|
ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཞིབ་ཕྲའི་ལམ་རྒྱུད་ཕྱིར་གྱར་ཚུལ། |
སྤེལ་དུས། 2015-09-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། སྒྲོལ་མ། |
ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ ༧༠ འཁོར་བའི་གྲོས་ཚོགས་ལ་ཞུགས་པའི་ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར། ཟླ ༩ པའི་ཚེས ༢༢ ཉིན། ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིའི་གྲོང་ཁྱེར་སེ་ཐོ(Seattle)རུ་འབྱོར་རྒྱུ་རེད། དེ་དུས། མངའ་སྡེ་ཝ་ཤིང་ཐོན་གི་དབུ་འཛིན་སྔོན་མ་ཁི་ལེ་སི་ཀེ་རེ་ཀོའར( Christine Gregoire ) དང་ལོ་ཅ་ཧོས( Gary Locke ) རྣམ་གཉིས་ལ་སོགས་པའི་སྐུ་ཚབ་ཚོགས་པས་སྔོན་བསུ་བྱ་རྒྱུ་རེད། དབུ་འཛིན་ལོ་ཅ་ཧོས་ཡིས་དེ་སྔོན་ལ་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བའི་འགན་བཞེས་མྱོང་། ཚེས ༢༢ ཉིན་གྱི་དགོང་མོར། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་(National Committee on United States-China Relations)དང་ ཀྲུང་གོ་དང་ཨ་རིའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་(U.S。-China Business Council)ཀྱིས་སྤེལ་བའི་ཚོགས་ཐོག་ཏུ། ཚོང་ལས་སྡེའི་དབུ་ཁྲིད་མི་སྣ་ཁག་དང་མཇལ་འཛོམས་གནང་རྒྱུ་དང་། དེའི་ཁྲོད་ཨ་རིའི་རྒྱལ་དོན་བློན་ཆེན་ཧན་རེ་ཁེ་སིན་ཀེར( Henry Kissinger)དང་། གཞན་སྐུ་མགྲོན་ཁག་ལ་སྲིད་ཇུས་སྐོར་གྱི་གལ་ཆེའི་གསུང་བཤད་ཡང་གནང་རྒྱུ་རེད། ཟླ ༩ པའི་ཚེས ༢༣ ཉིན། ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཨ་རིའི་ཁེ་ལས་ཚན་པ་ཁག་གི་གཙོ་འཛིན་རྣམས་ལྷན་གྱིས་ཀྲི་ཅ་ཁོ་སློབ་ཆེན་ཕའོ་སུང་ཐེབས་རྩ་ཚོགས་པའི་(Paulson Institute)ཀྲུའུ་ཞི་དང་ནོར་སྲིད་པུའི་པུའུ་ཀྲང་ཧན་རེ་ ཕའོ་སུང(Henry M.Paulson Jr。)གིས་སྤེལ་བའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད། ཞིས་ཅིན་ཕིང་ད་དུང་མངའ་སྡེ་ཝ་ཤིང་ཐོན་དུ་གནས་པའི་ཨེ་ཝུ་རཱེ་ཐི་རུ(Everett)ཡོད་པའི་བཟོ་གྲྭ་པའོ་ཡིན(Boeing)ལ་གཟིགས་ཞིབ་ཏུ་ཕེབས་རྒྱུ་དང་། དེ་ནི་པའོ་ཡིན་ཀུང་སིའི་ཚོང་ལས་གནམ་གྲུའི་བཟོ་གྲྭ་ཆེ་ཤོས་ཡིན་ལ། ཀྲུང་གོ་ནི་པའོ་ཡིན་ཀུང་སིའི་ཚོང་ཤག་མང་ཤོས་དེ་རེད། ཞིས་ཅིན་ཕིང་ད་དུང་ཐ་ཁེ་མ་གྲོང་ཁྱེར་དུ་ཕེབས་ཏེ་ལུན་ཁུན་སློབ་འབྲིང་དུ(Lincoln High School)བསྐྱར་གཟིགས་གནང་བར་ཕེབས་རྒྱུ་རེད། ༡༩༩༣ ལོར། ཁོང་གིས་ཧྥུའུ་ཀྲའུ་གྲོང་ཁྱེར་གྱི་ས་གནས་དཔོན་པོའི་འགན་བཞེས་སྐབས། སློབ་གྲྭ་དེར་ལྟ་སྐོར་དུ་ཕེབས་མྱོང་། (ཧུའུ་ཅིན་ཐའོ་ཡིས་དེ་སྔར་ཡེ་ལུའུ་སློབ་ཆེན་དུ་གཏམ་བཤད་སྤེལ་མྱོང་བ་དང་། ཅང་ཙེ་མིན་གྱིས་དེ་སྔར་ཧྭ་ཧྥུ་སློབ་ཆེན་དུ་གཏམ་བཤད་སྤེལ་མྱོང་། ཏེང་ཞའོ་ཕིན་གིས་ཐན་ཕུའུ་སློབ་ཆེན་ [Temple University] གྱི་གཟི་བརྗིད་སློབ་གནས་བླངས་བ་རེད།) ཉིན་དེར་ཞིས་ཅིན་ཕིང་གིས་ཀྲུང་གོའི་དྲ་འབྲེལ་སྲིད་ཇུས་དཔོན་ལུའུ་ཝེ་ཁྲིད་དེ། ཨ་རིའི(Microsoft)དང་ཀྲུང་གོའི་དྲ་འབྲེལ་ལྷན་ཚོགས་གྱིས་སྤེལ་བའི་ཀྲུང་གོ་དང་ཨ་རིའི་དྲ་འབྲེལ་ལས་རིགས་གླེང་སྟེགས་( U.S。-China Internet Industry Forum )སུ་ཞུགས་རྒྱུ་དང་། གླེང་སྟེགས་དེར་ཞུགས་མཁན་གྱི་སྐུ་མགྲོན་དུ་དྲ་འབྲེལ་ལས་ཁུངས་སོ་སོའི་གཙོ་འཛིན་མི་སྣའང་ཡོད། ཟླ ༩ པའི་ཚེས ༢༤ ཉིན། ཀྲུའུ་ཞི་ཞིས་ཅིན་ཕིང་ཝ་ཤིང་ཐོན་དུ་ཕེབས་ནས། ཕོ་བྲང་དཀར་པོར་སྲིད་འཛིན་ཨོ་བྷ་མ་དང་རྒྱལ་དོན་བློན་ཆེན་ཅོན་ཁེ་རེ(John Kerry)། ཨོ་བྷ་མ་འི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་བློ་འདྲི་ས་སུའུ་སན་རེ་སི(Susan E。 Rice)དང་མཉམ་དུ་ལས་དོན་གསོལ་ཚིགས་བཞེས་རྒྱུ་རེད། ཟླ ༩ པའི་ཚེས ༢༦ ཉིན། ཞིས་ཅིན་ཕིང་ནིའུ་ཡོག་གྲོང་ཁྱེར་ལ་ཕེབས་ནས་དེ་གར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤེལ་བའི་བྱེད་སྒོར་ཞུགས་རྒྱུ་རེད། ཟླ ༩ པའི་ཚེས ༢༧ ཉིན། ༡༩༩༥ ལོའི་ཟླ ༩ པར། པེ་ཅིང་དུ་སྐབས་བཞི་པའི་འཛམ་གླིང་བུད་མེད་གྲོས་ཚོགས(Fourth World Conference on Women)འཚོགས་ནས་ལོ་ངོ ༢༠ སོང་རྗེས། ད་ཐེངས་ཡང་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་དུ་འཛམ་གླིང་བུད་མེད་གྲོས་ཚོགས། དང་ལེན་ནས་ལག་བསྟར་བྱེད་པ་ཞེས་པ་ཚོགས་རྒྱུ་རེད། ཀྲུའུ་ཞི་ཞིས་ཅིན་ཕིང་ཁོང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་འགན་བཞེས་གནང་རྒྱུ་རེད། ཟླ ༩ པའི་ཚེས ༢༨ ཉིན། ཀྲུའུ་ཞི་ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ ༧༠ འཁོར་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་རྒྱུ་རེད། དེ་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཐོག་གསུང་བཤད་གནང་ཐེངས་དང་པོ་རེད། གསུང་བཤད་དུ་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་པའི་ཁོངས་མིའི་གྲས་ཡིན་པ། འཛམ་གླིང་འཁྲུག་ཆེན་རྗེས་ཀྱི་འཛམ་གླིང་གི་སྒྲིག་ལམ་མཉམ་དུ་འཛུགས་སྐྱོང་བྱེད་མཁན་ཡིན་པ། བདེ་འཇགས་ལས་འཛིན་ཚོགས་པའི་རྒྱུན་ལས་ལས་འཛིན་པའི་རྒྱལ་ཁབ་ཀྱིི་གོ་གནས་ཡོད་པ་སོགས་གསུང་རྒྱུ་རེད། ཁ་བྱང་ཕྱི་མོ། ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཞིབ་ཕྲའི་ལམ་རྒྱུད་ཕྱིར་གྱར་ཚུལ། (རྩོམ་འགན་པ། བསྟན་འཛིན) |
|
|||||||||||
| |||||||||||