སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྲིན་ཆོན་གོས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་།
སྤེལ་དུས། 2015-12-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  གཡང་སྒྲོལ།

  ཁྲིན་ཆོན་གོས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་བ་མ་ཟད། གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་དོ་དམ་ཨུ་ལྷན་ཀྱི་མཚན་འཛིན་དཔང་ཡིག་ཀྱང་གནང་། སྲི་ཐར་མཇལ་འཕྲད་ལ་ཞུགས་ཤིང་། བློ་བཟང་རྒྱལ་མཚན་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བཀྲ་ཤིས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་ལ་བསྐོས་པའི་ཆོད་ཡིག་ཡོངས་བསྒྲགས་གནང་། 
  འདི་ནི་ཕྱི་ཟླ ༡༢ པའི་ཚེས ༧ ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་ཡིས་གཙང་བཀྲ་ཤིས་ལྷུན་དགོན་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་བཀྲ་ཤིས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་གྱི་དཔང་ཡིག་གནང་པའི་ཚུལ་ཡིན། 
  ཉིན་དེར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་དང་། བོད་རང་སྐྱོང་ལྗོངས་དང་། བོད་ལྗོངས་དམག་ཁུལ་གྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན། མགོན་པོ་བཀྲ་ཤིས། ཝང་རུའེ་ལིན། བསྟན་འཛིན་རྣམ་རྒྱལ། སྐལ་བཟང་ཚེ་རིང་། ཧེ་ཝན་ཧའོ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འཇིགས་མེད། ཕུན་ཚོགས་ལྷག་པ། ཀྲང་ཅིན་ཀང་བཅས་ལྷན་རྒྱས་ནས་པཎ་ཆེན་མཆོག་དང་མཇལ་འཕྲད་གནང་། 

  ཁྲིན་ཆོན་གོ་ཡིས་མཇལ་འཕྲད་གནང་དུས་སུ། བོད་རང་སྐྱོང་ཏང་ཨུ་དང་སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་གནང་སྟེ། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཕྱིར་བོད་ལྗོངས་སུ་ཆིབས་བསྒྱུར་གྱིས་རྟོག་ཞིབ་དང་། ཆོས་ཀྱི་བྱེད་སྒོ་སྤེལ་བར་ལྷག་སེམས་ཟོལ་མེད་ཀྱི་དགའ་བསུ་ཞུ་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གསེར་ཁྲིར་མངའ་གསོལ་ནས་ལོ་ཉི་ཤུ་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན། ད་ལོའི་ཕྱི་ཟླ ༦ པའི་ཚེས ༡༠ ཉིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་ཞལ་འཇལ་གནང་བ་ནི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གི་མཚར་ལོངས་དང་ཐོས་བསམ་སྒྲུབ་སྦྱོང་ལ་ཐུགས་ཁུར་ཟབ་བཞེས་དང་། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག དེ་མིན་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཁག་གི་མི་སྣར་ཐུགས་འཁུར་གཅེས་སྐྱོང་གནང་བ་ཞིག་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གསེར་ཁྲིར་མངའ་གསོལ་ནས་ལོ་ཉི་ཤུ་འགོར་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་ཟབ་མོ་དང་། ཀྲུང་དབྱང་དང་རྒྱལ་ཁབ། ལས་ཁུངས། དེ་མིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་ཏང་ཨུ་དང་སྲིད་གཞུང་གི་གཟིགས་སྐྱོང་ཚད་མེད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྐྱེས་ཆེན་དམ་པ་དང་དགེ་བའི་བཤེས་གཉེན་རྣམ་པས་ཐུགས་ཞིབ་མོས་སློབ་སྟོན་བཅས་ཀྱི་འོག རང་ཉིད་ཀྱི་ཧུར་བརྩོན་འབད་འབུངས་བཅས་ལ་བརྟེན་ནས་ནང་བསྟན་ཆོས་ལ་མཁྱེན་རྒྱ་ཡངས་ཤིང་། ཆབ་སྲིད་ཀྱི་བློ་རྩ་བརྟན་པ། རིག་གནས་ཡོན་ཏན་ལ་བྱང་ཆུད་པ་བཅས་ཀྱི་མཚན་སྙན་ཕྱོགས་བཅུར་རྒྱས་བཞིན་ཡོད་པས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་མོའི་ཐུགས་གཤིས་དང་མཛད་པ་བསྐྱངས་ཚུལ་མངོན་པར་མཚོན་ཡོད་ཅེས་གསུངས། 

