབ་ལྷུབ་མཛེས་པར་གསོལ།  །  རྟ་མཆོག་ངང་བའི་སྟེང་ན་རབ་འགྱིངས་པའི།  །  རེ་འགར་ཞོལ་གཡག་ནམ་མཁའི་མདངས་འདྲ་ཆིབས།  །  གཡས་པས་ཐོག་རྒོད་དང་མཚུངས་མདའ་འཛིན་ཅིང་།  །  གཡོན་པས་གློག་དམར་འཁྱུག་འདྲའི་གཞུ་མཆོག་འཛིན།  །  མཐའ་བསྐོར་རི་དང་ནགས་ཚལ་ཆུ་མིག་ལ།  །  གནས་པའི་ཀླུ་བདུད་བཙན་གསུམ་འཁོར་བཅས་ཀྱིས།  །  སྔོན་ཚེ་པད་འབྱུང་སྤྱན་སྔར་ཁས་བླངས་བཞིན།  །  བདག་ཅག་བསམ་དོན་བསྒྲུབ་ཕྱིར་གནས་འདིར་བྱོན།  །  མདུན་དུ་དཀར་གསུམ་མངར་གསུམ་བསང་རྫས་སོགས།  །  བརྒྱ་ཕྲག་བསྲེགས་པའི་དུ་པའི་སྤྲིན་ཕུང་གིས།  །  ཡུལ་སྐྱོང་ཆེན་པོ་འཁོར་དང་བཅས་པ་བསང་།  །  ཐུགས་རྒྱུད་ཟག་མེད་བདེ་བས་ཚིམས་གྱུར་ནས།  །  བདག་གི་ཡིད་ལ་བསམ་པའི་རེ་འབྲས་རྣམས།  །  མཐུ་རྩལ་རབ་ལྡན་ཡུལ་སྐྱོང་འཁོར་བཅས་ཀྱིས།  །   འབད་མེད་བདེ་ལེགས་འགྲུབ་པའི་འཕྲིན་ལས་མཛོད།  །  ཅེས་པ་དང་།  
          གང་གི་མཐུ་སྟོབས་རྡོ་རྗེ་རྩེ་བརྒྱ་བ།  །  ལེགས་པར་ཁུར་བས་སྡང་དགྲ་བཅོམ་པ་དང་།  །   ཁྱོད་ཀྱི་མཚན་སྙན་གྲགས་པའི་བ་དན་དཀར།  །   ཕྱོགས་བཅུར་བསྒྲེང་པའི་འཕྲིན་ལས་མ་ལུས་སྒྲུབས།  །   ཁྱད་པར་མི་ནོར་ཕྱུགས་གསུམ་མཐའ་དག་གི།   མགོན་སྐྱབས་དཔུང་གཉེར་གཡེལ་བ་མ་མཛད་པར།  །  གཞི་ལམ་བྱེས་གསུམ་ཀུན་ཏུ་མཐུན་པའི་རྐྱེན།  །  ཇི་བཞིན་སྒྲུབ་པའི་འཕྲིན་ལས་མ་ལུས་སྒྲུབས།  །  ཞེས་པ་འདི་ཡིན་ལ།  འདི་ནི་གཞུང་ཡིག་ཁྲོད་ཀྱི་རི་རྒྱལ་གྱི་བསང་མཆོད་ཡིན་ལ།  རང་རེའི་རྒན་པ་རྣམས་ཀྱི་བསང་མཆོད་ནི་དེ་དང་ཅུང་མི་འདྲ་བར།  ཤར་ཕྱོགས་དུང་རི་དཀར་པོའི་རྩེ་མོ་ན་བཞུགས་པའི།  རི་རྒྱལ་ལྷུན་པོ་བརྩེགས་པའི་ཕོ་བྲང་ན་བཞུགས་པའི།  འཇའ་ཚོན་སྣ་ལྔ་འཁྱིལ་བི་གུར་ཁང་ན་བཞུགས་པའི།  ལྷ་ཆེན་གཉན་རྒོད་སྨུག་པོ།  