སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་རྗོད་བྱེད་ཀྱི་ཁྱད་ཆོས་སྐོར་ལ་དཔྱད་པ།
སྤེལ་དུས། 2017-08-01   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  ཤ་བོ་འཚོ།
          ནང་དོན་གནད་བསྡུས། དཔྱད་རྩོམ་འདི་རུ་ད་ལྟ་ཡིག་ཐོག་ཏུ་ཕབ་ནས་ཕྱོགས་བསྒྲིགས་དང་པར་སྐྲུན་བྱས་ཟིན་པའི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་སྐོར་གྱི་འབྲེལ་ཡོད་དཔེ་དེབ་འགའ་དཔྱད་གཞིར་དྲངས་ཏེ། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་རྗོད་བྱེད་ལ་ཚིག་ཉུང་དོན་བསྡུས་དང་།སྒྲ་བཟློས་དབྱངས་སྙན།བཅད་ལྷུག་སྤེལ་གསུམ།ཁ་གསལ་གོ་བདེ་བའི་ཁྱད་ཆོས་མཆིས་ཚུལ་བརྗོད་ཡོད།
          གནད་ཚིག  བོད་ཀྱི་དམངས་ཁྲོད་གཏམ་རྒྱུད། རྗོད་བྱེད་ཀྱི་ཁྱད་ཆོས།
          རྗེ་ས་པཎ་གྱིས་མཁས་པ་ལ་འཇུག་པའི་སྒོ་རུ“ཐོག་མར་སྒྲ་ལ་མཁས་པ་ཡིས། ། ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། ། དེ་ནས་དོན་ལ་མཁས་པ་ཡིས། ། ལྷག་ཆད་འཁྲུལ་བ་མེད་པར་བཤད། །”①ཅེས་དོན་ལ་མཁས་དགོས་ཚེ་སྒྲ་དང་ཚིག་ལ་མཁས་དགོས་པ་སྔོན་འགྲོའི་ལམ་ཡིན་པར་བསྟན། རྩོམ་རིག་ཟེར་བ་སྒྲ་དང་ཚིག་གིས་རྒྱུ་བྱས་པ་ཅན་ཡིན་པར་མ་ཟད། སྒྲ་དང་ཚིག་གི་བརྡ་དོན་རེ་རེ་ཀློག་མཁན་གྱིས་ཡིད་ངོར་དྲངས་པས་སྣང་བརྙན་གྲུབ། སྣང་བརྙན་གྱི་སྟེང་ནས་བརྗོད་པར་འདོད་པའི་དོན་བསྟན་པས། རྩོམ་རིག་གི་རྗོད་བྱེད་ལ་དཔྱད་ཞིབ་གནང་བ་གལ་ཆེན་དུ་མཐོང་། དམངས་ཁྲོད་གཏམ་རྒྱུད་ཀྱི་རྗོད་བྱེད་ལ་མཚོན་ནའང་སྤྱིར་བཏང་དུ་དོན་བརྗོད་རྩོམ་རིག་གི་ཁྲོད་དུ་ཁྱད་ཆོས་རང་མཚན་པ་གྲུབ་ཡོད།
          བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་མཚོན་ན་རྩོམ་གྱི་ཁ་གྲངས་མང་བ་དང་དོན་གྱི་རྣམ་གྲངས་ཀྱང་སྣ་ཚོགས་སུ་སྣང་། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་དུས་ཀྱི་སྔ་ཕྱིའང་ཡོད་པས།རྗོད་བྱེད་ཀྱི་རྣམ་པར་རིགས་ཤིག་དགར་དགོས་ཚེ་མགོ་གང་ནས་བརྩམ་དགོས་པ་དང་། གཞུང་ཇི་ལྟར་བསྲིང་རྒྱུ། མཇུག་ཇི་ལྟར་བསྡུ་ཚུལ་ཧ་ཅང་ཁག་པོ་རེད། འོན་ཀྱང་སྤྱི་ལྡོག་ནས་བལྟས་ཚེ། ཏུན་ཧོང་བོད་བཙན་པོའི་ཡིག་ཆ་བདམས་སྒྲིག(རྩོམ་རིག་གི་དེབ)ལསIOL.Tib.J.731-r(ch.82.iv-A) ཙེང་གི་རྦག་ཞིན་དང་སྤང་འགི་བོང་བུ་སྟག་ཅུངIOL.Tib.J.732-v(ch.75.ivfr.l)གྱྀམ་པོ་ཉན་ག་དང་ཁབ་ཡོ་བྱའི་འདབ་བཀྲ་བཅས་གནའ་རབས་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་མཚོན་ན་ཏུན་ཧོང་ཡིག་རྙིང་གི་ཁྱད་ཆོས་རྣམ་པར་གསལ་ཞིང་། ཙི་གུ་མ་བུ་སྐྱིད་ལ་ལྟོས་དང་། གཡོ་སྒྱུ་ཆེ་བའི་ཝ་མོ། ཨ་ཁུ་སྤྱང་ཀི་དང་ཨ་མ་རི་བོང་སོགས་བོད་ཀྱི་སྲོག་ཆགས་གཏམ་རྒྱུད་དུ་བསྡུས་པའི་གཏམ་རྒྱུད་དག་ལ་མཚོན་ན་དེང་གི་མང་ཚོགས་ཀྱི་ཁ་སྐད་ཀྱི་ཁྱད་ཆོས་ཕལ་ཆེར་ཇི་བཞིན་ཐོན་འདུག ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་དང་དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བའི་ཁྲོད་ཀྱི་གཏམ་རྒྱུད་དག་གི་རྗོད་བྱེད་ལ་མཚོན་ན། མཁས་དབང་ཚོས་དམངས་ཁྲོད་གཏམ་རྒྱུད་ཀྱི་ཚིག་ལ་ཞུན་བརྡར་ཡང་ཡང་བྱས་ནས་གྲུབ་པས། གོང་གི་དེ་གཉིས་དང་མི་མཚུངས་པའི་ཁྱད་ཆོས་ཤིག་གྲུབ་ཡོད། བོན་གྱི་ཡིག་ཆ་རྙིང་པ་ཁུ་བྱུག་སྔོན་མོའི་གསུང་སྙན་དུ་བསྡུས་པའི་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་དང་ཤ་བ་རུ་རྒྱས་ཀྱི་མདོས་གཉིས་ཀྱི་རྗོད་བྱེད་ཚིག་ནི་ཆོ་གའི་གྱེར་ཚིག་ཏུ་གཏོགས་པས་གོང་གི་དེ་ཚོ་ལས་ཀྱང་ཁྱད་ཆོས་གཞན་ཞིག་ཡོད་པར་སེམས། ཡིན་ནའང་ལོ་རྒྱུས་ཀྱི་དུས་རིམ་དང་བརྡ་གསར་རྙིང་གི་རྣམ་གཞག་ངོས་ནས་དཔྱད་པ་མ་བཏང་བར། དེ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་སྤྱིར་བཏང་དམངས་ཁྲོད་གཏམ་རྒྱུད་ཀྱི་རྗོད་བྱེད་ཀྱི་ཁྱད་ཆོས་གཞིར་བཟུང་ན་གཤམ་གསལ་གྱི་ཁྱད་ཆོས་འདི་དག་ཡོད་པར་སྙམ།
          གཅིག ཚིག་ཉུང་དོན་བསྡུས།
