སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རླུང་རྟ་འཕེལ་ཞིང་བགེགས་བར་བཟློགས་པའི་མཚོན་རྟགས་དར་ལྕོག
སྤེལ་དུས། 2014-09-22   ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།

        ང་ཚོའི་འཚོ་བའི་ནང་རྟག་ཏུ་མཐོང་རྒྱུ་ཡོད་པའི་བྱ་དང་དངོས་པོའི་རིགས་ལ་འདྲིས་དྲགས་པའི་སྟབས་ཀྱིས་ང་ཚོས་སྣང་འཇོག་ཆེན་པོ་ཡོང་མི་སྲིད།  གལ་ཏེ་དམངས་སྲོལ་རིག་པའི་ལྟ་བའི་ཐོག་ནས་དེ་རིགས་དམངས་སྲོལ་རིག་གནས་ཤིག་ཏུ་བརྩིས་ཏེ་རྟོགས་ཞིབ་བྱས་ཚེ་ཞིབ་འཇུག་གི་འབྲས་བུ་ངོ་མཚར་ལྡན་པཐོབ་རྒྱུ་ཡིན་པར་གོར་མི་ཆག
       
ང་ཚོས་དར་ལྕོག་ལ་ཕྱིའི་རྣམ་པའི་ཐོག་ནས་དབྱེ་ན་རིགས་གསུམ་དུ་དབྱེ་ཆོག་པ་འདུག  རིགས་དང་པོ་ནི་སངས་རྒྱས་ཀྱི་གསུང་དང་འདབ་ཆགས་གཅན་གཟན་གྱི་གཟུགས་རིས་ཚོན་མདོག་སྔོ་སེར་དཀར་དམར་ལྗང་ཁུ་བཅས་ལྔ་ལྡན་ཡོད་པའི་དར་རས་གྲུ་བཞིའི་སྟེང་དུ་དཔར་བཏབ་སྟེ་དེ་གཅིག་ལ་གཅིག་འབྲེལ་བྱས་ཏེ་ཐག་པའི་ཐོག་བཙེམས་ནས་ཁྲོམས་བསྒྲགས་འཕྲེད་འགེལ་སྦྱར་རས་བཞིན་ལ་རྩེའི་ཐོག་དཔྱང་འཁྲུལ་དུ་འདོགས་ཀྱི་ཡོད།  དར་ལྕོག་དེ་རིགས་ཕལ་ཆེ་བ་མཐོ་བའི་ལ་རྩེར་མཐོང་རྒྱུ་ཡོད།  རིགས་གཉིས་པ་ནི་དར་ཆེན་ཞེས་རིང་ཚད་རྨི་གསུམ་མམ་ལྔ་ཙམ་ཡིན་པའི་དར་ཤིང་སྟེང་དུ་རས་ནར་མོ་ཡུག་གཅིག་གི་གཞོགས་གཅིག་དར་ཤིང་ཐོག་བཙེམས་ཤིང་ཚོན་མདོག་དམར་པའམ་དཀར་པོ་ཡིན་པའི་དར་རས་ནར་མོའི་སྟེང་དུ་གདོན་བགེགས་གནོད་འཚེ་ཞི་ཞིང་།  རླུང་རྟ་དར་བའི་སངས་རྒྱས་ཀྱི་གསུང་རབ་དཔར་བཏབ་སྟེ་ཁང་ཁྱིམ་གྱི་མདུན་དུ་སློང་སྲོལ་ཡོད།  དར་ཆེན་དེ་རིགས་ཀོང་པོ་ལ་སོགས་པའི་རོང་ཡུལ་དུ་མཐོང་རྒྱུ་མང་།  ལྷ་ལྡན་གཙུག་ལག་ཁང་གིས་གཙོས་དགོན་སྡེ་ཁག་གི་སྒོ་འཕྱོར་མདུན་གྱི་དོ་རའི་དཀྱིལ་དུ་བཙུགས་པའི་དར་ཆེན་དེ་ཚོ་བཟོ་རྩལ་མཛེས་པ་མ་གཏོགས་གཞི་རྐང་དེའི་ཁོངས་སུ་གཏོགས་པར་བསམ། རིགས་གསུམ་པ་ནི་སྔོ་སེར་དཀར་དམར་ལྗང་ཁུ་བཅས་ཚོན་མདོག་ལྔ་ལྡན་གྱི་དར་ཧྲུག་ཡིག་མེད་དང་།  མཐའ་ལ་འགྲིལ་བཏང་བའི་བ་དན་དར་རས་ཚོན་གཅིག་མ་ཞིག་གི་སྟེང་དུ་སངས་རྒྱས་ཀྱི་གསུང་དང་འདབ་ཆགས་གཅན་གཟན་གྱི་གཟུགས་ཀྱིས་དཔར་བཏབ་ཅིང་།  དར་ཧྲུག་ཚོན་སྣ་ལྔ་ལྡན་དེ་དག་གོ་རིམ་མ་འཁྲུགས་པར་དར་ཤིང་གི་ཡལ་གའི་རྩེར་བཏགས་ནས་ཁང་པའི་ཡང་སྟེང་གི་ཟུར་དུ་འཛུགས་ཀྱི་ཡོད།  དར་ལྕོག་དེ་རིགས་ཡུ་མིའི་སྡོད་ཁང་གི་ཡང་ཐོག་ཏུ་མཐོང་རྒྱུ་ཡོད།
       