ཀླུ་བདུད་བློན་ཆེན་བདུད་འདུལ།  དཔའ་བོ་གཡུལ་རྒྱལ།  གྲོགས་བྱེད་ཀི་གཞི་བདགགྲོགས་བཅའ་ནིའི་གཞི་བདགགྲོགས་མཐུན་ནིའི་གཞི་བདགརྟ་མཆོག་ངང་དཀར་བཅིབས་པའི་ཡུལ་སྐྱོང་དགྲ་ལྷའི་རྒྱལ་པོ།  ཤར་གྱི་བློན་པོ་རྟ་སྔོན་ཅན།   ཡུམ་ཆེན་དུང་སྐྱོང་དཀར་མོ།   ཀླུའི་རྒྱལ་པོ་བུ་ག་སྟོང་གི་ཐོར་གཙིགསཅན་མ་འབྲུལ་ལ་བཅིབས་པ།  སྲས་མཆོག་དགྲ་འདུལ་ཐོག་འབེབ་སྟག་བཞོན་ཅན།   ཀླུ་བདུད་བཙན་གྱི་བློན་པོ་དོམ་བཞོན་ཅན།   དགྲ་ལྷའི་རྟ་ཐིག་དཀར་པོ།  སྨན་དེའུ་ལྷ་མོ་མཆེད་གསུམ་ཤྭ་ལ་ཆིབས་པ།  སྐྱས་ལ་ཕ་མ་འདྲ་འདྲ་བོ།  ཕ་མས་བུ་ཕྲུག་སྐྱོང་སྐྱོང་བྱོས།  དོང་ཆུ་ཐག་པས་འཐེན་འཐེན་བྱོས།  ཟས་དང་ཟ་མ་ཁ་གཏུགས་དགོས།   རྒྱུ་དང་ནོམ་པ་ལ་གཏུགས་དགོས།  ས་བཀུག་ཆེན་ཕུ་མདོ་ན་གནས་པའི་ལྷ་ཀླུ་གཞི་བདག་ཁྱེད་དམ་པ་རྣམ་གསུམ་གྱིས།  ལོ་བསྐོར་ཟླ་བ་བཅུ་གཉིས།   ཕྱག་བསྐོར་གསུམ་བརྒྱ་དྲུག་ཅུར།   ཐུགས་དམ་དང་སྐྱབས་འོག་ཏུ་འཛིན་དགོས།  མི་ལ་མི་འདོད་གི་ན་ཚ་ཡོང་གི་མ་འཇུགཟོག་ལ་མི་འདོད་གི་གོ་ཁ་ཡོང་གི་མ་འཇུགདགྲ་ཁ་རྐུན་ཁ་སྡང་གི་མ་འཇུགཁྱི་ཁ་སྤྱང་ཁ་ལྡང་གི་མ་འཇུགགར་སོང་ས་ནས་བཀྲ་ཤིས་དགོས།  གར་བསྡད་ས་ནས་དོན་འགྲུབ་དགོས།  བསམ་ཐོག་ལ་རྟ་རྒྱུག་དགོའོདད་ཐོག་ལ་ཆར་འབབ་དགོ མི་རབས་ལ་རྡུལ་རྩུབས་དགོ རྟ་རབས་ལ་ཁྲལ་འཇལ་དགོ འགོག་མཁན་ལ་འགོན་གིན་མ་འཇུག གཡིབ་མཁན་ལ་གཡིབ་གི་མ་འཇུག བསྐོར་བསྐོར་བྱས་ན་དཀྱིལ་ནས་འདུག་ནི།  ཤུར་ཤུར་བྱས་ན་མགོ་ནས་འདུག་ནི།   བསྒོ་ན་སྐལ་ཅན་བཟི།   བོས་ན་མྱིང་ཅན་བཟི་ཡིན་དགོས་སོགས་དང་།  མཇུག་ཏུ་དེ་རིང་ཉི་མ་བཟང་བོ་བསྐུར་ནི་ཡིན།   ཟླ་བ་བཟང་བོར་མཆོད་ནི་ཡིན།  ལྷ་བཏང་གི་ཉི་མར་མཆོད་ན།  