          སྤྱིར་དམངས་ཁྲོད་ཀྱི་གཏམ་རྒྱུད་ཕལ་ཆེ་བར་ཚིག་ཉུང་དོན་བསྡུས་པའི་ཁྱད་ཆོས་ཡོད།ཚིག་ཉུང་ཞིང་དོན་བསྡུས་པའང་གཏམ་རྒྱུད་འཆད་མཁན་གྱིས་འཆད་བདེ་ཞིང་ཉན་མཁན་གྱིས་ཉན་བདེ་བའི་རྒྱུ་མཚན་ལ་ཐུག གཏམ་རྒྱུད་ཅིག་ལ་མཚོན་ན་བྱུང་རིམ་ཧྲིལ་པོའི་ཡིག་གྲངས་ལ་ཉུང་བའི་ཁྱད་ཆོས་ཡོད་པར་མ་ཟད། ཚིག་རྐང་རེ་རེ་ལའང་ཚེག་ཁྱིམ་ཉུང་ངུས་གྲུབ་པའི་ཁྱད་ཆོས་ལྡན། གཏམ་རྒྱུད་འཆད་མཁན་གྱིས་ཚིག་ཉུང་ངུའི་ནང་བརྗོད་པར་འདོད་པའི་དོན་གསལ་པོ་ཕ་རོལ་པོར་རྟོགས་སུ་འཇུག་དགོས་པས་ནང་དོན་རང་བཞིན་གྱིས་བསྡུས་འགྲོ་བ་རེད། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་གཏམ་རྒྱུད་རྟ་རྐྱང་དབྱེ་བའི་རབས་དང་། བོད་ཀྱི་སྲོག་ཆགས་གཏམ་རྒྱུད་ཁྲོད་ཀྱི་གཏམ་རྒྱུད་མཐའ་དག ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་དང་དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བའི་ཁྲོད་ཀྱི་གཏམ་རྒྱུད་གང་ལ་མཚོན་ནའང་སྤྱིར་བཏང་དུ་ཡིག་གྲངས་ཉུང་ཞིང་བརྗོད་དོན་གཅིག་དམིགས་སུ་བཟུང་སྟེ་བསྡུས་ནས་བསྟན་ཡོད། མི་རོ་རྩེ་སྒྲུང་དང་འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད་གཉིས་གཏམ་རྒྱུད་མང་པོ་ཞིག་གིས་གྲུབ་པས།བལྟས་ཚོད་ཀྱིས་ཚིག་རིང་དོན་རྒྱས་པའི་ཁྱད་ཆོས་འདུག་མོད། གཏམ་རྒྱུད་རེ་རེ་ཚུར་ཕྱུང་ནས་བལྟས་ཚེ་ཚིག་ཉུང་ཞིང་དོན་བསྡུས་པ་ལས་རིང་དུ་བརྒལ་མེད། གཏམ་རྒྱུད་དེ་གཉིས་ནི་ཐོག་མའི་དུས་སྐབས་སུ་དམངས་ཁྲོད་དུ་ཁྱབ་པའི་གཏམ་རྒྱུད་ཚིག་ཉུང་དོན་བསྡུས་ཅན་དག་ཡིན་ཞིང་། ཕྱིས་སུ་ཕྱོགས་བསྒྲིགས་དང་དག་བཅོས་མཛད་ནས་གཏམ་རྒྱུད་གཅིག་གི་ཁོངས་སུ་གཏམ་རྒྱུད་མང་པོ་འདུས་པའི་ད་ལྟའི་རྣམ་པ་འདི་གྲུབ་པར་འདོད། དེ་བས་ཚིག་ཉུང་ཞིང་དོན་བསྡུས་པ་དམངས་ཁྲོད་གཏམ་རྒྱུད་ཀྱི་རྗོད་བྱེད་ཚིག་གི་ཁྱད་ཆོས་ལ་འཇོག་རུང་།
          གཉིས། སྒྲ་བཟློས་དབྱངས་སྙན།
          ད་ལྟ་ང་ཚོས་དཔེ་དེབ་ཀྱི་སྟེང་ནས་མཐོང་ཐུབ་པའི་དམངས་ཁྲོད་གཏམ་རྒྱུད་དག་ནི་འབྲེལ་ཡོད་མི་སྣས་ཡིག་ཐོག་ཏུ་ཕབ་ནས་རྩོམ་ཆོས(文本)ཀྱི་རྣམ་པར་གྲུབ་ཏུ་བཅུག་པ་བྱས་པ་ཞིག་ཡིན། སྔོན་གྱི་ཚེ་དེ་དག་དམངས་ཁྲོད་དུ་ངག་ནས་ངག་བརྒྱུད་པའི་ངག་ཐོག་རྩོམ་རིག་གི་ཁོངས་སུ་འདུས་པས།ངག་ལ་བརྗོད་བདེ་ཞིང་ཚིག་འཛིན་སླ་བའི་ཁྱད་ཆོས་ཡོད་པར་མ་ཟད། རྣར་སྙན་ཞིང་འཇེབས་པའི་ཁྱད་ཆོས་ཀྱང་མཆིས།སྒོས་སུ་ཚིག་ཡང་ཡང་