དར་ལྕོག་ནི་རླུང་རྟ་འཕེལ་བའི་མཚོན་རྟགས་ཤིག་ཡིན་པ་དང་ལོ་ལྟར་རྙིང་འབུད་གསར་འཛུགས་བྱེད་དགོས་གཤིས། དེའང་རང་འདོད་ལྟར་བྱས་ན་མི་འགྲིག་པར་སྐར་རྩིས་ལས་ཅི་བབས་གཞིར་བཟུང་སྟེ་ལོ་གསར་ཚེས་གཅིག་རྗེས་ཀྱི་ཚེས་ཆ་བཟང་བའི་ཉིན་ཞིག་ཁང་པའི་ཡང་ཐོག་སྟེང་དར་ལྕོག་གསར་སློང་བྱེད་ཀྱི་ཡོད།  དེ་ཉིན་ཞོགས་པ་སྒོ་ར་ཡོངས་ཀྱི་མི་རྣམས་ལུས་ལ་རྒྱན་གོས་གཟབ་མཆོར་བཀླུབས་ཏེ་ཐོག་ཁའི་སྟེང་མཉམ་དུ་འཛོམས་ནས་དགའ་སྤྲོའི་ངང་ལྷ་གསོལ་ལམ་ཐོག་གསོལ་གྒཡི་བྱེད་སྒོ་གཟབ་རྒྱས་ཤིག་སྤེལ་བ་དང་སྦྲགས་དར་ལྕོག་གསར་པ་བཙུགས་ཀྱི་ཡོད། བཀྲ་ཤིས་པའི་ཉིན་དེར་ས་གཞི་ཆེན་པོར་ཞོགས་པའི་ཉི་གཞོན་ལྷང་ལྷང་འཕྲོས་མ་ཐག་ཐོག་ཁང་སོ་སོའི་བསངས་ཁུང་ལས་དྲི་བསུང་རབ་ཏུ་འཐུལ་བའི་ལྷ་བསངས་ཀྱི་དུ་བ་མཁའ་ལ་སྔོ་ལོང་ལོང་དུ་འཕྱུར་ཞིང་།  ཡང་སྟེང་ཐོག་ལ་ལས་གདན་ལྕོག་དབོར་བ་དང་ལ་ལས་ལག་ཏུ་ཕྱེ་མར་དང་ཇ་ཆང་།  ཞལ་ཏོག་སོགས་ཟ་རིགས་སྣ་ཚོགས་འཁྱེར་ནས་བྲེལ་འཚུབ་ངང་སྒྲིག་གཤོམས་བྱེད་པ་དང་།  གྲ་སྒྲིག་ཡོངས་སུ་ཚར་རྗེས་གྲོང་པ་ཁྱིམ་མཚེས་རྣམ་ལྷན་འཛོམས་ཐོག་ཕོ་མོ་རྒན་གཞོན་གོ་རིམ་ལྡན་པའི་ངང་བཞུགས་གྲལ་གྱི་གདན་ལ་འཁོད་ཐོག་ཧ་ལམ་ཞོགས་པར་ཆུ་ཚོད་བཅུ་པའི་ཡས་མས་སུ་ཐོག་གསོལ་གྱི་བྱེད་སྒོ་དངོས་སུ་འགོ་ཚུགས་ཀྱི་ཡོད།  དགའ་སྤྲོའི་རྣམ་པའི་ཁྲོད་དུ་དགེ་འདུན་པའམ་ཡང་ན་རྒན་རབས་ཞིག་གིས་ལྷ་བསངས་རྣམ་དག་ཆོས་སྐུ་སོགས་དཔེ་ཆ་འདོན་ཀློག་བྱས་ཏེ་ཐོག་གསོལ་འགོ་བཙུགས་པ་དང་དེ་གྲུབ་པའི་རྗེས་སུ་ཚང་མ་ཡར་ལངས་ནས་དུ་བ་སྔོ་ལོང་ལོང་དུ་འཕྱུར་བའི་བསངས་ཁུང་ལ་ཁ་ཕྱོགས།  མགྲིན་དབྱངས་བཟང་བ་ཞིག་གིས་རྣམ་ཐར་བཏང་།  དེ་ནས་རྩམ་སྦར་མོ་གང་བསླངས་ནས་མགྲིན་གཅིག་ཏུ་སྐད་གསང་མཐོན་པོས་གསོལ་ལོ།  གསོལ་ལོ།  ཞེས་ལན་གསུམ་བརྗོད་རྗེས་ཀི་ཀི་སོ་སོ། ལྷ་རྒྱལ་ལོ་ཞེས་སྦར་མོའི་ནང་གི་རྩམ་པ་གནམ་ལ་གཏོར་ནས་ཕྱོགས་བཅུའི་ལྷ་ཀླུ་གཞི་བདག་རྣམ་ལ་ལོ་གསར་པ་དེའི་ནང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལས་ངན་བགེགས་བར་ཆད་མི་ཡོང་བ་དང་བྱ་བ་ལམ་ལྷོང་ཡོང་བའི་གསོལ་བ་སྨོན་འདེབས་བྱེད་ཀྱི་ཡོད།  བསང་གསོལ་མཇུག་སྒྲིལ་རྗེས་ཕོ་གཞོན་ཚོས་དར་ལྕོག་རྙིང་པ་མར་ཕབ་ནས་དར་ལྕོག་གསར་པ་བཙུགས་པ་དེ་ཡང་དུས་ཚོད་དང་ཕྱོགས་གཙང་སྨན་རྩིས་ཁང་གི་ལོ་ཐོར་གང་གསལ་གཞིར་བཞག་ལས་རང་སྣང་གང་ཤར་བྱེད་ཀྱི་མེད།  དེའི་ཐོག་ནས་ཐོག་གསོལ་བྱེད་སྒོ་ནི་རླུང་རྟ་འཕེལ་ཞིང་བྱ་བ་ལམ་ལྷོང་གི་རེ་སྨོན་མཚོན་པའི་ཆོས་ལུགས་དང་དམངས་སྲོལ་གོམས་གཤིས་གཉིས་ཀ་ཟུང་དུ་འབྲེལ་བའི་བྱེད་སྒོ་ཞིག་ཡིན་པ་མཚོན་ཐུབ།  དར་ལྕོག་བཙུགས་རྗེས་ཐོག་གསོལ་གྱི་བྱེད་སྒོ་དངོས་མཇུག་འགྲིལ་ཏེ་ཚང་མ་རང་རང་གནས་ལ་འཁོད་ནས་ཕན་ཚུན་ཇ་ཆང་འདྲེན་པ་དང་གླུ་གཞས་གཏོང་བ།  རྩེད་ཇོར་རོལ་བ། གཏམ་གླེང་བྱེད་པ་ལ་སོགས་བཀྲ་ཤིས་དགའ་སྤྲོའི་དཔལ་ལ་རོལ་ཞིང་མཆིས།  སྤྱིར་ཐོག་གསོལ་གྱི་བྱེད་སྒོ་ནི་ལྷ་གསོལ་འཕྲིན་བཅོལ་ཕྱིར་ཁྱིམ་མཚེས་འདུ་འཛོམས་བྱེད་པ་ཞིག་ཡིན།  འོན་ཀྱང་དེའི་ཞོར་དུ་གྲོང་པ་ཁྱིམ་མཚེས་ཚོ་རྟག་ཏུ་མཛའ་མཐུན་མཉམ་གནས་ཡོང་རྒྱུར་ཕན་པའི་འབྲེལ་ལམ་ཟབ་མོ་ཞིག་ཀྱང་བཙུགས་ཐུབ་ཀྱི་ཡོད།  ལོ་གཅིག་ཞག་མ་སུམ་རྒྱ་དྲུག་ཅུའི་ནང་གྲོང་པ་ཕན་ཚུན་ཁོན་ཁོན་ཐོགས་ཐོགས་སྤུ་ཙམ་མེད་པ་ག་ལ་སྲིད།  ཡིན་ནའི་ཚང་མའི་སེམས་ནང་ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ་ཞེས་པའི་གཏམ་དཔེ་དེའི་གོ་དོན་གསལ་པོ་རྟོགས་ཀྱི་ཡོད།
       