སེམས་དྲིས་པའི་ཉིན་ལ་ཡོད་འདུག་དགོཀྭི་ཀྭི་སྭོ་སྭོ་ལྷ་རྒྱལ་ལོ།  བར་སྣང་གི་ལྷ་རྒྱལ་ལོ།  ས་སྟེང་གི་མི་རྒྱལ་ལོ།  ས་འོག་གི་ཀླུ་རྒྱལ་ལོ་ཞེས་པསང་འབོད་ཡ་མཚན་པ་བྱེད་ལ།  ཡིག་ཚོགས་ཀྱི་དབང་གིས་འདི་ཙམ་གྱིས་ཆོག་པར་བྱ།  མཇུག་ཏུ་གཏེར་བདག་བླ་མས་ལབ་ཙེ་ལ་རབ་གནས་ཆེན་མོ་བྱས་ཙ་ན།  དགུང་ནས་བྱ་རྒོད་འཁོར་ན་དགྲ་ལྷ་འཁོར་བ་དང་།  ཆར་བབས་ན་ཁྲུས་གསོལ་གནང་བ།  འཛའ་ཚོན་ཤར་ན་ཡུལ་ལྷ་གཞི་བདག་དགའ་བའི་ལྟས་སུ་བཤད་ཚུལ་ཡོད་པས་ཡུལ་མི་རྣམས་ཀྱིས་དེ་ལ་བརྩི་མཐོང་དང་རེ་སྒུག་བྱེད་པའི་སྲོལ་ཡོད་ལ།  དེ་ནི་མི་རིགས་ཤིག་གི་རྟེན་འབྲེལ་རིག་གནས་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན་པར་སེམས།  
          བདུན་པ།   ལབ་ཙེ་བརྩིགས་བསྟོད་ཀྱི་ཁྱད་ཆོས།  
          རང་རེའི་བོད་ཀྱི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་སོགས་གང་ཡིན་རུང་།   ལབ་ཙེ་མི་བརྩིགས་པའི་ས་ནི་མེད་པར་འཁུམས་ལ།  ཡུལ་ལུང་སོ་སོའི་ལབ་ཙེ་བརྩིགས་ཚུལ་ལ་རང་བྱུང་གི་ཁོར་ཡུག་དང་དངོས་པོའི་ཐོན་སྐྱེད།   ཡུལ་སྲོལ་གོམས་གཤིས་སོགས་ཀྱི་དབང་གིས་གཅིག་མཐུན་དུ་མ་ངེས།  འོ་ན་མདོ་སྨད་ཀླུ་ཆུ་འབབ་ཡུལ་གྱི་ལོ་ཚོ་སྡེ་བའི་ལབ་ཙེ་བརྩིགས་པར་ཐུན་མིན་གྱི་ཁྱད་ཆོས་ག་འདྲ་ལྡན་ཞེ་ན།   
          (གཅིག) རི་མཐོན་པོར་བརྩིགས་པའི་ཁྱད་ཆོས།   སྤྱིར་བཏང་དུ་བཙན་པོའ་ིལབ་ཙེ་རི་ཡི་རྩེ་མོ་དང་།  །  འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ།  །  ཕྱུག་པོའི་ལབ་ཙེ་རི་ཤོལ་ཀླུང་དུ་བརྩིགས།  །  ཡུལ་མིའི་བཙན་ཕྱུགས་འཕན་གསུམ་དར་བར་བྱས།  །  ཞེས་གསུངས་ཡོད་མོད།  ང་ཚོའི་ཡུལ་ལུང་ལ་མཚོན་ན།  ལབ་ཙེ་ཕལ་ཆེ་བ་རི་མཐོན་པོའི་རྩེ་མོར་བརྩིགས་ཡོད།  