བཟློས་པ་བཟློས་སྐྱོན་དུ་སོང་མེད་པར། དོན་གྱི་གནད་གལ་ཆེན་དུ་སྟོན་པའམ་ཚིག་གི་སྙན་ཆར་དང་དོད་ཆེན་པོ་བྱས་པའི་ཁྱད་ཆོས་ཡོད།དཔེར་ན།རྟ་རྐྱང་དབྱེ་བའི་རབས་ལ་མཚོན་ན།“རྟ་བཞུགས་ནི་གནམ་ལ་བཞུགས་རྨང་བཞུགས་ནི་དགུང་ལ་བཞུགས། །” “རྟ་བབ་ནི་གནམ་ནས་བབ་རྨང་བབ་ནི་དགུང་ནས་བབ། །” “རྟ་སྤུན་གསུམ་རྨང་ནི་མཆེད་གསུམ།” “ཤ་བྱ་ཟ་ནི་རྷལ་རྷལ་ཁྲག་ས་འཐུང་ནི་ཅིབ་ཅིབ། རུས་པ་གླེ་འཆའ་ནི་ཁྲུམ་ཁྲུམ།”“ཅི་ཐུད་ཐུད་ན་འབྲོང་གཡག་སྐར་བ་ཐུད་ཐུད་པྱི་ན་ཅི་བྲེང་བྲེང་ན་ནུ་ཁུག་རོན་རྨང་དར་བྲེང་བྲེང་།”སོགས་ཀྱི་ཁྲོད་དུ་སྒྲ་བཟློས་པ་མང་ཞིང་། ངག་ལ་བླངས་ན་བརྗོད་བདེ་ལ་རྣར་ཉན་ན་ཚིག་སྙན་པའི་ཁྱད་ཆོས་མཆིས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད་ལ་མཚོན་ན“མོ་སྙིང་དུ་ཕོ་སྡུག ཕོ་སྙིང་དུ་མོ་སྡུག”དང་།“ཀླུ་ཆེན་གཏད་ཁྲམ་ཤ་ར་ར། ། གཤིན་རྗེའི་ཁྲམ་འབེབས་ཆེམས་སེ་ཆེམས། ། མ་མའི་གཏོར་ཟོར་ཐོལ་ལོ་ལོ། ། ཡི་དམ་ལྷ་ཚོགས་ཁྲོ་ལོ་ལོ། །”ལྟ་བུ་དང་། ཙི་གུ་མ་བུ་སྐྱིད་ལ་ལྟོས་ལ་མཚོན་ནའང་། “མཐོ་ནས་མཐོ་ཚོད་མ་ཟིན་ན། ། བྱ་རྒྱལ་ཁྱུང་གི་རོ་ལ་ལྟོས།  །  བཙན་ནས་བཙན་ཚོད་མ་ཟིན་ན།  །གླང་བོ་ཆེ་ཡི་རོ་ལ་ལྟོས། །  གཉོམ་ནས་གཉོམ་ཆུང་འདུག་ཤེས་ན། །  ཙི་གུ་མ་བུའི་སྐྱིད་ལ་ལྟོས། །”ཞེས་པ་སོགས་ལ་བལྟས་ན།དམངས་ཁྲོད་གཏམ་རྒྱུད་ཀྱི་རྗོད་བྱེད་ཀྱི་ཁྲོད་དུ་བཟློས་སྒྲ་མང་བར་མ་ཟད།དེ་དག་ལ་ངག་ལ་བདེ་ཞིང་རྣར་སྙན་པའི་ཁྱད་ཆོས་ལྡན།
          གསུམ། བཅད་ལྷུག་སྤེལ་གསུམ།
          རྩོམ་རིག་གི་རྗོད་བྱེད་ཚིག་ལ་རྣམ་པའི་སྒོ་ནས་དབྱེ་ན་རྐང་པ་བཅད་པའི་ཚིགས་བཅད་དང་། རྐང་པ་མ་བཅད་པའི་ཚིག་ལྷུག  བཅད་ལྷུག་འདྲེས་པའི་སྤེལ་མ་གསུམ་གྱི་རྣམ་གཞག་ལྟར་དུ་དམངས་ཁྲོད་གཏམ་རྒྱུད་ལ་ལ་ཞིག་གི་རྗོད་བྱེད་ཚིག་གི་རྣམ་པ་བཅད་ལྷུག་སྤེལ་མ་གསུམ་གྱིས་གྲུབ་ཅིང་།  ལ་ལ་ཞིག་ལྷུག་པ་འབའ་ཞིག་གིས་གྲུབ། ཡང་ལ་ལ་ཞིག་བཅད་པ་ཁོ་ནས་བཅིངས་འདུག