དེར་བརྟེན་ལོ་གཅིག་དུས་གཅིག་གི་ཐོག་གསོལ་བྱེད་སྒོའི་སྐབ་སུ་གྲོང་པ་ཁྱིམ་མཚེས་མཉམ་མཛོམས་ཐོག་དགའ་དགའ་སྤྲོ་སྤྲོའི་ངང་སྙིང་གཏམ་ལྷུག་པོར་གླེང་ནས་འདས་ཟིན་པའི་ལོ་དེའི་ནང་གི་འགལ་ཟླ་གཙང་འཕྱག་བྱེད་པ་དང་།  ལོ་གསར་པར་མཛའ་མཐུན་མཉམ་འཛོམས་ཡང་རྒྱུའི་འགོ་གསར་པ་ཞིག་འཛུགས་ཐུབ་པ་དེའང་ཐོག་གསོལ་བྱེད་སྒོའི་དགེ་མཚན་ཡིན་པ་ཚང་མས་མཁྱེན་དགོས་སོ། །
       
གནམ་ལོ་གསར་དུ་བཞད་པ་དང་གནའ་བོའི་གྲོང་ཁྱེར་ལྷ་ས་དེ་རྒྱན་གོས་ཕུན་སུམ་ཚོགས་པ་བཀླུབས་པའི་སྒེག་འཆང་མ་ཞིག་དང་འདྲ་བ་བལྟ་བས་ངོམས་པ་མེད་པའི་སྒེག་ཉམས་མངོན་ཞིང་།  དེའི་སྐབས་ཁང་པའི་ཡང་ཐོག་སྟེང་ལངས་ཏེ་རྒྱང་ལྟ་ཞིག་བྱས་ཚེ་ཚོན་སྣ་སྔ་ལྡན་གྱི་དར་ལྕོག་རླུང་བུའི་ཁྲོད་དུ་ལྷབ་ལྷུབ་ཏུ་གཡོ་བ་དེ་དག་མཐའ་ཡས་རྒྱ་མཚོར་བགྲོད་ལ་ཁད་ཀྱི་གྲུ་གཟིངས་ཆེན་པོ་ཞིག་དང་ཀུན་ནས་མཚུངས་སོ།  ཐོག་གསོལ་ནི་བོད་ཀྱི་ལོ་གསར་གཏོང་བའི་ནང་བྱེད་སྒོ་གལ་ཆེ་ཞིག་ཡིན་པ་དང་།  ལོ་གསར་གྱི་བྱེད་སྒོ་ཡོད་ཚད་མཇུག་སྒྲིལ་རྗེས་ཚོན་མདོག་རྣམ་པར་བཀྲ་བའི་རླུང་རྟའི་དར་ལྕོག་གསར་པ་དེ་དག་ང་ཚོ་དང་མཉམ་དུ་བཀྲ་ཤིས་པའི་ལོ་གསར་པར་ཁ་ཕྱོགས་པ་ཡིན།
       
ལ་རྩེ་དང་ཁང་པའི་ཡང་ཐོག   གྲོང་ཁྱིམ་དང་སྒོ་འཕྱོར་ནི་མདུན་དུ་དར་ལྕོག་དང་དར་ཆེན་འཛུགས་སྲོལ་ཡོད་པ་དེ་ནི་བོད་ས་ཁུལ་ཁོ་ན་ལས་གཞན་དུ་མཐོང་རྒྱུ་མེད་པའི་ཡུལ་གོམས་གཤིས་ལུགས་ཤིག་ཡིན།  མི་རིགས་ཤིག་གི་ཡུལ་གོམས་གཤིས་ལུགས་ནི་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་གྲུབ་པ་གཏན་ནས་མ་ཡིན་པར་དར་ལྕོག་འཛུགས་པའི་ལུགས་སྲོལ་དེ་ཡང་དེ་ལྟར་ལགས།   བོད་མི་རིགས་ཀྱི་དར་ལྕོག་བཙུགས་པའི་སྲོལ་དེར་ལོ་རྒྱུས་ཀྱི་དུས་ཡུན་ག་ཚོད་ལྡན་ཡོད་དམ།  དར་རས་ཀྱི་ཁ་དོག་དང་།  དེའི་ལོགས་སུ་གསལ་བའི་རི་མོ་དེ་ཚོས་ཡང་སྙིང་དོན་ཅི་འདྲ་ཞིག་མཚོན་གྱི་ཡོད། དེ་ནི་མི་རྣམས་ཀྱིས་དོ་སྣང་ཆེན་པོ་གན་བའི་གནད་དོན་ཞིག་ཏུ་གྱུར་ཡོད།  དེའི་སྐོར་བོད་ཀྱི་གྲགས་ཅན་མཁས་དབང་སྐུ་ཞབས་དགེ་འདུན་ཆོས་འཕེལ་མཆོག་གིས་ཁོང་གི་ལྗགས་རྩོམ་དེབ་ཐེར་དཀར་པོ་ཞེས་པ་དེའི་ནང་རྒྱས་བཤད་གནང་བ་དེ་ལུང་ཙམ་དུ་དྲངས་ན་འདྲི་ལྟ་སྟེ།  “ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ།  དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ་རྗེས་སོར་ཆོས་ཀྱི་ལས་སུ་སོང་བ་དང་།  སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས།  སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་།  སྒོ་སྟེང་དུ་དར་ལྕོག་སློང་བའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་།  སྒོ་སྟེང་དུ་དར་ལྕོག་སློང་བའི་ལུགས་སྲོལ་དེ་ད་ལྟའི་བར་དུ་རུང་།  སྒོ་སྟེང་དུ་དར་ལྕོག་སློང་བའི་ལུགས་སྲོལ་དེ་ད་ལྟའི་བར་དུ་ཡོད།”  མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་བཀའ་མོལ་དེ་ནས་ང་ཚོར་གནད་དོན་གཉིས་གསལ་ཁ་བྱུང་ཡོད་པ་དང་པོ་ནི་དར་ལྕོག་སློང་བའི་སྲོལ་དེ་བཙན་པོའི་རྒྱལ་རབས་སྐབས་སུ་དར་བ་དང་།   གཉིས་པ་དར་ལྕོག་གི་ནང་དོན་དང་རྣམ་པའི་ཐད་ནས་རྗེས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེ་རེད།
       
དར་ལྕོག་གི་འབྱུང་རྩ་ཐོག་མར་བཙན་པོའི་དུས་སུ་དྲག་པོའི་ལས་ལ་མཁོ་བའི་མཚོན་ཆ་མདུང་དེ་ཉིད་སྦྲ་གུར་གྱི་མདུན་དུ་བཙུགས་ནས་དྲག་པོའི་ཟིལ་ཤུགས་ངོམ་ཚུལ་བསྟན་པ་དེ་ཡིན།  དེ་ནས་ལོ་རྒྱུས་ཀྱི་གོམ་བགྲོད་རིམ་བཞིན་མདུན་དུ་སྤོ་བ་དང་སྤྱི་ཚོགས་ཀྱི་རྣམ་པར་འཕོ་འགྱུར་འགྲོ་བ་དང་།  ཆབས་ཅིག་དར་ལྕོག་དེ་ཡང་ཐོག་མར་དྲག་པོའི་མཚོན་ཆ་མདུང་ཞིག་ནས་རྗེས་སུ་ཆོས་ལུགས་ཀྱི་ནང་དོན་ཟབ་མོ་ལྡན་པའི་རླུང་རྟ་གསོལ་བའི་མཚོན་བྱེད་ཞིག་ཏུ་གྱུར་བ་རེད།  མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་བཞེད་ཚུལ་དེ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡོངས་སུ་འཚམས་པ་ཞིག་རེད་སྙམ།  ཚང་མས་མཁྱེན་གསལ་ལྟར་བོད་མི་རིགས་དེ་ཉིད་ཐོག་མར་ཡར་ཀླུངས་ཁུལ་ནས་སྐྱེད་བསྲིང་བྱུང་བ་ཞིག་ཡིན་ཞིང་།  རིམ་བཞིན་དྲག་ཤུགས་ལ་བརྟེན་ནས་ཡུལ་ལུང་མང་པོ་དབང་དུ་འདུས་ཏེ་མཐར་མཚོ་བོད་ས་མཐོ་གཅིག་གྱུར་བྱུང་ནས་བཙན་པོའི་རྒྱལ་རབས་བཙུགས་པ་རེད། དེའི་སྐབས་སུ་དམག་གི་བྱ་བ་དེ་རྒྱལ་ཁབ་ཀྱི་བྱ་བའི་ནང་གལ་ཆེའི་གནས་བབས་བཟུང་ཡོད་སྟབས་དཔུང་གི་དཔའ་ངར་བློ་སྟོབས་འཕེལ་ཕྱིར་ཁང་ཁྱིམ་གྱི་ཕྱི་སྒོར་གོ་མཚོན་བཀལ་བ་དེ་ནི་ཀུན་ནས་མཐུན་པ་ཡིན་པས་ན་སྒོ་ཁྱིམ་རེ་རེའི་སྟེང་དུ་དར་མདུན་རིང་པོ་རེ་སློང་བའི་སྲོལ་དེ་ལྟ་བུ་ཞིག་དར་བ་དེ་ཡང་རྟོགས་དཀའ་བའི་གནས་མ་ཡིན་ནོ།   དེ་རྗེས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་ལ་དར་ཏེ་བོན་ཆོས་རིམ་བཞིན་ཉམས་དམས་སུ་གྱུར།
       
དེ་ལྟ་ལོ་ངོ་སྟོང་ཕྲག་གཅིག་ཙམ་འདས་པའི་དུས་ཡུན་ནང་བོད་མི་རིགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཁྱེར་སོ།  འཇིག་རྟེན་ལྟ་བ་ལ་སོགས་གང་ས་ཅི་ཐད་ནས་ནང་བསྟན་ཆོས་ལུགས་ཀྱི་བསམ་བློ་འཛིན་སྟངས་ཀྱི་ཤན་ཤུགས་ཆེར་ཞུགས་ཡོད་པ་དེ་ཟུབ་ཐབས་མེད་པའི་དངོས་དོན་ཞིག་ཏུ་གྱུར་བ་རེད།  དར་ལྕོག་ལ་ཕྱིའི་རྣམ་པ་ནས་ནང་གི་དོན་མཚོན་བར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དེ་བོད་ཀྱི་ལོ་རྒྱུས་འཕེལ་འགྱུར་གྱི་གོམ་བགྲོད་དང་ཡོངས་སུ་མཐུན་པ་ཡིན།  ནང་ཆོས་གཏིང་ཟབ་ཁྱབ་གདལ་སོང་བ་དང་ཆབས་ཅིག་སྔ་མོ་ཁང་ཁྱིམ་མདུན་དུ་དཔའ་ངར་ངོམ་ཆེད་དར་མདུང་སློང་བའི་སྲོལ་རིམ་བཞིན་རླུང་རྟ་འཕེལ་བ་དང་།  བགེགས་བར་བཟློགས་པའི་དར་ལྕོག་སློང་བའི་སྲོལ་ཞིག་ཏུ་གྱུར་བ་རེད།  འགྱུར་ལྡོག་དེ་འདྲ་ཏན་ཏན་ལོ་རབས་ག་དུས་བྱུང་བ་ཡིན་ནམ་ཞེས་པའི་འདྲི་ཚིག་དེར་ལན་གསལ་པོ་ཞིག་འདེབས་ཐུབ་ན་ཅི་མ་རུང་སྙམ་པ་འདུག་སྟེ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་དར་ལྕོག་ལྟ་བུའི་བྱ་བ་ཕྲན་ཚེགས་དེ་རིགས་བཀོད་ག་ལ་སྲིད།  དེས་ནས་འཇིག་རྟེན་གྱི་བྱ་བ་འཕེལ་རྒྱས་འགྲོ་བའི་སྤྱིར་བཏང་གི་ཆོས་ཉིད་ལ་དཔག་སྟེ་རིགས་འདེད་རྗེས་དཔག་བྱས་ནས་གཏམ་ལན་སློག་རྒྱུ་ལས་མ་འདས།   དར་མདུང་ནས་དར་ལྕོག་ལ་འཕོ་འགྱུར་བྱུང་བ་དེ་ནི་དུས་ཡུན་ཐུང་ངུ་ཞིག་ནང་འགྱུར་ལྡོག་གཙང་མ་བྱུང་བ་མ་ཡིན་ལ་བོད་ཡོངས་ལ་དུས་གཅིག་ཏུ་འགྱུར་ལྡོག་བྱུང་བ་ཡང་མ་ཡིན།  དེའི་འཕོ་འགྱུར་འགྲོ་རིམ་དང་ནང་བསྟན་ཆོས་ལུགས་དར་ཁྱབ་འགྲོ་ཚད་གཉིས་ཆ་འདྲ་ཡིན་ཞེས་བརྗོད་ན་འགྲིག   དེ་ཡང་ནང་བསྟན་ཆོས་ལུགས་སྒོ་ཀུན་ནས་དར་བ་དང་དར་ལྕོག་ལ་འགྱུར་བ་མཐར་ཕྱིན་ཕྱིན་པ་རེད།  དེ་ལས་ཁ་གསལ་ཙམ་བརྗོད་ན་དར་ལྕོག་གི་ནང་བསྟན་ཆོས་ལུགས་དར་ཁྱབ་གཏིང་ཟབ་བྱུང་བའི་ཆ་རྐྱེན་འོག་ཐོན་པའི་དམངས་སྲོལ་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན།  དེ་ནི་ང་ཚོས་དར་ལྕོག་གི་ཚོན་མདོག་དང་དེའི་ཐོག་དཔར་བཀོད་བྱས་པའི་ཡི་གེ་དང་རི་མོ་བཅས་ལ་ཞིབ་འཇུག་རོབ་ཙམ་བྱས་ན་གསལ་རྟོགས་ཐུབ་ཀྱི་རེད།
       
