སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་སྐོར་ཞིབ་ཚོགས་པས་སླར་ཡང་པེ་ཅིང་དང་གྲུང་ཆིང་སོགས་ལ“ཕྱིར་བལྟས་བསློག”རྒྱུ་རེད།
སྤེལ་དུས། 2016-11-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  མང་མཁར་བློ་ཕུན་གྱིས་བསྒྱུར།

          ཟླ་11ཚེས་3ཉིན་པེ་ཅིང་ནས་སྤེལ་བའི་འཕྲིན། རེས་སྐོར་སྔོན་མའི་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་མཇུག་གྲུབ་ནས་དུས་ཡུན་ཅུང་ཙམ་ལས་མ་འགོར་བར་རེས་སྐོར་གསར་པའི་སྐོར་ཞིབ་ལས་དོན་སླར་ཡང་འགོ་ཚུགས་པ་ཡིན་འདུག དེའང་ཐེངས་འདིར་ཀྲུང་དབྱང་སྐོར་ཞིབ་ཚོགས་པས་བཅར་འདྲི་བྱ་ཡུལ་ནི“ཆེས་མཐོའི་ཚན་པ་གཉིས”དང་། ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་ཚན་པ་དང་ལས་ཁུངས་27ལ་དམིགས་གཏད་སྐོར་ཞིབ་གནང་སྟེ། དེ་དག་གི་ཏང་རྩ་འཛུགས་ལ་ཆེད་དམིགས་སྐོར་ཞིབ་གནང་རྒྱུ་དང་། དུས་མཚུངས་པེ་ཅིང་དང་། གྲུང་ཆིང་། ཀོང་ཤིས། ཀན་སུའུ་སོགས་ཞིང་ཆེན་4ལ“ཕྱིར་བལྟས་བསློག”རྒྱུ་ཡིན་པ་རེད། 
          ཀྲུང་དབྱང་སྐོར་ཞིབ་ཚོགས་པས་ཐེངས་འདིར“ཆེས་མཐོའི་ཚན་པ་གཉིས”དང་། ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་ལ་ཆེད་དམིགས་སྐོར་ཞིབ་གནང་རྒྱུ་ཡིན་འདུག དེའང་གཞུང་ཕྱོགས་དྲ་བའི་ཐོག་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། རེས་སྐོར་འདིའི་སྐོར་ཞིབ་ལས་དོན་ནང་དུ་ཁྱོན་དམིགས་གཏད་ཚན་པ་27གྱི་ཏང་རྩ་འཛུགས་ཚུད་ཡོད་ཅིང་། དེའི་ཁྲོད་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་དབྱང་ཏང་གི་སློབ་གྲྭ། ཀྲུང་དབྱང་ཡིག་ཚང་ཞིབ་འཇུག་ཁང་། ཀྲུང་དབྱང་ཡིག་སྒྱུར་ཅུས། ཀྲུང་གོའི་ཕྱི་ཡིག་ཅུས། འོད་ཟེར་ཚགས་པར་ཁང་། ཀྲུང་གོའི་ཉིན་རེའིཚགས་པར། དཔལ་འབྱོར་ཉིན་ཚགས་ཁང་། ཀྲུང་གོའི་ཕུའུ་ཏུང་ལས་བྱེད་སློབ་གླིང་། ཀྲུང་གོའི་ཅིང་ཀང་ཧྲན་ལས་བྱེད་སློབ་གླིང་། ཀྲུང་གོའི་ཡན་ཨན་ལས་བྱེད་སློབ་གླིང་། ཀྲུང་གོའི་བཟོ་སྐྲུན་གླིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཉམས་ཞིབ་ལྟེ་གནས། རྒྱལ་ཁབ་སྲིད་འཛིན་སློབ་གླིང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ཨུ་ལྷན། ཀྲུང་གོའི་བཟོ་སྐྲུན་དངོས་ལུགས་ཉམས་ཞིབ་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ནང་ལོག་ཀྲུང་གོ་བའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཁྲིམས་ལུགས་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་མི་སྣའི་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝེན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པ། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ཚོགས་པ་སོགས་མིང་ཐོར་ཚུད་ཡོད། 