བཅད་ལྷུག་སྤེལ་མ་གསུམ་གྱི་ཁྲོད་དུ་ཚིག་ལྷུག་གིས་རྟག་ཏུ་མི་སྣ་ངོ་སྤྲོད་དང་། བྱུང་རིམ་མཚམས་སྦྱོར། དོན་དག་གསལ་བཤད་བྱེད་ཅིང་། ཚིགས་བཅད་ཕལ་ཆེར་མི་སྣ་ཕན་ཚུན་དབར་གྱི་ལབ་གླེང་ཡིན། དཔེར་ན། དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བ་ལས་རི་དྭགས་རུ་རུས་ཆུ་ཁུར་ནས་མི་བསྐྱབས་པའི་གཏམ་རྒྱུད་དུ་ཚིག་ལྷུག་གིས་བྱུང་རིམ་མཚམས་སྦྱོར་དང་ཚིགས་བཅད་ཀྱིས་མི་སྣ་ཕན་ཚུན་དབར་གྱི་གཏམ་གླེང་བྱས་པ་གསལ་ཏེ།“རི་དྭགས་དེ་སྙིང་རྗེའི་དབང་གིས་བར་དུ་བཀག་སྟེ། མ་མཛད་མ་མཛད་རྒྱལ་པོ་ཆེ། ། བསད་པས་ཅི་རུང་སྙིང་རྗེར་ལྟོས།  ། ཁས་བླངས་བྱ་དགའ་གང་ཡིན་སྩོལ། ། བདག་ནི་ཁྱོད་གསུངས་སྤྱི་བོས་ནོངས། ། ཟེར་བས་རྒྱལ་པོ་ཡ་མཚན་ཞིང་ལྷག་པར་དད་པ་སྐྱེས།”ལྟ་བུ། མི་རོ་རྩེ་སྒྲུང་ཁྲོད་ཀྱི་འཕོ་བ་གྲོང་འཇུག་སློབ་པ་རུ“མཚན་མོ་རེ་རེ་བཞིན་གསང་གྲོགས་འོངས་ནས་ཐུག་འཕྲད་བྱེད་པ། ནེ་ཙོས་མཐོང་སྟབས། ནེ་ཙོས་སྨྲས་པ། ངས་རྣ་བའི་ཐོས་ཚད་བདག་པོར་བཤད། ། ངས་མིག་གིས་མཐོང་ཚད་བདག་པོར་བཤད། ། དོན་བཟང་པོའི་དབུ་འཕང་ཡར་ལ་ལྟོས། ། དོན་ངན་པའི་བཙོག་ཆུ་མར་ལ་འཕོ། །”ཞེས་པ་ལྟ་བུ། བོད་ཀྱི་སྲོག་ཆགས་གཏམ་རྒྱུད་ལས་ཨ་ཁུ་སྤྱང་ཀི་དང་ཨ་མ་རི་བོང་དང་བྱིའུ་བློ་ལྡན་སོགས་ཚིག་ལྷུག་འབའ་ཞིག་གིས་གྲུབ་ཡོད། བོན་གྱི་ཆོ་གའི་གྱེར་ཚིག་ཏུ་གཏོགས་པའི་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་དང་ཤ་བ་རུ་རྒྱས་ཀྱི་མདོས་གཉིས་ཀྱི་རྗོད་བྱེད་ཀྱི་རྣམ་པ་ཚིགས་བཅད་ཡིན་ཞིང་ཚེག་ཁྱིམ་བདུན་གྱིས་གྲུབ། མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ ཏུ“ཤ་བས་མི་སྐད་ལྷངས་ཀྱིས་སྨྲས། ། ཕ་ནི་གནམ་ཤ་རུ་རིང་ཡིན། ། གནམ་ཀ་རུ་རིང་བྱ་བ་དེ། ། གནམ་ལྷ་དཀར་པོའི་སྤྲུལ་བ་ཡིན། ། མ་ནི་དམུ་ཤ་ཡུ་མོ་ཡིན། ། དམུ་ཤ་ཡུ་མོ་བྱ་བ་དེ། ། དམུ་བཙུན་རྒྱལ་མོའི་སྤྲུལ་བ་ཡིན། ། ང་རང་དུང་ཤ་ཤེལ་རུ་ཡིན། ། ལྷ་མཚོ་བླ་རི་བླ་མཚོ་ལགས། ། རིག་པ་སེམས་ཀྱི་མི་ཕོ་ཁྱེད། ། ཅང་ཤེས་ཡིད་ཀྱི་རྟ་ལ་ཞོན། ། གར་འགྲོ་གར་གནས་སུ་ལ་དོན། ། དེ་སྐད་ཤ་བས་ཞུས།”②ཞེས་པ་དང་། ཤ་བ་རུ་རྒྱས་ཀྱི་མདོས་ཆོ་གའི་ཁྲོད་དུ“བསྭོ་བསྭོ་ཡང་གཅིག་ཤ་བའི་ཞལ་ན་རེ། སྣང་སྲིད་ལྷ་འདྲེ་ཚུར་ལ་གསོན”③ལ་སོགས་པར་བལྟས་ན། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་རྗོད་བྱེད་ཚིག་གི་རྣམ་པར་ཚིགས་བཅད་ཀྱི་རྣམ་པ་ཅན་དང་། ཚིག་ལྷུག་གི་རང་བཞིན་ཅན།བཅད་ལྷུག་སྤེལ་མར་གནས་པའི་ཁྱད་ཆོས་གསུམ་ལྡན་ནོ།  །