རྒྱུན་དུ་ང་ཚོའི་འདྲེན་བྱེད་ཡུལ་དུ་གྱུར་པའི་ལ་རྩེའམ་ཁང་པའི་ཡང་ཐོག་སྟེང་གི་དར་ལྕོག་དེ་ཚོ་ཚོན་མདོག་རྣམ་པར་བཀྲ་བ་ཞིག་ཡིན་པའི་རྐྱེན་གྱིས་ཕལ་ཆེར་ཚོན་སྣ་རང་དགར་བསྒྲིགས་པ་རེད་སྙམ་སྲིད་ཀྱང་དོན་དུ་དེ་འདྲ་མ་ཡིན།  དར་ལྕོག་གི་ཚོན་སྣ་བསྒྲིགས་སྟངས་སྔོན་ན་གཏན་འཁེལ་ཟིན་པ་ལས་རང་སྣང་གང་འདོད་གསར་གཏོད་བྱས་ན་མི་འགྲིག  དེ་བཞིན་ཚོན་སྣ་མི་འདྲ་བ་དེ་དག་གོ་རིམ་སྒྲིག་སྟངས་ཐད་ལུགས་དང་མཐུན་པ་བྱེད་དགོས་པ་ལས་གོ་རིམ་འཁྲུག་ན་དེ་བས་མི་འགྲིག   གང་ཡིན་ཞེ་ན།  དར་ལྕོག་བཙུགས་པའི་དམིགས་ཡུལ་ནི་ཁོར་ཡུག་ལ་མཛེས་རྒྱན་སྤྲོས་པ་མ་ཡིན་པར་རླུང་རྟ་འཕེལ་བ་དང་གདོན་བགེགས་ཞི་བའི་ཕྱིར་ཡིན་པ་དར་ལྕོག་གི་ནང་དོན་ལས་ར་གསལ་པོ་འཕྲོད་ཐུབ།  མ་ཟད་ཐོག་ཀའི་སྟེང་གི་དར་ལྕོག་ཡོད་དོ་ཅོག་གཅིག་གྱུར་ཐོག་དར་ཤིང་རྟིང་དཀར་མགོ་ལིང་ཅན་དང་ཚོན་མདོག་མི་འདྲ་བའི་དར་ཧྲུག་ལས་གྲུབ་པ་ཡིན།  གོ་ཐོས་ལ་བོད་ཀྱི་མཐའ་ཁུལ་ས་ཆ་འགར་དར་ཤིང་གི་ཡལ་འདབ་སྟེང་བལ་ཧྲུག་སྒྲོག་སྟེ་དར་ལྕོག་གི་ཚུལ་དུ་འཛུགས་སྲོལ་ཡོད་པ་དེ་ཡང་ནང་དོན་མཚོན་ཚུལ་ཐད་ལ་གོང་དང་འགལ་བ་སྤུ་ཙམ་མེད།  དར་ཤིང་གི་ཡལ་འདབས་སྟེང་དར་ཧྲུག་མང་པོ་སྒྲོག་པ་དེ་དག་ནི་ཚོན་མདོག་མི་འདྲ་བ་རིགས་ལྔ་ལས་གྲུབ་ཅིང་།  ཚོན་སྣ་ལྔ་པོ་དེ་དག་སྟེང་ནས་འོག་བར་གོ་རིམ་གཏན་འཁེལ་བྱས་ཡོད།  རྩེ་མོར་དར་ཧྲུག་སྔོན་པོ་དང་དེ་འོག་དཀར་པོ།  དེ་འོག་དམར་པོ།  དེ་འོག་ལྗང་གུ་དེ་འོག་སེར་པོ་བཅས་སོ།  ཚོན་སྣ་མི་འདྲ་བ་ལྔ་པོས་ཕྱི་རོལ་རང་བྱུང་ཁམས་ཀྱི་རྣམ་པ་མཚོན་གྱི་ཡོད་པ་སྟེ།  དར་ཧྲུག་སྔོན་པོས་ནམ་མཁའ་དང་།  དར་ཧྲུག་དཀར་པོས་སྤྲིན།  དར་ཧྲུག་དམར་པོས་མེ།   དར་ཧྲུག་ལྗང་གུས་ཆུ།  དར་ཧྲུག་སེར་པོས་ས་བཅས་མཚོན།  དེ་ཡང་ཕྱི་རོལ་རང་བྱུང་ཁམས་ཀྱི་ཆགས་ཚུལ་གྱི་གོ་རིམ་ལྟར་དར་ཧྲུག་ཚོན་སྣ་ལྔ་པོའི་སྟེང་འགོ་གོ་རིམ་སྒྲིག་སྟངས་འཁྲུག་མི་ཉན།
       
