ཕལ་ཆེར་མི་ཁྲི ༤༣༠ ཉེ་བ་ཐེངས་འདིའི་སྤྱི་འདེམས་སུ་ཞུགས།
ཟླ ༩ པའི་ཚེས ༡༨ ཉིན་གྱི་དབྱིན་ཇིའི་གསར་ལམ་ཁག་ཏུ་བཀོད་པ་ལྟར་ན། སི་ཀོ་ལན་ཌི(Scotland)ཡི་སྲིད་འཛིན་ས་ཁུལ ༣༢ ཀྱིས་ས་གནས་གྲོས་ཚོགས་ཀྱིས་ཟླ ༩ པའི་ཚེས ༡༨ ཉིན་གྱི་རང་བཙན་མང་མོས་འོས་བསྡུའི་འདེམས་ཤོག་འཕེན་པའི་ལས་ཀ་ལམ་ལྷོངས་འབྱུང་བར་མཐའ་མའི་སྟ་གོན་བྱེད་ཀྱི་འདུག
སི་ཀོ་ལན་ཌི་ཡི་ས་ཆ་སོ་སོའི་སློབ་གྲྭ་དང་སྡོད་ཡུལ་ཁག་ཏུ་འདེམས་ཤོག་བླུག་སྒམ་དང་འདེམས་ཤོག་བླུག་བྱེད་བགོ་འགྲེམ་བྱེད་བཞིན་ཡོད།
ད་རེས་ཀྱི་སྤྱི་འདེམས་འདི་ལ་ཁྱོན་མི ༤༢༨༥༣༢༣ གྱིས་མིང་ཐོ་བཀོད་ཡོད་པ་དེས། སི་ཀོ་ལན་ཌིའི་མི་གྲངས་ལས་འདེམས་ཤོག་འཕེན་དབང་ཡོད་པའི ༩༧% གྱིས་འདེམས་ཤོག་ཐོ་འགོད་བྱས་ཟིན་པ་མཚོན་གྱི་ཡོད་ལ། སྔོན་རྩིས་ལྟར་ན་ཐོ་བཀོད་པའི་མིས་འདེམས་ཤོག་ལྡུག་ཚད་ཧ་ལམ ༨༠% ལ་བསླེབ་རྒྱུ་ཡིན་སྟབས། ཚེས༡༨ དེ་དེ་རིང་སི་ཀོ་ལན་ཌིའི་འདེམས་བསྐོའི་ལོ་རྒྱུས་ཐོག་གི་བྲེལ་བ་ཆེས་ཚ་བའི་ཉིན་མོར་ཡང་འགྱུར་སྲིད་པ་རེད།
ལས་བྱེད་མི་སྣ་ཐོལ་པ།
ཡུལ་དེའི་དུས་ཚོད་ཚེས ༡༨ པའི་ཞོགས་པ་ཆུ་ཚོད ༧ ནས་དགོང་མོ་ཆུ་ཚོད ༡༠ པའི་བར་དུ། སི་ཀོ་ལན་ཌིའི་ཡུལ་ལུང་སོ་སོའི་ཚོགས་འདུ་ཡིས་ཧ་ལམ་འདེམས་ཤོག་འཕེན་ས ༢༦༠༨ ཡི་འདེམས་ཤོག་ས་ཚུགས ༥༥༧༩ ལ་དོ་དམ་བྱེད་དགོས་ཀྱི་ཡོད་པ་རེད།
འདེམས་ཤོག་འཕེན་ས་ནི་མི་མང་འདེམས་ཤོག་ལ་ཞུགས་སའི་སློབ་གྲྭ་དང་ཚོམས་ཆེན་ཡིན་འདུག འདེམས་ཤོག་ས་ཚུགས་དག་འདེམས་ཤོག་འཕེན་སའི་སྡོད་ཁུལ་གྱི་དབྱེ་སྟངས་ལྟར་ཆེད་དུ་འདེམས་ཤོག་བླུགས་སའི་ཁང་པ་ཡོད་འདུག
འདེམས་ཤོག་ས་ཚུགས་ཀྱི་སྒོ་ཚེས ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད ༧ པར་ཕྱེ་ནས་དགོང་མོ་ཆུ་ཚོད ༡༠ སྒོ་རྒྱག་རྒྱུ་ཡིན་འདུག་ཅིང་། འདེམས་ཤོག་བླུག་སྒམ་སྟོང་ཕྲག་ཁ་ཤས་སི་ཀོ་ལན་ཌིའི་ས་ཆ་སོ་སོའི་འདེམས་ཤོག་འཕེན་སར་བསྐྱལ་ཚར་འདུག