ས་དཔྱད་ལ་བརྟག་ནས་ས་བཟང་ལྟས་བཟང་ཡིན་ན་རི་ཤོལ་དང་ཁེལ་ཁ་རུ་བརྩིགས་པའང་ཡོད།  རི་རྩེར་འཛུགས་པའི་དགོས་པ་ནི་རྫ་རི་ལྟར་མཐོ་ན་དེའི་དབང་ཐང་དེ་ལྟར་མཐོ་བའི་རྟགས་སུ་འདོད་པས་ཡིན།  ངག་རྒྱུན་དུ་ཤིག་བསང་གཏོང་དུས་སུ།  ནམ་ཉི་མ་རྩེ་ཤར་གྱི་དུས་སུ་ལྷ་བསང་བཏང་ན་ཤེས་རབ་རྒྱས་ཤིང་འཕྲིན་ལས་དར་བར་བཤད་ལ།  ཉིན་གུང་དུ་ལྷ་བསང་བཏང་ན་ཕྱུག་པོ་ཆགས་པར་ཕན་པར་བཤད།  དགུང་ཕྱི་དྲོར་ཤུག་བསང་བཏང་ན་རྐུན་ཇག་ལ་སོང་ན་འདོད་དོན་འགྲུབ་པ་དང་།  ཕ་རོལ་གྱི་དགྲ་དཔུང་བཅོམ་པར་གྲོགས་བྱེད་ཐུབ་པར་བཤད།  དེ་བས་རང་ལ་གང་ཞིག་གི་གྲོགས་དགོས་དུས་སུ་ངེས་པར་དུ་དུས་ཚོད་མ་ནོར་བར་ལྷ་བསང་གཏོང་པ་རེད།  
          (གཉིས།  ) ལབ་ཙེ་བསྟོད་པའི་གོ་རིམ་གྱི་ཁྱད་ཆོས།   ང་ཚོའི་ཡུལ་ཕྱོགས་སུ་སྡེ་བ་གཅིག་ལ་མཚོན་ན་ལབ་ཙེ་མི་འདྲ་བ་གསུམ་རེ་མེད་མཁན་ཕལ་ཆེར་མེད།   རྒྱུ་མཚན་ཡུལ་ལྷ་གཞི་བདག་ལ་དང་པོ་སྐྱེས་ལྷ་ཨ་མྱེས་རི་རྒྱལ་ཡོད་པ་དང་།  དེའི་སྲས་མཆོག་དགྲ་འདུལ་དང་།  ཡུལ་སྐྱོང་བའི་ཀླུ་བདུད་བཙན་གྱི་བློན་པོ་གཉིས་ཡོད་པས་ཡིན།  ལབ་ཙེ་བརྩིགས་བསྟོད་བྱེད་དུས་སུའང་ཐོབ་ཐང་གི་རིམ་པ་ལྟར་བསྟོད་པ་ཡིན།  དང་པོ་ཡུལ་གྱི་གཞི་བདག་གི་གཙོ་བོ་དགྲ་ལས་རི་རྒྱལ་བརྩིགས་བསྟོད་བྱེད་པ་ལ།  མདའ་དང་དཔུང་རྒྱན།  རླུང་རྟ།  བསང་ཤུགབསང་རྫས།  མུ་ཐགམདའ་དར།  བསྟོད་རྡེའུ།  བསྟོད་ནས་སོགས་གྲ་སྒྲིག་བྱས་ཚར་ན།  དང་པོ་ཤུག་པ་ནི་གཙང་མའི་མཆོག་དང་དྲི་ཡི་མཆོག་ཏུ་བརྩི་བས་ཐོག་མར་བསྟོད་རྫས་ཐམས་ཅད་ལ་ཤུག་བདུག་བྱེད་དགོས།  དེ་ནས་རིམ་གྱིས་དཔུང་རྒྱན་འཐེན་པ་དང་།  ལྷ་བསང་གཏོང་བ།  མདས་བསྟོད་པ།  བསང་འབོད་བྱེད་པ།  རྡེའུ་དཀར་དང་ནས་འབྲུས་བསྟོད་པ།  རླུང་རྟ་སྤུར་བ།  མུ་ཐག་འཐེན་པ་སོགས་གོ་རིམ་མ་ནོར་བར་བྱེད་དགོས།  