གོང་དུ་བརྗོད་ཟིན་པར་དར་ཧྲུག་གི་ཚོན་སྣ་ལྔ་པོ་དེ་རང་བྱུང་ཁམས་ཀྱི་ཆགས་ཚུལ་རྣམ་པ་རིགས་ལྔ་མཚོན་ཏེ་དར་ལྕོག་སྟེང་བཀལ་བའི་དགོས་པ་དེ་འདྲ་ཞིག་ཡིན་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་དེ་ནང་བཅུད་སེམས་ཅན་གྱི་རྟེན་ཡུལ་ཡིན་ཞིང་། འབྱུང་ཁམས་འཕྲོད་ན་ལོ་ཕྱུགས་ལེགས་ཤིང་ཚེ་བསོད་འཕེལ་ནས་མི་ཡུལ་དུས་དེ་དགའ་སྐྱིད་ལྡན་པ་ཞིག་ཏུ་གྱུར་བ་དང་།  འབྱུང་ཁམས་འཁྲུག་ཚེ་མི་ཡུལ་སྡུག་བསྔལ་གྱི་གནས་ལས་ཐར་ཐབས་བྲལ་བ་ཡིན་པའི་གནས་ལུགས་ཀུན་གྱིས་མཁྱེན་གསལ་ལགས།  མི་རབས་ནས་མི་རབས་བར་ས་མཐོའི་ཐོག་འཚོ་གནས་བྱེད་མཁན་གྱི་མི་ཚོ་རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལ་ཚོར་སྣང་གཞན་དང་མི་འདྲ་བའི་སྐྱེན་པོ་ཡོད།  རང་བྱུང་ཁམས་ཀྱི་གནོད་འཚེ་ཐམས་ཅད་ཞི་ནས་མི་ཡུལ་དགའ་སྐྱིད་དཔལ་ལ་རོལ་བའི་ཡིད་ཀྱི་ངོ་མཚར་རེ་སྨོན་མཚོན་པར་བྱེད་པའི་ཚོན་སྣ་ལྔ་ལྡན་གྱི་དར་ལྕོག་ལ་རྩེའམ་ཁང་པའི་ཡང་སྟེང་དུ་བཙུགས་པའི་ལུགས་སྲོལ་དེ་འདྲ་ཞིག་ས་མཐོའི་མི་རིགས་ཀྱི་ཁྲོད་དུ་དར་བ་དེ་ནི་ངོ་མ་རྒྱུ་མཚན་ལྡན་པ་ཞིག་རེད་སྙམ།
       
དར་ཧྲུག་གི་གཤམ་དུ་བ་དན་གྲུ་བཞི་ཆེན་པོ་ཞིག་ཡོད།  དེ་ནི་དར་ལྕོག་གི་ནང་དོན་ཧྲིལ་པོ་མཚོན་བྱའི་གལ་ཆེའི་གྲུབ་ཆ་ཡིན།  བ་དན་ལ་ཚོན་སྣ་སྔོན་པོ་དང་།  དཀར་པོ།  དམར་པོ།  སེར་པོ།  ལྗང་གུ་བཅས་ཚོན་མདོག་ལྔ་ཡོད།  ཚོན་ལྔ་པོ་དེས་བོད་ཀྱི་སྐར་རྩིས་ལས་ཐོན་པའི་མི་སོ་སོའི་སྐྱེས་ལོའི་ལོ་ཁམས་ལྕགས་དང་།  ཤིང་།  མེ།  ས།  ཆུ་བཅས་ཁམས་ལྔ་མཚོན་གྱི་ཡོད།  དར་ལྕོག་སྟེང་དུ་བ་དན་གྱི་་ཚོས་གཞི་རིགས་ལྔ་པོ་དེའི་ཁོངས་གང་རུང་ཡོང་སྲིད་ཀྱང་དར་ལྕོག་བ་དན་གྱི་ཚོས་གཞི་གཏན་འཁེལ་བའི་གཞི་བཅོལ་ས་ཁྱིམ་ཚང་ཞིག་གམ་ཡང་ན་སྒོ་ར་ཞིག་ནང་ཚང་མས་གུས་བཀུར་བྱེད་པའི་རྒན་རབས་ག་གེ་མོ་དེའི་སྐྱེས་ལོའི་ལོ་ཁམས་གཞིར་བཞག་བ་དན་གྱི་ཚོས་གཞི་གཏན་ལ་ཕབ་ཀྱི་ཡོད། རྒས་པོའི་སྐྱེས་ལོའི་ལོ་ཁམས་ལྕགས་ཡིན་ན་བ་དན་གྱི་ཚོན་མདོག་དཀར་པོར་གཏན་འཁེལ་བ་དང་།  ས་ཡིན་ན་བ་དན་ཚོན་མདོག་སེར་པོ།  ཤིང་ཡིན་ན་བ་དན་ཚོས་མདོག་ལྗང་གུ  མེ་ཡིན་ན་བ་དན་ཚོས་མདོག་དམར་པོ།  ཆུ་ཡིན་ན་བ་དན་ཚོས་མདོག་ལྗང་གུ་བཅས་སོ།  ཁྱིམ་ཚང་གི་ཕ་རྒན་ནམ་སྒོ་རའི་ནང་གུས་བཀུར་འོས་པའི་རྒན་རབས་ཞིག་གི་སྐྱེ་ལོའི་ལོ་ཁམས་ཀྱིས་དར་ལྕོག་གི་བ་དན་ཚོན་མདོག་གཏན་འཁེལ་བྱས་ཏེ་ལོ་གསར་གྱི་དུས་སུ་བྱེད་སྒོ་གཟབ་རྒྱས་སྤེལ་བ་དང་སྦྲགས་ཁང་པའི་ཡང་སྟེང་དུ་འཛུགས་པའི་སྲོལ་བཟང་དེ་ནས་ལོ་གསར་པའི་ནང་ཚང་མ་ཚེ་རིང་ནད་མེད་ཡོང་པའི་རེ་སྨོན་མཚོན་པའི་དོན་བསྟན་པ་དང་།  ཤུགས་སུ་བོད་མི་རིགས་ཀྱིས་རྒན་རབས་ལ་གུས་བཀུར་ཞུ་བའི་ཡ་རབས་སྤྱོད་བཟང་མཚོན་པ་ཡིན།  གལ་ཏེ་ང་ཚོས་ལྟ་ཞིབ་ཞིབ་ཚགས་བྱས་ན་བ་དན་གྱི་མཐའ་ཆགས་སུ་བ་དན་གྱི་ཚོན་མདོག་དང་མི་འདྲ་བའི་རས་འཛར་ཞིག་གིས་མཐའ་འགྲིལ་བཏང་ནས་ཡོད་པ་མཐོང་ཐུབ།  དེ་ནི་བ་དན་ལ་མཛེས་རྒྱན་སྤྲས་པ་ཞིག་གཏན་ནས་མ་ཡིན་པར་དོན་སྙིང་གཞན་ཞིག་ལྡན་འདུག  བ་དན་དང་མཐའ་འགྲིལ་རས་འཛར་ཚོན་མདོག་སྒྲིག་སྦྱོར་བྱེད་སྟངས་བོད་ཀྱི་སྐར་རྩིས་ལས་ཉི་འཛིན་ནམ་ཟླ་འཛིན་གྱི་རིག་པའི་སྐོར་མ་བུ་དགྲ་གྲོགས་ཀྱི་གནས་ལུགས་གཞིར་བཟུང་གཏན་འཁེལ་བྱེད་ཀྱི་ཡོད།  གལ་ཏེ་བ་དན་གྱི་ཚོན་མདོག་ལྗང་གུ་ཡིན་ན་མཐའ་འགྲིལ་རས་འཛར་དེའི་མཚོན་མདོག་ལྗང་གུ་ཡིན་དགོས་པ་མེ་གྲོགས་ཤིང་ཡིན་པ།  བ་དན་ཚོས་མདོག་སེར་པོ་ཡིན་ན་མཐའ་འགྲིལ་ཚོས་མདོག་དམར་པོ་ཡིན་དགོས་པ་ས་གྲོགས་མེ་ཡིན་པ།  བ་དན་ཚོས་མདོག་དཀར་པོ་ཡིན་ན་མཐའ་འགྲིལ་ཚོན་མདོག་སེར་པོ་ཡིན་དགོས་པ་ལྕགས་གྲོགས་ས་ཡིན་པ།  བ་དན་ཚོན་མདོག་སྔོན་པོ་ཡིན་ན་མཐའ་འགྲིལ་ཚོན་མདོག་དཀར་པོ་ཡིན་དགོས་པ་ཆུ་གྲོགས་ལྕགས་ཡིན་པ་བཅས་སོ།  གོང་དུ་གླེང་བའི་དར་ལྕོག་གི་དར་ཧྲུག་དང་བ་དན་ཚོན་མདོག་ཁོ་ནའི་ཐོག་ནས་མཚོན་ཚུལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་བསྟན་གྱི་ཡོད།  ང་ཚོས་དེའི་ཐོག་ནས་ཤེས་རྟོགས་བྱུང་བར་དར་ལྕོག་ནི་མི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་ཀྱི་འདུན་པའི་མཚོན་བྱེད་ཞིག་དང་།  དེ་བཟོ་འཚེམས་བྱེད་སྐབས་གཞུང་ལུགས་ངེས་གཏན་ཞིག་གི་མཛུབ་ཁྲིད་འོག་འགྲོ་ལུགས་ལྟར་རེ་བ་ནན་པོ་བཅོལ་ནས་གཉེར་དགོས་པའི་བྱ་བ་ཞིག་ཡིན་པ་དང་དེ་ཡང་དད་སེམས་དང་འདུན་པ་གཉིས་ལྡན་ལས་གྲུབ་པ་ཞིག་ཀྱང་རེད་ཅེས་བཤད་ཆོག  དེ་ལྟར་ཡིན་ཡང་ང་ཚོས་རྒྱུན་དུ་མཐོང་རྒྱུ་ཡོད་པའི་དར་ལྕོག་ཡོད་དོ་ཅོག་གོང་ཞུས་ཀྱི་གཏན་ལ་ཕབ་ཟིན་པའི་འགྲོ་ལུགས་དང་མཐུན་པ་ཤ་སྟག་མ་ཡིན་པར་གོ་རིམ་དང་ཚོན་སྣ་སྒྲིག་སྦྱོར་བྱེད་སྟངས་ཕྱིན་ཅི་ལོག་པའི་སྣང་ཚུལ་ཡང་མཐོང་རྒྱུ་མེད་པ་མ་ཡིན།  ནོར་འཛོལ་དེ་རིགས་ཐོན་སྲིད་པ་ཡིན་འདུག  གང་ཡིནཞེ་ན་དར་ལྕོག་སློང་ཚུལ་ནི་དམངས་ཁྲོད་དུ་དར་བའི་ཡུལ་གོམས་གཤིས་ལུགས་ཞིག་ཡིན་པ་དང་།  དེ་ནི་ཡུན་རིང་གི་ལོ་རྒྱུས་འཕེལ་རྒྱས་དུས་རིམ་ནང་རིམ་བཞིན་ཁྱབ་གདལ་བྱུང་བ་ཡིན་པ་ལས་དེ་ལ་དམིགས་སུ་བཀར་ནས་སྦྱོང་བརྡར་ནན་པོ་སྤྲད་དེ་བྱུང་བའི་བྱ་བ་ཞིག་མ་ཡིན།  དེར་བརྟེན་བཟོ་འཚེམས་ཐོག་ནོར་འཛོལ་ཕྲན་བུ་ཐོན་སྲིད་ཀྱང་དེས་དྭངས་གཙང་ལྷད་མེད་པའི་ཡིད་ཀྱི་དད་འདུན་མཚོན་རྒྱུར་བསྲེས་བསླད་སྤུ་ཙམ་གཏོང་མི་སྲིད།
       
