ཚེས་གསུམ་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས། ཞིང་ཆེན་ཡོངས་ཀྱི་འགོག་སྨན་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བར་རྟོག་ཞིབ་བྱས།
རྟོག་ཞིབ་བྱེད་སྐབས། ཁོང་ཡུང་སྔ་གཞུག་ཏུ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགོག་སྨན་འཁྱག་མཛོད་དང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་ཡི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་ཧྲིན་ཅ་ཀྲེ་སྡོད་དམངས་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་སོང་ནས། བྱ་བའི་ཡར་ཞུར་ཉན་པ་མ་ཟད། མཚོ་སྔོན་གྱི་འགོག་སྨན་གསོག་འཇོག་དང་འཁྱག་མཛོད་དོ་དམ་གནས་ཚུལ་དང་འགོག་སྨན་བཀོལ་སྤྱོད་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།
ཁོང་ཡུང་གིས་མཚོ་སྔོན་གྱི་འགོག་སྨན་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། འགོག་སྨན་བདེ་འཇགས་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འབྲེལ་བ་ཆེན་པོ་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་ཁྲིམས་དང་འགལ་ནས་ཚོང་གཉེར་བའི་འགོག་སྨན་གྱོད་གཞིའི་བསླབ་བྱ་དང་དུ་བླངས་ནས། བསམ་བློའི་སྟེང་ནས་སྔར་ལས་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་པ་དང་། ནན་ཏན་སྒོས་འགན་འཁྲི་ལག་བསྟར་བྱེད་པ། ལྟ་སྐུལ་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། འགོག་སྨན་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་དགོས་ཟེར།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། འགོག་སྨན་འཁྱག་ཉར་བྱེད་པ་དང་སྐྱེལ་འདྲེན་དོ་དམ་ནུས་པ་འཛུགས་སྐྲུན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། འགོག་སྨན་འཁྱག་ཉར་བྱེད་པའི་དོ་དམ་དང་བཀོལ་སྤྱོད་རྣམ་པའི་བདེ་འཇགས་བྱ་བར་ཁག་ཐེག་བྱེད་དགོས། གཞི་རིམ་གྱི་འགོག་ཁབ་རྒྱག་པའི་ལས་ཁུངས་ཀྱི་རྨང་གཞིའི་ནུས་པ་ཇེ་ཆེ་དང་ཞབས་ཞུའི་ཁོར་ཡུག་ཇེ་བཟང་དུ་གཏོང་དགོས་པ་དང་། ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ། གཞི་རིམ་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་ནས། མང་ཚོགས་ལ་བདེ་ཐང་ཞབས་ཞུ་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་དགོས། གནད་ས་འབུར་དུ་ཐོན་པར་བྱས་ནས། ཤུགས་ཆེན་པོས་འགོག་སྨན་རིགས་གཉིས་པ་བཙོང་བའི་ཐབས་ལམ་དང་འཁྱག་ཉར་བྱེད་པ། སྐྱེལ་འདྲེན་སོགས་འཁོར་རྒྱུག་རྣམ་པར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། འགོག་སྨན་བྱ་བར་དོ་སྣང་བྱེད་པའི་ལམ་ལུགས་འཛུགས་པ། ཆད་པ་གཅོད་པ་དང་འདྲི་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ནས། འགོག་སྨན་བཀོལ་བའི་དོ་དམ་དང་ཚད་ལྡན་གྱི་བདེ་འཇགས་བྱ་བར་ཁག་ཐེག་བྱེད་དགོས་ཟེར། |