          བཞི། ཁ་གསལ་གོ་བདེ།
          སྤྱིར་བཏང་དུ་རྩོམ་པ་པོས་བརྩམས་པའི་བརྩམས་ཆོས་དང་བསྡུར་ན། དམངས་ཁྲོད་གཏམ་རྒྱུད་ནི་དམངས་ཁྲོད་ནས་མྱུ་གུ་འབུས་ཤིང་རྩེ་མོ་རྒྱས་པའི་རྩོམ་རིག་གི་རིགས་ཤིག་ཡིན་པ་དང་།མང་ཚོགས་ཀྱི་ཁ་སྐད་དང་ཉེ་བར་གནས་པས་ཚིག་སྦྱོར་གྲིམ་ལྷོད་ཀྱི་ཆ་ནས་ལྷོད་པར་སྣང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་དམངས་ཁྲོད་གཏམ་རྒྱུད་རྟ་རྐྱང་དབྱེ་བའི་རབས་སོགས་ལ་དེང་དུས་བལྟས་ན་བརྡ་རྙིང་གི་རྣམ་པར་ཆགས་པས་ཁ་མི་གསལ་གོ་དཀའ་བའི་གནས་ཤིག་ཡིན་མོད། དུས་རབས་བརྒྱད་པ་དང་ཡང་ན་དེ་བས་ཀྱང་ཡར་སྔོན་གྱི་དུས་སུ་ཁ་གསལ་གོ་བདེ་ཡིན་པ་རིགས་པས་དཔག་ཐུབ། སྤྱིར་ཡང་གཏམ་རྒྱུད་ཀྱི་ཁྲོད་དུ་མི་སྣ་ཉུང་ཞིང་བྱུང་རིམ་རགས་པ་དང་། ཚིག་ཚོགས་སྐྱུང་ཞིང་བརྗོད་དོན་གསལ་བར་མངོན་པས། ཚིག་གི་ལོ་མས་དོན་བསྒྲིབས་པའམ་བྱུང་རིམ་གྱི་ངོས་ནས་བརྗོད་བྱ་འཛིན་དཀའ་བ་ཞིག་ཡེ་ནས་མ་རེད། སྒོས་སུ་དམངས་ཁྲོད་དུ་ཁྱབ་པའི་གཏམ་རྒྱུད་ཨ་མ་དྲེད་མོང་དང་ཨ་མ་རི་བོང་དང་། ཨ་ཁུ་སྤྱང་ཀི་དང་ཨ་མ་རི་བོང་སོགས་ལོ་ན་བཞི་ལྔར་བུད་མ་ཐག་པའི་བྱིས་པ་སྣབས་ལུག་དག་གིས་ཀྱང་ཐོས་བསམ་བྱ་བཏུབ་ན་གཞན་རྣམས་ལྟ་ཅི་སྨོས།ཡང་དམིགས་བསལ་དུ་ཞུ་རྒྱུ་ཞིག་ལ། ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་དང་དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བ་ལས་གཏམ་རྒྱུད་ལ་ལ་ཞིག་གི་བརྗོད་བྱར་ནང་ཆོས་ཀྱི་ལྟ་སྤྱོད་བཅུག་ཡོད་པས་ཁ་གསལ་ཡང་གོ་མི་བདེ་བའི་གནས་སྐབས་མཆིས་མོད། སྤྱིར་བཏང་དུ་དམངས་ཁྲོད་གཏམ་རྒྱུད་ཐམས་ཅད་ཁ་གསལ་གོ་བདེ་བ་ནི་དེའི་ཚིག་སྦྱོར་གྱི་ཁྱད་ཆོས་ཡིན་པའོ། །