དེ་ནས་གཉིས་པ་ལ།  དགྲ་འདུལ་བཙན་གྱི་བློན་པོ་བརྩིགས་བསྟོད་བྱེད་པ་ལ།  བསྟོད་པའི་རིམ་པ་གོང་དང་འདྲ་རུང་མི་འདྲ་བའི་གནད་གཅིག་ནི།  དཔུང་རྒྱན་དང་མདའ་གང་ཡིན་རུང་མདོག་དམར་པོ་ལས་དཀར་སེར་ལྗང་སྔོན་སོགས་ཀྱིས་རྩ་བ་ནས་བརྩིགས་བསྟོད་བྱེད་མི་ཆོགརྒྱུ་མཚན་ནི་དགྲ་འདུལ་བའི་བློན་པོ་ཡིན་ན་དམར་པོ་ནི་གཅིག་ན་དམར་ལས་དང་མི་དགེ་བའི་ལས་ཀྱི་མཚོན་བྱེད།  གཉིས་སུ་ན་མདོག་དམར་པོ་ནི་དབང་གི་མཚོན་རྟགས་སུ་འདོད་པས་དབང་དྲག་ཆེ་ཞིང་ཕ་རོལ་པོ་ཟིན་གྱིས་གནོན་པའི་ནུས་པ་ཁྱད་པར་ཅན་ལྡན་པའི་དོད་དུ་འཇོག་པ་ཡིན་པའི་རྐྱེན་རེད།   གསུམ་ཎི་ད་གཟོད་ཀླུ་བདུད་བཙན་གྱི་བློན་པོ་བསྟོད་པ་ཡིན་ལ་རིམ་པ་ནི་གོང་དང་འདྲ།  
          (གསུམ།  ) ལབ་ཙེ་བརྩིགས་བསྟོད་དུ་ཤིང་ཆ་མང་པའི་ཁྱད་ཆོས།   ཟམ་ཚ་རོང་འབྲོག་ཚོ་དྲུག་གི་ཡ་གྱལ་མཛོད་ཚང་གི་ཁོངས་སུ་གཏོགས་པའི་ལོ་ཚོ་གཡང་སྡེ་ཕྱུག་མོར་མཚོན་ན།  རྩྭ་ཆུ་ཤིང་གསུམ་འཛོམས་པའི་ལྕང་གཡོ་ལུང་མདོ་རུ་ཆགས་ཡོད་ལ།   དེར་སྟོད་ན་རྩྭ་ཆུའི་རྒྱས་ཤིང་།   སྨད་ན་ནགས་ཚལ་ཤིང་རིགས་མོད་པའི་ཡུལ་དགེ་བཅུ་ཚང་བ་ཞིག་ཡིན་པས།   ཡུལ་འདིའི་མི་རྣམས་ཀྱིས་ལབ་ཙེ་བརྩིགས་བསྟོད་ཀྱི་སྐབས་སུ་ཤིང་ཆ་རིགས་བཀོལ་བ་ཧ་ཅང་མང།  དཔེར་ན།  མདའ་ལ་མཚོན་ན།  སྤྱིར་བཏང་དུ་ལྕགས་མདའ་དང་གསེར་མདའ།  སྒྲོ་མདའ།  སྨྱུག་མདའ་སོགས་འགའ་རེ་ཡོད་མོད།  མང་ཆེ་བ་ནི་ཤིང་མདའ་རེད།  ཤིང་མདའ་ལ་མདའ་དཀར་ཞེས་ཚོན་གྱིས་མ་བྱུག་པའི་མདའ་མང་པོ་ལས་པ་དང་།  མདའ་ཆེན་ཞེས་ཚོན་གྱིས་བྱུག་པའི་ཤིང་མདའ་ཆེན་པོ་ལས་པ་རེད།  དེ་ནི་ཅུང་དཀའ་ཚེགས་ཆེ་བའི་ལས་ཤིག་ཡིན་ཏེ།  དང་པོ་ནགས་ཚལ་ནས་གསོམ་ཤིང་སྦོམ་ཕྲ་ལ་མགོ་ན་ཁྲེ་རྩེ་གསུམ་ནས་བཞི་ཅན་དང་།  