          གོང་ངོས་ཀྱི་མིང་ཐོ་ལས་ཤེས་གསལ་ལྟར། རེས་སྐོར་འདིའི་སྐོར་ཞིབ་ལས་ཁུངས་ཁྲོད་དུ“ཆེས་མཐོའི་ཚན་པ་གཉིས”སོགས་ཁྲིམས་འཛིན་ཚན་པ་དང་། གཞན་ཡང་ཁྱབ་ཁོངས་མི་འདྲ་བའི་བྱ་གཞག་སྡེ་ཁག་ཀྱང་ཚུད་ཡོད་པ་རེད། 
          ཐེངས་འདིའི་སྐོར་ཞིབ་ལས་དོན་དང་འབྲེལ་བའི་ཚོགས་འདུ་སྟེ། ཚེས་2ཉིན་ཚོགས་པའི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་ནན་བཤད་གནང་བར། ཆབ་སྲིད་སྐོར་ཞིབ་ཀྱི་གལ་ཆེའི་འགན་འཁྲི་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་སྲོག་ཤིང་དབུ་ཁྲིད་ཀྱི་གོ་གནས་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞིང་། ངེས་པར་དུ“འདུ་ཤེས་བཞི”ལ་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དང་། ཆབ་སྲིད་ཀྱི་ལང་ཕྱོགས་མཐོར་འདེགས། ཆབ་སྲིད་ཀྱི་འགལ་འཛོལ་འཚོལ་ཞིབ། ཏང་གི་དབུ་ཁྲིད་དང་། ཏང་གི་འཛུགས་སྐྲུན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་། ཏང་གི་སྒྲིག་ཁྲིམས་གཙང་སྐྱོང་དང་རུལ་རྒོལ་འཐབ་རྩོད་བཅས་ལ་གཞོགས་སྐྱོང་བྱེད་དགོས་གསུངས།
ཚོགས་འདུར་ནན་བཤད་གནང་བར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་ཐོག་མར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནས་འགོ་འཛུགས་དགོས་ཤིང་། སྐོར་ཞིབ་དམིགས་གཏད་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གནས་སྟངས་དང་། ཆབ་སྲིད་སྒྲིག་ལམ། ཆབ་སྲིད་ལམ་སྲོལ་སོགས་ཀྱི་ལག་ལེན་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་གསུངས། 
          པེ་ཅིང་དང་གྲུང་ཆིང་སོགས་ས་ཁུལ་བཞིར“ཕྱིར་བལྟས་བསློག”ཡོད་པ་སྟེ། འདི་ལོའི་ཟླ་2པར། ཚོགས་ཆེན་བཅོ་བརྒྱད་རྗེས་ཀྱི་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་གྱི“ཕྱིར་བལྟས”ཐོག་མ་དེ་བསློག་ཅིང་། ལེའོ་ཉིང་། ཨན་ཧུད། ཧྲན་ཏུང་། ཧུའུ་ནན། ཐེན་ཅིན། ཧུའུ་པའེ། ཧེ་ནན། ཅང་ཤིས་སོགས་ཞིང་ཆེན་8སྔ་ཕྱིར་མིང་གྲལ་དུ་ཚུད། “མཚོན་ཁ་ཕྱིར་གཏད”ཀྱི་སྣང་ཚུལ་འདི་ལ་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁག་གི་དོ་སྣང་ཆེན་པོ་བྱུང་ཡོད།   
          རེས་སྐོར་འདིའི་དམིགས་གཏད་སྐོར་ཞིབ་ས་ཁུལ་གྲས་སུ་ཀྲུང་དབྱང་སྐོར་ཞིབ་ཚོགས་པས་སླར་ཡང་པེ་ཅིང་དང་། གྲུང་ཆིང་། ཀོང་ཤིས། ཀན་སུའུ་སོགས་ས་ཆ་4བདམས་ཏེ“ཕྱིར་བལྟས་བསློག”པ་རེད་འདུག
          ཞིང་ཆེན་བཞི་པོ་འདིའི་ནང་ནས་གྲུང་ཆིང་ལ་2013་ལོའི་ཟླ་5པ་ནས་ཟླ་7པའི་བར་དུ་ཚོགས་ཆེན་བཅོ་བརྒྱད་རྗེས་ཀྱི་ཀྲུང་དབྱང་གི་སྐོར་ཞིབ་ཆེས་ཐོག་མ་དེ་བྱས་ཤིང་། པེ་ཅིང་དང་ཀན་སུའུ་གཉིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་ཁྲོད་དུ་ཚུད་ཅིང་། སྐོར་ཞིབ་དུས་ཚོད་ནི་སྤྱི་ལོ་2014ལོའི་ཟླ་3པ་ནས་ཟླ་5པའི་བར་དུ་ཡིན། ཀོང་ཤིས་ཀྱིས་སྤྱི་ལོ་2014ལོའི་ཟླ་7པ་ནས་ཟླ་9པའི་བར་དུ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་ལ་དང་ལེན་བྱས། 
