|
ཉི་ཧོང་གི་གསར་ལམ་ལྟར་ཀེམ་ཅོང་ཨིན་སང་ལོར་ཀྲུང་གོར་འཚམས་འདྲིར་ཕེབས་འཆར་ཡོད་འདུག |
སྤེལ་དུས། 2015-11-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། བཀྲ་རྒྱལ། |
![]() ཕྱི་ཚེས ༡༨ ཉིན་ངལ་རྩོལ་གསར་འགྱུར་དུ་བྱང་ཁོར་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཀེམ་ཅོང་ཨིན་གྱི་སྐོར་འཁོད་པར། པར་ངོས་སུ་ཀེམ་ཅོང་ཨུན་གྱིས"ཀེམ་རི་ཁྲིན་དང་ཀེམ་ཀྲེང་རུས"ཀྱི་མཚན་རྟགས་བཏེགས་མི་འདུག ཟུར་དཔྱད་གསར་འགྱུར་དྲ་བས་ཕྱི་ཟླ ༡༡ པའི་ཚེས ༡ ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་དུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། པེ་ཅིང་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་ཁ་ཤས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གོ་དང་བྱང་ཁོར་རྒྱལ་ཁབ་གཉིས་ཀྱིས་བྱང་ཁོར་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཀེམ་ཅོང་ཨིན་སང་ལོའི་ལོ་སྟོད་དུ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་མ་ཟད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིང་ཕིན་ལ་གྲོས་མོལ་མཛད་རྒྱུའི་ལས་རིམ་ཐད་འབྲེལ་འདྲིས་བྱེད་སྒང་ཡིན་ཞེས་གནས་ཚུལ་སྤེལ་འདུག ཚེས ༣༠ ཉིན་བྱང་ཁོར་ཕྱོགས་ནས་སང་ལོའི་ཟླ ༥ པའི་ཟླ་སྟོད་དུ་བྱང་ཁོར་ངལ་རྩོལ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་རྒྱུན་ཡིན་ཞེས་བསྒྲགས། བྱང་ཁོར་ཕྱོགས་ནས་ཏང་གི་ཚོགས་ཆེན་མ་འཚོག་གོང་ཀེམ་ཅོང་ཨིན་ཀྲུང་གོར་འཚམས་འདྲིར་ཕེབས་ཐུབ་པ་བྱུང་རྒྱུ་དང་། དེ་ནི་ངལ་རྩོལ་ཏང་གི་མཐོ་རིམ་འགོ་ཁྲིད་དཔུང་སྡེའི་གྲུབ་འབྲས་ཤིག་ཏུ་བགྲངས་ནས་ཕྱིར་བསྒྲགས་བསམ་འདུག ཉི་ཧོང་གི《ཉིན་རེའི་གསར་འགྱུར》གྱིས་ཟླ ༡༠ ཚེས ༣༡ ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཀྲུང་གོ་དང་བྱང་ཁོར་རྒྱལ་ཁབ་གཉིས་ཀྱིས་བྱང་ཁོར་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ ༧༠ འཁོར་བའི་དུས་དྲན་གྱི་བྱེད་སྒོའི་གོ་སྐབས་འདི་དང་བསྟུན། ཀེམ་ཅོང་ཨིན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལིའུ་ཡུན་ཧྲན་གཉིས་གྲོས་མོལ་བྱེད་ཐུབ་པ་བྱུང་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལིའུ་ཡུན་ཧྲན་གྱིས་བརྒྱུད་འབུལ་གནང་བའི་ཞིས་ཅིན་ཕིང་གི་སྒེར་འཕྲིན་ནང་དུས་བབ་འོས་འཚམ་གྱི་སྐབས་སུ་ཀེམ་ཅོང་ཨུན་ཀྲུང་གོར་འཚམས་འདྲིར་ཕེབས་པར་གདན་འདྲེན་ཞུ་སྐོར་གྱི་ནང་དོན་འདུས་ཡོད་འདུག ཀྲུང་གོ་དང་བྱང་ཁོར་ཕྱོགས་གཉིས་ནས་ཀྲུང་གོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོག་རྒྱུ་དང་སྐུ་འདས་ཟིན་པའི་བྱང་ཁོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀེམ་རི་ཁྲུན་འཁྲུངས་སྐར་ཉིན་གྱི་ལས་རིམ་སོགས་བྱེད་སྒོ་གལ་ཆེན་ཕུད་རྗེས་ཀྱི་ཀྲུང་གོར་འཚམས་འདྲིའི་དུས་ཚོད་བཀོད་སྒྲིག་ཐད་གྲོས་མོལ་བྱེད་སྒང་འདུག གསར་ལམ་དུ་བསྒྲགས་པ་ལྟར་ན། བྱང་ཁོར་ངལ་རྩོལ་ཏང་གིས་སང་ལོའི་ཟླ ༥ པར་འཚོགས་གྲབས་ཡོད་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐོག་ཀེམ་ཅོང་ཨིན་དབུ་བཞུགས་མཛད་པའི་འགོ་ཁྲིད་ལམ་ལུགས་གཅིག་པུར་གཏན་འཁེལ་བྱེད་རྒྱུ་མ་ཟད། དཔལ་འབྱོར་གྱི་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱེད་སྲིད། ཀྲུང་གོ་དང་བྱང་ཁོར་རྒྱལ་ཁབ་གཉིས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལེགས་བཅོས་ཐད་འབད་ཐག་བྱེད་འགོ་བརྩམས་ཟིན། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན་ཐད་ཡང་བསྐྱར་ངོས་ཟིན་ཐོབ་ཡོད་དེ། དཔལ་འབྱོར་ལྟེ་བར་བཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་གཏན་འཁེལ་བྱས་ཡོད་པ་དང་། བྱང་ཁོར་ཕྱོགས་ནས། ཀེམ་ཅོང་ཨིན་གྱི་འགོ་ཁྲིད་ལམ་ལུགས་ཁྲོད་བརྟན་བརླིང་གི་ཆ་དེ་སོར་བཞག་བྱེད་རྒྱུ་མ་ཟད། ཉིང་རྡུལ་མཚོན་ཆ་སྤྱད་དེ་ཀྲུང་གོར་སེམས་ཁྲལ་སློང་པ་ལས་ཀྲུང་གོའི་རོགས་སྐྱོར་དེ་བས་མང་པོ་བརྩོན་ལེན་བྱེད་ཐུབ་པ་བྱུང་ན་ད་གཟོད་ཇུས་རབ་ཡིན་པར་ངོས་འཛིན་གྱི་འདུག གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིང་གི་ཕྱི་འབྲེལ་མི་སྣས། ཀྲུང་གོ་གུང་ཁྲན་ཏང་གིས་དེ་སྔར་བསྡུས་པའི་ཚོགས་འདུ་ལས་བྱང་ཁོར་གྱི་འཐབ་ཇུས་རིན་ཐང་ལ་བསྐྱར་དུ་དཔྱད་ཞིབ་གནང་པ་དང་། ས་གནས་ཀྱི་འབྲེལ་འདྲིས་དང་དཔལ་འབྱོར་འབྲེལ་འདྲིས་སོགས་ཀྱི་བྱེད་ཕྱོགས་ལ་སྐུལ་འདེད་བྱས་བརྒྱུད། ཀྲུང་གོ་དང་བྱང་ཁོར་གྱི་འབྲེལ་ལམ་ཇེ་ལེགས་སུ་གཏོང་རྒྱུ་ཐག་བཅད་ཡོད་ཅེས་བརྗོད་བྱུང་། དེ་དང་ཆབས་ཅིག ད་སྔའི་བར་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་པའི་བྱང་ཁོར་གྱི་ཉིང་རྡུལ་གནད་དོན་ཐད། ཚོགས་འདུའི་ཐོག་རྩ་དོན་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། དཔལ་འབྱོར་འབྲེལ་འདྲིས་དང་དེ་གཉིས་སོ་སོར་དབྱེ་ནས་ངོས་འཛིན་བྱས་ཏེ། བྱང་ཁོར་གྱི་སྲིད་ཇུས་དེ་ཉིང་རྡུལ་གནད་དོན་ཐད་གཅིག་འདུས་ཡོང་པའི་གནས་བབ་ལས་གཞོལ་དགོས་སྐོར་གཏན་འཁེལ་གནང་འདུག གནས་ཚུལ་སྤེལ་བ་ལྟར་ན། ཕྱོགས་གཞན་ནས་བཤད་ན། བྱང་ཁོར་ཕྱོགས་ནས་ཀེམ་ཅོང་ཨིན་གྱིས་ལམ་ལུགས་སྲ་བརྟན་དུ་གཏོང་བར་སྙེགས་བརྒྱུད་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་བསུ་རྒྱུ་རེད་འདུག ཕྱི་ལོ ༢༠༡༡ ལོའི་ཟླ ༡༢ པར་ཀེམ་ཅོང་ཨིན་གྱིས་དབང་ཆ་རྒྱུད་འཛིན་བྱས་པ་ནས་བཟུང་། ཀྲུང་ཁྲེང་ཙུག་སོགས་ཀྱི་དོན་རྐྱེན་གྱི་དབང་གིས། འགོ་ཁྲིད་ལམ་ལུགས་ལ་རེ་ཞིག་གཡོ་འགུལ་ཐེབས་པ་རེད་མོད། དེ་ལྟར་ནའང་། བྱང་ཁོར་གསང་འཕྲིན་ལས་ཁུངས་ཀྱི་འབྲེལ་ཡོད་ཀྱི་མི་སྣ་ལྟར་ན། ཡང་དང་བསྐྱར་དུ་གཙང་སེལ་བྱས་རྗེས། ད་ལྟ"དམག་སྤྱི་(ཀེམ་ཅོང་ཨུན)གཙོས་པའི་ཏང་སྲིད་དམག་གསུམ་གྱི་དབང་སྒྱུར་དེ་མཐར་བརྟན་ལྷིང་དུ་གྱུར་ཡོད་པ་རེད"ཅེས་བསྟན་བྱུང་། གནས་ཚུལ་སྤེལ་བ་ལྟར་ན། ཀེམ་ཅོང་ཨིན་གྱིས་ཆེས་མཐོ་བའི་ཇུས་ཐག་གཅོད་སྡེ་ཚན—ཏང་གི་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཕྱི་ནང་ལ་ལམ་ལུགས་བརྟན་ལྷིང་དང་མཐུན་སྒྲིལ་ཡིན་ཚུལ་སྟོན་འཆར་འདུག་པས། དེར་བརྟེན་ཀྲུང་གོ་དང་འབྲེལ་ལམ་ཤུགས་སྣོན་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཏུ་ཆགས་ཡོད་པ་རེད། ཁ་བྱང་ཕྱི་མོ། ཉི་ཧོང་གི་གསར་ལམ་ལྟར་ཀེམ་ཅོང་ཨིན་སང་ལོར་ཀྲུང་གོར་འཚམས་འདྲིར་ཕེབས་འཆར་ཡོད་འདུག (རྩོམ་འགན་པ། བསྟན་འཛིན) |
|
||||||
| ||||||