རྩད་ན་ཁྲེ་རྩེ་གཉིས་ནས་གསུམ་ཅན་འཐུས་ཤིང་བཤགས་ཏེ།  ཉི་མར་ལྡེ་ཞིང་དེ་ནས་མདའ་ཡུ་ལས་པ་རེད།   མདའ་ཡུའི་སྟེང་གི་རི་མོ་ལ་རིགས་མི་འདྲ་བ་མང་སྟེ།   མགོ་ན་ཉི་ཟླ་སྐར་གསུམ་དང་།   སྟེང་ན་སྟག་སེང་ཁྱུང་འབྲུགབཀྲ་ཤིས་རྫས་བརྒྱད་སོགས་འབྲི་བ་དང་།   བརྐོ་བ་ཡང་ཡོད།  དེ་ནས་མདའ་ཡོ་ཡིན་ཏེ།  དེ་ནི་རིང་ཐུང་ལ་རྨི་དྲུག་བདུན་ཅན་ཡིན་པས་མི་གཉིས་རེ་ཡིས་མཉམ་དུ་མ་ཁུར་ན་མི་ཐེག དེ་བས་ང་ཚོའི་ལབ་ཙེ་ཡི་དབྱིབས་ནི་ཟླུམ་པོ་ཡིན་ལ།  ཕལ་ཆེ་བ་ཤིང་མདའ་ལས་གྲུབ་ཡོད།  དེའི་རྒྱུ་མཚན་ཉག་གཅིག་ནི་ཡུལ་ལུང་གི་ཁྱད་ཆོས་སྟེ།  ང་ཚོའི་ཡུལ་ན་ཤིང་ཆ་མང་པའི་རྐྱེན་རེད།  འདི་ལྟར་ཤིང་མདའ་ཚད་ཇེ་ཆེ་དང་གྲངས་ཇེ་མང་དུ་བཏང་ན་ཡུལ་གྱི་ནགས་ཚལ་དང་ཁོར་ཡུག་སྲུང་སྐྱོབ་ལ་ཅུང་ཚབས་ཆེ་བའི་གནོད་པ་ཐེབས་ཀྱིན་ཡོད་པས།  ད་ལྟ་དེའི་རིགས་ལ་དགེ་བཤེས་དང་བླ་སྤྲུལ་སོགས་ཀྱིས་བཀག་འདོམས་དང་བསླབ་བྱ་གནང་གི་ཡོད།  
          བརྒྱད་པ།   ལབ་ཙེ་བརྩིགས་བསྟོད་ཀྱི་དགེ་མཚན།  
          ལབ་ཙེ་ནི་གདོད་མ་ནས་དར་ཞིང་།  ཡུལ་ལྷ་གཞི་བདག་ནི་ལབ་ཙེ་གང་དེའི་སྲོག་གི་རྟེན་དུ་བཞུགས་ཤིང་།  གང་ཞིག་ལབ་ཙེ་ཡིན་པ་དེ་ནི་ཡུལ་ལྷ་གཞི་བདག་ཀྱང་ཡིན་པས།  དེ་གཉིས་ངོ་བོ་དབྱེར་མེད་དུ་གྲུབ་ཡོད།   འོ་ན་ལབ་ཙེ་བརྩིགས་བསྟོད་ལ་དགེ་མཚན་གང་འདྲ་ལྡན་ཞེ་ན།  གཅིག་ནས་ལབ་ཙེ་བརྩིགས་བསྟོད་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ཁྱད་པར་བ་ཞིག་ཡིན་པས།  དེ་ལ་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་།   ཐོན་སྐྱེད་འཚོ་བ།   ཆོས་ལུགས་དད་མོས་སོགས་མི་རིགས་ཀྱི་སྲོག་ཏུ་གྱུར་བའི་ཁྱད་ཆོས་མང་པོ་སྲུང་འཛིན་བྱས་ཡོད་པས།  བོད་པ་ཞིག་གི་རྟགས་མཚན་ངོ་མ་དང་།  