          ཚེས་2ཉིན་གྱི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་མཛུབ་སྟོན་གནང་བར། “ཕྱིར་བལྟས་བསློག་པ”ནི་བསྐྱར་དུ་སྐོར་ཞིབ་བྱེད་པ་ཡིན་པས། འདིས་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་བློ་རྩ་དང་། ཏང་ནང་གི་ལྟ་སྐུལ་གྱི་སེམས་ཤུགས་བརྟན་པོ་མཚོན་པ་ཡིན། འདི་ལོ་དང་སང་ལོ་བཅས་ལོ་གཉིས་བར་དུ་ཀྲུང་དབྱང་དང་། ཞིང་ལྗོངས། གྲོང་ཁྱེར་བཅས་སུ་སྐབས་བརྗེའི་ལས་དོན་སྤེལ་འཆར་ཡོད་པས། འདི་ཉིད་ཏང་དང་རྒྱལ་ཁབ་ཀྱི་མ་འོངས་པའི་བྱ་གཞག་དང་འབྲེལ་བ་དམ་ཟབ་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་དོན་དེ་ཉིད་མི་སྣ་འདེམས་ཐོན་ལེགས་པོ་དང་། བེད་སྤྱོད་ལེགས་པོ་བྱེད་པའི་ཐོག་ནས་མངོན་མཚོན་བྱེད་དགོས་ཤིང་། “ཤིང་སྡོང”དང“ནགས་ཚལ”གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་། སྤྱོད་གཙང་གི་འགག་སྒོ་དམ་འཛིན་བྱེད་དགོས། སྐབས་བརྗེའི་སྒྲིག་ལམ་ནི་ཆབ་སྲིད་ཀྱི་སྒྲིག་ལམ་ཡིན་པས། ལྟ་སྐུལ་ཞིབ་བཤེར་ལ་དོ་སྣང་བྱེད་པ་དང་། ལེགས་གྲས་ནས་རྩེ་གྲ་འདེམས་པ་དང་། སྤྱོད་གཙང་དྲང་བདེན་བཅས་ལ་ལྟ་སྐུལ་བྱས་ཏེ། སྤུས་དག་པའི་ཆབ་སྲིད་ཁོར་ཡུག་འཛུགས་སྐྱོང་བྱེད་དགོས། 
          ཚོགས་ཆེན་བཅོ་བརྒྱད་རྗེས་སུ་ཀྲུང་དབྱང་གིས་སྐོར་ཞིབ་གནང་བའི་ཚན་པ་ཁྱོན་240ཟིན་ཡོད་པ་དང་། ཀུན་གྱིས“རུལ་རྒོལ་རལ་གྲི་རྣོ་ངར་ཅན”དུ་འབོད་པའི་ཀྲུང་དབྱང་གི་རེས་སྐོར་སྐོར་ཞིབ་སྐྱོད་ཐེངས་11ཏུ་སླེབས་ཡོད། 
          ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རུལ་རྒོལ་སྐོར་ཞིབ་བྱས་པའི་དབང་ཤུགས་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་གཤིས། འདི་ལོའི་ཟླ་1ཚེས་5ཉིན་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པའི《རུལ་རྒོལ་སྤྱོད་གཙང་སྐོར་གྱི་རྒྱབ་ཤ་སྔོན་པོའི་ཡིག་ཆ》ལས་གསལ་སྟོན་བྱས་པར། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་གྱོད་དོན་ཐོ་འགོད་དང་ཐག་གཅོད་བྱས་པའི་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་དོ་དམ་བྱེད་པའི་ལས་བྱེད་ཁྲོད། ཕྱེད་ལྷག་གི་གནད་དོན་ཁུངས་སྣེ་ནི་སྐོར་ཞིབ་ཚོགས་པ་ལས་བྱུང་བ་གསལ་པོར་བསྟན།
          འདི་ལོའི་ཚུན་དུ“ཕྱིར་བལྟས་བསློག”ཡུལ་གྱི་ས་ཆ་ཁག་ནས“སྟག་རྒན”མི་ཉུང་བ་ཁྲིམས་རྒྱར་ཚུད་པ་ལས། སྐོར་ཞིབ་ཚོགས་པའི“མཚོན་ཁ་ཕྱིར་གཏད་ཀྱི”རྔམ་ཟིལ་མངོན་གསལ་ཐོན་པ་གསལ་ཏོ། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716