དར་ལྕོག་གི་ཚོན་སྣས་ནང་དོན་མང་པོ་མཚོན་གྱི་ཡོད་པ་ཕུད་ད་དུང་ཡི་གེ་དང་རི་མོ་བཀོད་ཡོད་པ་རེད།  བ་དན་ཐོག་གི་ཡི་གེར་བལྟས་པ་ཙམ་གྱིས་དེ་ནི་སངས་རྒྱས་ཀྱི་གསུང་རབ་ཁྲོད་ནས་བླངས་ཏེ་བ་དན་ཐོག་དཔར་དུ་བཏབ་པ་ཡིན་པ་བརྗོད་མི་དགོས།  བ་དན་གྱི་ཟུར་བཞིའི་སྟེང་སྟག་སེང་ཁྱུང་འབྲུག་དང་དཀྱིལ་དུ་རྟ་མཆོག་གིས་ནོར་བུ་ཁུར་བའི་རི་མོས་དོན་གང་ཞིག་མཚོན་གྱི་ཡོད་པ་ཡི་གེར་བལྟས་པ་ནང་བཞིན་ལམ་སེང་རྟོགས་དཀའ་བ་ཡིན།  དེས་ན་ཁོ་བོས་དཔྱད་གཞིའི་ཡིག་རིགས་མང་པོ་ལྟ་ཀློག་བྱས་པ་ལས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་མཁས་ཅན་ཚོའི་ཆེད་རྩོམ་ནང་དེའི་ཐད་གླེང་བརྗོད་གནང་བ་མཇལ་རྒྱུ་འདུག  འོན་ཀྱང་ཆ་ཚང་ཤོས་དང་ཞིབ་ཚགས་ཤོས་ནི་དབྱི་ཐ་ལིའི་བོད་རིག་པ་མཁས་ཅན་སྐུ་ཞབས་ནམ་མཁའི་ནོར་བུ་མཆོག་གི་རྒྱས་བཤད་དེ་རང་རེད་འདུག  ཁོང་གིས་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་ཀྱི་རླུང་རྟའི་སྐོར་གྱི་དུམ་བུའི་ནང་རི་མོ་དེ་ཚོའི་སྐོར་ལ་རྒྱས་བཤད་འདི་འདྲ་ཞིག་གནང་འདུག
       