གཞན་ཡང་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་རྗོད་བྱེད་ཀྱི་ཁྲོད་དུ་གཏམ་དཔེ་མང་དུ་སྤྱད་ཅིང་། དེ་ཡང་ཡུལ་ཆོས་ཀྱི་རྣམ་པས་ཕྱུག་པ་དཔེར་ན་མི་རོ་རྩེ་སྒྲུང་དུ“མི་ལ་ངོ་ཚ་མེད་ན་ཁྱི་ཡིན། །ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན། །” “བསམ་ངན་མི་ལ་བཟུང་ན། །སྦྱོར་བ་རང་ལ་འཁོར། །”ལ་སོགས་པར།ད་དུང་དངོས་ཤུགས་བརྒྱུད་གསུམ་ནས་དཔྱད་ན་དཔྱད་རྒྱུ་ཡོད་པ་ཞིག་ཡིན་མོད། གནས་སྐབས་སུ་ལོགས་སུ་བསྐྱུར་བར་བྱ།བོད་ཀྱི་རིག་གནས་ཞིབ་འཇུག་གི་སྡིངས་ཆའི་ཁྲོད་གཞན་དྲིང་མི་འཇོག་པའི་དེང་གི་མཁས་དབང་གྲགས་ཅན་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས“གནའ་ནས་དར་བའི་དམངས་ཁྲོད་ཀྱི་གླུ་གཞས་གཏམ་སྒྲུང་ཕལ་ཆེར་ཚིག་སྙན་བརྗོད་བདེ་འཛིན་སླ་འདུས་ཆེ་བའི་ཁྱད་ཆོས་བཞི་ལྡན་གྱི་ཚིགས་བཅད་ཡིན།”④ཞེས་བརྗོད་པ་ལྟར། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་མཚོན་ན་ཡང་།མཁས་དབང་དོར་ཞིས་ཕྱོགས་བསྡོམས་མཛད་པའི་བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱིའི་རྗོད་བྱེད་ཀྱི་ཁྱད་ཆོས་བཞི་ལྡན་པར་མ་ཟད།ཚིག་ཉུང་དོན་བསྡུས་དང་། སྒྲ་བཟློས་དབྱངས་སྙན།བཅད་ལྷུག་སྤེལ་གསུམ། ཁ་གསལ་གོ་བདེ་བཅས་ཀྱི་ཁྱད་ཆོས་བཞིའང་མཆིས་སོ། །
          མཆན།
          ① ས་པཎ་ཀུན་དགའ་རྒྱལ་མཚན།《མཁས་པ་ལ་འཇུག་པའི་སྒོ》 པེ་ཅིན།མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ6པ།ཤ85
          ② མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས།《ཁུ་བྱུག་སྔོན་མོའི་གསུང་སྙན》National Museum of Ethnology.Osaka2002 ཤ36
          ③ 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》 པེ་ཅིན།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།1994ལོའི་ཟླ12པ།ཤ387
          ④ དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས།《དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ》 ལན་གྲུ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ11པ།ཤ231
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716