ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྲོས་ཚོགས་བསྡུས་ཏེ། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་རྗེས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་གྲོས་བསྡུར་བྱས་ཤིང་། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་ཐད་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་པ་དང་། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལག་བསྟར་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་སྲོལ་ཡིག་ལ་གྲོས་ཞིབ་བྱས་པར་མ་ཟད་འགྲེམ་སྤེལ་བྱེད་པར་འཐད་པ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཚོགས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་པེ་ཅིན་ནས་འཚོགས་རྒྱུ་ཐག་བཅད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་མ་ཡིག་ལ་ཏང་ཕྱི་ནང་དུ་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པའི་བསམ་འཆར་ལ་བཟོ་བཅོས་བྱས་རྗེས་ཀྱི་ཡིག་ཆའི་མ་ཡིག་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་སྤྲད་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།
ཚོགས་ཐོག་ནས་བསྟན་དོན། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་པས། ངེས་པར་དུ་བཅོས་སྒྱུར་གྱི་ཁོངས་གཏོགས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྔར་ལས་ཡིད་འཇོག་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་དམངས་གཙོ་ཆབ་སྲིད། སྔོན་ཐོན་རིག་གནས། སྤྱི་ཚོགས་འཆམ་མཐུན། སྐྱེ་ཁམས་དཔལ་ཡོན་བཅས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། ངལ་རྩོལ་དང་ཤེས་བྱ། ལག་རྩལ། དོ་དམ། མ་རྩ་བཅས་ཀྱི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་པ་དང་། སྤྱི་ཚོགས་ལ་འབྱོར་བ་བསྐྲུན་པའི་མགོ་ཁུངས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་ཡིན་པའི་སྒོ་ནས་མི་དམངས་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། དཀའ་སྤྱད་འབད་འཐབ་དང་བརྩོན་བསྲིས་གྲོན་ཆུང་བྱེད་པ་ནི་ཀྲུང་ཧྭ་མི་དམངས་ཀྱི་ཀུན་སྤྱོད་བཟང་བོ་ཡིན་པ་དང་ང་ཚོ་ཏང་གི་ཕུལ་བྱུང་སྤྱོད་ཚུལ་ཡིན། ཀྲུང་དབྱང་གིས་སྔོད་ཆད་ནས་བཟུང་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། བརྩོན་བསྲིས་གྲོན་ཆུང་ལག་བསྟར་བྱེད་པར་སྣེ་ཁྲིད་དང་གང་འདོད་དུ་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་དགོས་ཞེས་ནན་གྱིས་བསྟན། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལག་བསྟར་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་སྲོལ་ཡིག་གཏན་འཁེལ་བྱས་པ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། གྲོན་ཆུང་ལག་བསྟར་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་བ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་གཏོང་བར་སྐུལ་འདེད་བཏང་ནས། མགོ་ཁུངས་ནས་གང་འདོད་དུ་ཆུད་ཟོས་སུ་གཏོང་བའི་སྤྱོད་ངན་ལེགས་སྒྱུར་བྱེད་པར་དོན་སྙིང་གལ་ཆེན་ཡོད་ཟེར།