ཀླུང་རྟ་ཞེས་པའི་ཚིག་དེ་ལས། ཀླུང་ནི་ནམ་རྒྱུན་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་འབྱུང་བའི་ཁམས་ལྔ་རུ་བརྩི་བའི་ཚེ།  འབྱུང་བ་ནམ་མཁའི་ཁམས་མཚོན་པ་སྟེ།  ཡོངས་སུ་ཁྱབ་པའམ་ཀུན་གྱི་བདག་ཉིད་ལ་འཇུག་པ་ཡིན།  ཚིག་གཞན་ནགས་ཚུལ་སྟུག་པོ་ལ་ནགས་ཀླུང་ཞེས་ནགས་ཀྱི་ཡོངས་སུ་ཁྱབ་པའི་དོན་དང་།  ཆུ་ཀླུང་ཞེས་ཆུ་བོའི་རྒྱུན་མི་འཆད་ཅིང་དུས་རྟག་ཏུ་འབབ་པའི་དོན་རྣམས་ལ་འཇུག་པ་དེ་དག་གིས་ཀྱང་ཡོངས་ལ་ཁྱབ་པའི་དོན་ཟུར་རེ་ཙམ་བསྟན་ཐུབ་པ་ཡིན།
       
ཀླུང་ཞེས་པའི་ཡི་གེ་དེ་བོད་ཀྱི་ཡིག་རྙིང་འགར་ཀློང་ཞེས་ཀྱང་འབྲི་སྲོལ་འདུག   དེ་ནི་ཀློང་དང་ནམ་མཁའ་འདྲ་བའི་རྒྱུ་མཚན་གྱིས་ཡིན་སྲིད།  ཀླུང་རྟ་ཞེས་པའི་ཡི་གེ་དེའི་རྟ་ཞེས་པ་ནི་སྤྱང་ཤེས་རྟ་ལ་དཔེར་མཚོན་པ་སྟེ་གནའ་དུས་རྟ་ནི་བགྲོད་པ་མྱུར་བའི་དཔེ་ཞིག་ཡིན་སྟབས་རྟ་ཡིས་ལམ་དུ་བགྲོད་པ་དང་བགྲོད་པའི་ཚུལ་ཡང་མྱུར་བ་ཉིད་དུ་བགྲོད་པའི་དོན་བསྟན་པ་ཡིན།  དེའང་འབྱུང་བའི་ཁམས་ལྔ་ལ་བརྟེན་པ་ཐམས་ཅད་མི་མཐུན་པ་ནས་མཐུན་པར་བགྲོད་པ་དང་།  ཉེས་པ་ནས་ལེགས་པར་བགྲོད་པ།  ལྟས་ངན་པ་ནས་བཀྲ་ཤིས་པར་བགྲོད་པ།  རྐྱེན་ཆགས་ངན་པ་ནས་ཕུན་སུམ་ཚོགས་པར་བགྲོད་པ་དང་།  བགྲོད་པ་ཙམ་དུ་མ་ཟད་མྱུར་བ་ཉིད་དུ་བགྲོད་པ་ཡིན།  དེ་ནི་རྟ་མཆོག་ནོར་བུ་མཚོན་བྱེད་ཀྱི་རི་མོའི་ནང་དོན་ཡིན།
       
ནམ་རྒྱུན་དུ་བོད་ན་ཆེས་དར་བའི་རླུང་རྟའི་བ་དན་དུ་ངོགས་དབུས་སུ་རྟ་མཆོག་ནོར་བུས་མཚོན་པ་དང་།  ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་བཅས་ཡོད་པ་དེ་དག་གི་གོ་དོན་དུ།  འགའ་ཞིག་གིས་སྡེ་བཞིའི་གཟུགས་སུ་བཀོད་པ་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བའི་མཚོན་དོན་དུ་བཤད་སྲོལ་ཡོད་འདུག་པ་དེའང་དོན་དང་ལྡན་མོད།  དངོས་དོན་འབྱུང་བའི་མཚོན་བྱེད་དུ་གོ་དགོས་ཏེ།  སྟག་ནགས་ཚལ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན།  ཁྱུང་བར་སྣང་དུ་གནས་པ་དང་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ་དང་།  འབྲུག་རྒྱ་མཚོ་ལ་གནས་པས་ཆུའི་ཁམས་མཚོན་པ་དང་།  རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་ཏེ་ནགས་ཚལ་དང་རི་བོ།  བར་སྣང་དང་རྒྱ་མཚོ་རྣམས་འབྱུང་བའི་མཚོན་དཔེར་མ་བཀོད་པར་དེ་དག་ལ་གནས་པའི་སེམས་ཅན་དེ་རྣམས་ཀྱིས་འབྱུང་བའི་མཚོན་དཔེར་བྱས་པ་ནི།  འབྱུང་བའི་ཁམས་ཙམ་མིན་པ་འབྱུང་བའི་བྱེད་ལས་ཀྱི་མཚོན་དོན་གཙོར་སྟོན་པ་ཤེས་ཐུབ།  དེ་ལྟ་བུའི་བྱེད་ལས་རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་པ་ནས་ལེགས་པར་བགྲོད་པ་སོགས་སྐྱེ་བུའི་རེ་འདོད་ཡོངས་སུ་བསྐང་བ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དང་འདྲ་བས་རྟ་མཆོག་ནོར་བུའི་རྒྱན་དུ་བཀོད་སྲོལ་བྱུང་བ་དེ་ནི་ཀླུང་རྟའི་གོ་དོན་ཡང་དག་པ་ཡིན།  དུས་ཕྱིས་སུ་ཀླུང་རྟ་ལ་རླུང་རྟ་ཞེས་རླུང་གི་གཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་སྲོལ་བྱུང་འདུག་པ་དེ་དག་ནི།  རླུང་རྟ་བར་སྣང་དུ་འཕྱར་ཞིང་རླུང་གིས་གཡོ་བའི་བྱེད་ལས་དང་བསྟུན་པས་དེ་སྐད་སྲོལ་བྱུང་ཡོད་བསམ།
       
མཁས་དབང་ནམ་མཁའི་ནོར་བུ་མཆོག་གི་རླུང་རྟའི་སྐོར་གྱི་གསུང་གླེང་དུམ་བུ་དེ་ནས་དར་ལྕོག་གི་དོན་སྙིང་གསལ་བཤད་གནང་འདུག་པས་ཚིག་དུམ་དེ་ཕྲན་གྱི་རྩོམ་ཐུང་དེའི་གསལ་བྱེད་མིག་ཏུ་བརྩིས་ནས་རྩོམ་མཇུག་ཏུ་སྡོམ་ཚིག་གི་ཚུལ་དུ་བཀོད་པ་ལགས་ན་ཀློག་མཁན་མཁྱེན་ལྡན་རྣམ་པ་ཐུགས་དགྱེས་པར་གྱུར་ཅིག །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070