ས་ཆ་མང་ཆེ་བར། འདེམས་ཤོག་ས་ཚུགས་གཅིག་གིས་མང་ཤོས་མི ༨༠༠ ལྷག་ལ་སྣེ་ལེན་བྱེད་དགོས་ཤིང་། ལས་བྲེལ་ཆེ་དུས་འདེམས་ཤོག་ས་ཚུགས་སུ་ད་དུང་མི་སྣ་ཁ་སྣོན་བྱེད་དགོས་ཀྱི་འདུག
སི་ཀོ་ལན་ཌི་ཡི་གྲོང་ཁྱེར་ཆེ་ཤོས་གྷི་ལ་སི་ཀི་རུ་ས་གནས་གྲོས་ཚོགས་ཀྱིས། འདེམས་ཤོག་ས་གནས ༢༠༠ ཡི་འདེམས་ཤོག་ས་ཚུགས ༤༨༣ ལ་བླུག་སྒམ ༤༨༣ སྐྱེལ་གྱི་འདུག གྲོས་ཚོགས་ཀྱིས་ད་དུང་། "འདེམས་ཤོག་ལྡུག་དབང་ཡོད་པའི ༩༧.༢% ཚང་མ་སྤྱི་འདེམས་ལ་ཞུགས་ཟིན་པས། འདི་ཕལ་ཆེར་གྲོང་ཁྱེར་འདིའི་འདེམས་ཤོག་ཐོ་བཀོད་ཚད་མཐོ་ཤོས་དེ་ཡིན"ཟེར།
སྦྲག་སྲིད་འོས་འདེམས།
སི་ཀོ་ལན་ཌི་ཡི་ས་གནས་གྲོས་ཚོགས ༣༢ ཡི་བཀོད་སྒྲིག་ཕལ་ཆེར་མཚུངས་ནའང་། ལུང་པ་སོ་སོའི་མི་གྲངས་དང་ས་ཁམས་སོགས་མི་འདྲ་བས་འདེམས་ཤོག་ལྡུག་སྟངས་ཀྱང་འདྲ་ཡི་མེད་པ་རེད། ཨོར་ཁི་ནེ་གླིང་ཚོམ(Orkney Islands)གྱི་ས་གནས་གྲོས་ཚོགས་ཀྱིས་གླིང་ཚོམ་མང་པོ་ཞིག་ཏུ་འདེམས་ཤོག་ས་ཚུགས་བཙུགས་མེད་པར། དེའི་ཚབ་ཏུ་སྦྲག་སྲིད་བརྒྱུད་ནས་འདེམས་ཤོག་ལྡུག་ཆོག་པ་བྱས་འདུག་ཅིང་། དེ་ལྟར་མིན་ཚེ་གླིང་གཙོ་བོར་མི་འགྲོ་ཀ་མེད་ཆགས་འདུག
སི་ཀོ་ལན་ཌི་ཡི་ཡུལ་ལུང་སོ་སོར་ཁྱོན་མི ༧༨༩༠༢༤ ཡིས་སྦྲག་སྲིད་བརྒྱུད་ནས་འདེམས་ཤོག་ལྡུག་རྒྱུའི་རེ་ཞུ་བྱས་འདུག་ལ། འདི་སི་ཀོ་ལན་ཌིའི་ལོ་རྒྱུས་སྟེང་སྦྲག་ཐོག་འདེམས་ཤོག་བླུགས་པ་མང་ཤོས་དེ་ཡིན་སྲིད། འདེམས་ཤོག་མཇུག་སྒྲིལ་རྗེས་སྦྲག་ཐོག་འདེམས་ཤོག་དེ་ཚོ་ཐོག་མར་རྩིས་གྲངས་ལེན་རྒྱུ་རེད།
ཁ་བྱང་ཕྱི་མོ། སི་ཀོ་ལན་ཌི་ཡི་སྤྱི་འདེམས་ལ་ཞུཊ་མཁན་མང་བས་འོས་ཤོག་ས་ཚུཊ་ཁ་སྣོན་བྲེལ་འཚུབ་ཆེ།
(རྩོམ་འགན་པ། རྟ་མགྲིན)