གང་ན་ལབ་ཙེ་ཡོད་ན།  དེ་ནི་བོད་པ་ཡིན་པའི་བདེན་དཔང་ཡ་མེད་ཅིག་ཡིན་པར་དགེ་མཚན་ཐོན་ཡོད།  གཉིས་ནས་ལབ་ཙེ་བརྩིགས་བསྟོད་བྱེད་པ་ལས།  ཡུལ་གྱི་མི་རྣམས་ཁ་འཆམ་གྲོས་མཐུན་དང་།   རྡོག་རྩ་གཅིག་སྒྲིལ།   ཕན་ཚུན་བརྩི་བཀུར་སོགས་ཡ་རབས་སྤྱོད་བཟང་གི་གཤིས་སྤྱོད་ཆགས་པར་དགེ་མཚན་ཐོན་ཡོད།   གསུམ་ནས་ལབ་ཙེ་བརྩིགས་པའི་གནས་ཤིག་ཡིན་ན་དེར་ལྷ་ཡོད་པ་དང་ཡུལ་ལྷ་གཞི་བདག་ཡོད་པའི་འདུ་ཤེས་ཀྱིས་གང་འདོད་དུ་གཏེར་ཁ་སློག་མི་ཆོག་པ་དང་།  ས་མཐོ་ཆུ་གཙང་།  རི་བྲག་ལ་ནགས་ཚལ་གྱིས་བརྒྱན་པ།   ས་འོག་ཏུ་རིན་ཆེན་འོད་དགུའི་གཏེར་ཁ་ཕུན་སུམ་ཚོགས་པ་ཕྱུར་བའི་བཏམས་ཡོད་པ་འདི་དག་ཐ་ན་ས་ཁེམ་གང་བརྐོ་མི་ཆོག་པ་དང་།   ཤིང་ཆ་ཐུར་གཅིག་ཀྱང་གཅོད་མི་ཆོག་ལ།  བྲག་རྡེའུ་གཅིག་ཀྱང་གཤིག་མི་ཆོག་པ།   རི་དྭགས་གཅིག་ལ་ལག་པའང་ཐུག་མི་ཆོག་པ་སོགས་བོད་གངས་ཅན་གྱི་མེས་པོ་སྔ་མ་དག་གིས་ཐབས་མཁས་ཀྱིས་མཛད་པས།   རྩྭ་ཆུ་ཤིང་གསུམ་རྒྱས་པའི་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་པའི་རྐྱེན་དུ་གྱུར་ནས་ཡུལ་གྱི་ཆར་ཆུ་དུས་སུ་འབབ་ཅིང་།  རྩྭ་ལོ་ཤིང་གསུམ་རྒྱས་པ།   འདུལ་བ་ཆ་སྙོམས་པའི་འཕེལ་རྒྱས་ཕྱོགས་སུ་དགེ་མཚན་བླ་མེད་ཐོན་ཡོད།   བཞི་ནས།  དཀོན་མཆོག་གསུམ་ལ་དད་པའི་རྩེ་མོ་མཐོ་ཞིང་ཡིད་ཆེས་ཡོད་པ་དང་།  ཡུལ་གྱི་འཇིག་རྟེན་པའི་ལྷ་ལ་ཚེ་འདི་ཕྱིའི་གཉིས་ཀྱི་སྐྱབས་སུ་མི་རེ་བར་ཚེ་འདིའི་བྱ་བ་དོན་དུ་གཉེར་བར་སྐྱབས་སུ་འཛིན་པའི་བློ་ཡོད་པ་ལས།   དམ་པའི་ཆོས་ཀྱི་དགོངས་དོན་རྟོགས་པར་དགེ་མཚན་ཐོན་བཞིན་ཡོད་སྙམ།   ལྔ་ནས་བསང་མཆོད་བགྱི་བའི་སྟེང་ནས་བལྟས་ན།  དཀོན་མཆོག་གསུམ་ལ་སྲི་ཞུའི་མགྲོན་ལ་མཆོད་པའི་ཚུལ་དང་།  