  གཞན་ཁྲིན་ཆོན་གོ་ཡིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོང་གནང་བྱུང་། ཁོང་གིས་འདི་སྐད། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ༥༠འཁོར་བའི་ལོ་ཡིན། བློ་མཐུན་ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཚད་མེད་འོག ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་བཞུགས་མོལ་ཐེངས་དྲུག་པ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ༥༠འཁོར་བར་དགའ་སྟོན་རྟེན་འབྲེལ་གཟབ་རྒྱས་ཤིག་སྤེལ་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དེ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་འཐུས་མི་ཚོགས་ཆེན་དང་། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན། དེ་མིན་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་མཐའ་འཁྱོལ་བྱེད་པ་སྤྱི་དང་། ཡང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལགས་ཀྱི་མུ་འབྲེལ་གསུང་བཤད་གལ་ཆེན་སྟེ་"རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་ན་ངེས་པར་དུ་བོད་ལྗོངས་བརྟན་བརླིང་ཡོང་དགོས"ཞེས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། "མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་མཛེས་པའི་བོད་ལྗོངས་བསྐྲུན"ཞེས་པའི་ཕྱག་བྲིས་ཀྱི་དགོངས་དོན་བཅས་ལག་ལེན་དོན་འཁྱོལ་བྱས་ཏེ། "ཕྱོགས་ཡོངས་བཞི་"ཡི་འཐབ་ཇུས་ཀྱི་བཀོད་པ་དང་། ཏང་གི་བོད་སྐྱོང་ཐབས་ཇུས་བཅས་ཀྱི་རྒྱུན་ལེགས་པར་བསྐྱངས་ནས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ལ་ཇུས་འདོན་པ་དང་། ནུས་ཤུགས་ཡོད་རྒུས་གཏན་འཇགས་བརྟན་སྲུང་།  ཐབས་བརྒྱ་ཇུས་སྟོང་གིས་དམངས་ཕན་དོན་འཁྱོལ། བློ་རྩ་བརྟན་པོས་ཏང་འཛུགས་དམ་འཛིན་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། འཆམ་མཐུན་གཏན་འཇགས། དམངས་འཚོ་ལེགས་བསྒྱུར། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞེ་མཐུན། སྐྱེ་ཁམས་ལེགས་སྐྱོང་། ཏང་འཛུགས་ཤུགས་སྣོན། མཐའ་མཚམས་བརྟན་སྲུང་བཅས་ཀྱི་གནས་སྟངས་ལེགས་པོ་ཆགས་ཡོད་ཟེར། 

  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ནས། ཐེངས་འདིར་བོད་ལྗོངས་ལ་ཕེབས་ནས་ཆོས་ཀྱི་བྱེད་སྒོ་དང་། གསེར་ཁྲིར་མངའ་གསོལ་ནས་ལོ༢༠འཁོར་བའི་དགའ་སྟོན་ཞུ་བའི་ཚགས་དམ་བཀོད་སྒྲིག་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དབུ་ཁྲིད་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་མཚོན་ལ། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་གཅེས་སྐྱོང་ཡང་མཚོན་ཡོད་པས། རང་ཉིད་ལ་དགའ་སྤྲོ་ཆེན་པོ་དང་བཅས་ཡིད་འགུལ་ཚད་མེད་ཐེབས་བྱུང་། བདག་ནས་མཐོང་ཐོས་ཅི་རིགས་ནས་ལོ་དུ་མའི་རིང་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཀུན་གྱིས་ཡིད་སྨོན་འཆོར་བའི་གྲུབ་འབྲས་མངོན་གསལ་བླངས་བ་ངང་གིས་ཚོར་བྱུང་བས་སེམས་གཏིང་ནས་དགའ་བ་ཆེན་པོ་སྐྱེས་ཡོད། ཉེ་བའི་ལོ་ཚུན་ལ། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་སྲིད་ཇུས་དོན་འཁྱོན་ནན་ཏན་བྱས་ཤིང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་ཐུགས་ཁུར་ཟབ་བཞེས་གནང་ནས་དགོན་པ་དང་གྲྭ་བཙུན་ཡོངས་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱས་པས། བོད་བརྒྱུད་ནང་བསྟན་དེ་ལོ་རྒྱུས་ཐོག་འཕེལ་རྒྱལ་དུས་སྐབས་སུ་ཆེས་བཟང་ཤོས་སུ་ཆགས་པ་དང་། ཆོས་ལུགས་པ་དང་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་དད་མོས་རང་དབང་གང་དགར་ལོངས་སུ་སྤྱད་ཐུབ་ཡོད། ཕྱི་ཟླ ༦ པའི་ཚེས ༡༠ ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་ནས་བདག་ལ་ཞལ་འཇལ་གནང་བ་ནི་ང་ལ་མཚོན་ན་སྐུ་གཟུགས་གཉོམ་ལག་རྒྱས་པ་དང་སྦྱངས་བྱའི་ཡོན་ཏན་གྱི་བྱང་ཚད་ལ་བཏོན་པའི་བླང་བྱ་གསལ་བོ་ཞིག་ཡིན་པས། ངས་གཏན་དུ་ཐུགས་ལ་དམ་པོར་འཛིན་ངེས། དེ་ནི་བདག་གི་གཟི་བརྗིད་ཅིག་ཡིན་པ་མ་ཟད། གཙང་བཀྲ་ཤིས་ལྷུན་དགོན་དང་ཐ་ན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཟི་བརྗིད་བླ་མེད་ཅིག་ཀྱང་རེད། ངེད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་སློབ་སྟོན་དེ་ཚེ་འདིའི་ལེགས་བཤད་དུ་བསམ་ཤིང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མིག་དཔེ་རུ་བཟུང་སྟེ།  མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པོ་ཡོང་བར་ནུས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་རྒྱལ་ཡོངས་མི་དམངས་ཀྱིས་རེ་སྒུག་དང་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་གསུངས།

  མཇལ་མོལ་མཇུག་རྫོགས་སྐབས། ཁྲེང་ཆུན་ཀོ་ཡིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་གཙང་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་གྱི་དཔང་རྟགས་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་དོ་དམ་ཨུ་ལྷན་མཚན་འཛིན་ཀྲུའུ་རེན་གྱི་འགན་བཞེས་ཆོད་ཡིག་ཡོངས་བསྒྲགས་བྱས། 

  ཁ་བྱང་ཕྱི་མོ། ཁྲིན་ཆོན་གོ་ཡིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070