མགོན་པོ་ཡོན་ཏན་གྱི་མགྲོན་ལ་བཏང་རག་གི་ཚུལ་དང་།   རིགས་དྲུག་སྙིང་རྗེའི་མགྲོན་ལ་གྲོགས་པོ་སྦྱིན་གཏོང་གི་ཚུལ་དང་།   གདོན་བགེགས་ལན་ཆགས་ཀྱི་མགྲོན་ལ་བུ་ལོན་གྱི་ཚུལ་དུ་གཏོང་པ་དང་།   དེ་ཡང་རང་གི་ཏིང་ངེ་འཛིན་བརྟན་པོ་དང་སྔགས་ཀྱི་ནུས་པ་ལྷག་བསམ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་སྟོབས་དང་བྱིན་རླབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པ།   རླབས་ཆེན་གྱི་ཚོགས་རྫོགས་པ།  སྒྲིབ་པ་སྦྱོང་པ་ལ་སོགས་པའི་ཕན་ཡོན་དང་།  ལྷ་བསང་གི་དྲི་བཟང་བོ་བདུག་པའི་ནུས་པས་ཡུལ་ཁམས་སུ་ནད་རིམས་ཞི་བ་དང་མི་གཙང་བའི་མནོལ་བ་སེལ་བ་ལ་སོགས་པའི་དགེ་མཚན་མང་དུ་མཆིས་སོ།  །  
          མཇུག་བསྡུ་བ།  
          མདོར་ན།  མདོ་སྨད་ཀླུ་ཆུའི་འབབ་ཡུལ་ལོ་ཚོ་སྡེ་བའི་སྲིད་པའི་ལབ་ཙེ་བརྩིགས་བསྟོད་བྱེད་པའི་ཆོ་གར་མཚོན་ན།  ཡུལ་ལྷ་གཞི་བདག་དང་ང་ཚོའི་བར་གྱི་འབྲེལ་བ་ནི་མེས་པོ་དང་རྗེས་རབས་པ།  སྔོན་རབས་པ་དང་ཕྱིས་རབས་པ།  གཤིན་པོ་དང་གསོན་པོ་བཅས་ཀྱི་འབྲེལ་བ་ཡིན་པར་མ་ཟད།  མེས་པོ་མེས་པོའི་ངོ་བོར་གྱུར་པའི་གཞི་བདག་ལ་ལབ་ཙེ་བརྩིགས་བསྟོད་བྱེད་པ་ནི་མེས་པོ་རྗེས་སུ་དྲན་པའི་རྟེན་དང་།  ཉིན་བཟང་སྐར་བཟང་ཞིག་ལ་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱེད་བྱེད་ཅིང་།  འཇིག་རྟེན་འདིའི་སྐྱབས་སུ་བཀུར་བ་ནི་མི་རིགས་ཀྱི་མེས་པོ་དྲན་ཞིང་དེར་མཆོད་བཀུར་དང་སྐྱབས་རེ་བའི་ལུགས་སྲོལ་ཁྱད་པར་ཅན་ཞིག་ཡིན་པར་མ་ཟད།  ལབ་ཙེ་བརྩིགས་བསྟོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་མི་འཆམ་མཐུན་སོགས་ལ་དགེ་མཚན་མང་པོ་ཐོན་བཞིན་ཡོད་དོ།  །  
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716